ཐོག་མའི་བསམ་འདུན་བརྟན་པོས་མི་རིགས་མཐུན་སྒྲིལ་ལ་སྐུལ་འདེད་བཏང་བ།
“ང་ཚོ་ཁྱིམ་ཚང་གཅིག་གི་ཕུ་ནུ་བཞིན་བརྩེ་འདང་ཟབ།”འདི་ནི་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཧོ་ནན་སོག་རིགས་རང་སྐྱོང་རྫོང་ལམ་ལུང་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་ཁྲང་ཨའེ་ཡིས་དུས་རྒྱུན་བཤད་པའི་སྐད་ཆ་ཞིག་རེད།
2010ལོར། ཁྲང་ཨའེ་ཡིས་སྡེ་བའི“ཨུ་ཡོན་ལྷན་ཁང་གཉིས”ཀྱི་སྣེ་ཁྲིད་དེ་ལམ་ལུང་སྡེ་བའི་སྐྱེ་ཁམས་སྐྱེ་ལྡན་ཕྱུགས་ལས་ཆེད་ལས་མཉམ་ལས་ཁང་བཙུགས་པ་དང་།“ཏང་ཀྲི་པུའུ+རྟེན་གཞི+ཆེད་ལས་མཉམ་ལས་ཁང”བཅས་ཀྱི་འཕེལ་རྒྱས་རྣམ་པ་བརྒྱུད་དེ། མང་ཚོགས་ཀྱིས་འདུ་ཤེས་བསྒྱུར་བ་དང་ཐོན་ལས་དར་སྤེལ། འཕེལ་རྒྱས་སྐུལ་སྤེལ་བཅས་ལ་སྣེ་ཁྲིད་ཅིང་། ས་བབ་དང་བསྟུན་ནས་ཤོ་དོ་ནོར་གནག་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་བཏང་སྟེ། དམངས་ཕྱུག་སྡེ་སྟོབས་ཀྱི་ལམ་བུ་བཟང་པོ་ཞིག་ཏུ་བསྐྱོད། ད་ལོའི་རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་གཟེངས་བསྟོད་ཚོགས་ཆེན་སྟེང་། ཁྲང་ཨའེ་ལ“རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་མི་སྒེར”གྱི་མཚན་སྙན་ཐོབ།
དཔལ་འབྱོར་ལ་སྐུལ་སྤེལ་བྱས་ཏེ་གྲོང་གསེབ་འཕེལ་རྒྱས་ཀྱི་རྨང་གཞི་བརྟན་པོར་བཏིངས།
ཟླ10པའི་ཚེས12ཉིན་གྱི་ཞོགས་པར། ལམ་ལུང་སྡེ་བའི་སྐྱེ་ཁམས་སྐྱེ་ལྡན་ཕྱུགས་ལས་ཆེད་ལས་མཉམ་ལས་ཁང་དུ། ཁྲང་ཨའེ་སྔ་མོ་ནས་ཕྱུགས་རར་ཐོན་ནས་ཉིན་གཅིག་གི་བྱ་བ་འགོ་བརྩམས། ནོར་གནག་གིས་བག་ཕེབས་ངང་གཟན་རྩྭ་གསར་པ་ཟ་བཞིན་པ་མཐོང་བས། ཁོའི་གདོང་ལ་འཛུམ་རྒྱ་ལྷུག་པར་གྲོལ།
“ནོར་གནག་འདི་དག་གི་སྤུ་མདོག་མཛེས་ཤིང་ལུས་སྟོབས་ཆེ་བས། ལོ་མཇུག་ལ་ཐོན་དུས། འབྲོག་པ་རྣམས་ལ་ཁེ་སྤོགས་མང་པོ་བགོ་ཐུབ།”དཔལ་འབྱོར་འཕེལ་རྒྱས་ནི་མི་རིགས་ས་ཁུལ་སྟོབས་འབྱོར་ལྡན་པའི་ལམ་ཆེན་དུ་བསྐྱོད་པའི་རྨང་རྡོ་བརྟན་པོ་ཡིན་པ་ཁྲང་ཨའེ་ཡིས་ཤེས་ཡོད། དེའི་རྐྱེན་གྱིས། མི་རིགས་ས་ཁུལ་གྱི་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་བགྲོད་ལམ་ཡངས་པོའི་སྟེང་། ཁྲང་ཨའེ་ཡིས་ཐོག་མཐའ་བར་གསུམ་དུ་ཚད་མཐོན་པོའི་འགན་འཁྲིའི་བསམ་པ་བཅངས་ཏེ། ལྷོད་གཡེང་སྤུ་ཙམ་ཡང་བྱས་མ་མྱོང་།
ཧོ་ནན་རྫོང་ནི་ཕྱུགས་ལས་རྐྱང་རྐྱང་གཉེར་བའི་རྫོང་ཞིག་ཡིན་ལ། ཁྱིམ་ཚང་རེ་རེ་ཕྱུགས་ལས་གསོ་སྤེལ་ལ་བརྟེན་ནས་འཚོ་བ་རོལ་བཞིན་ཡོད། འོན་ཀྱང་། འབྲོག་དམངས་ཀྱིས་གསོ་སྤེལ་བྱས་པའི་ནོར་གནག་ལ་ཡོངས་ཁྱབ་ཏུ་གཟུགས་གཞི་ཆུང་བ་དང་ནད་འགོག་ནུས་པ་ཞན་པ། སྐྱེ་སྟོབས་དལ་བ་སོགས་ཀྱི་གནད་དོན་ལྡན་པས། རྒྱུན་པར་རིན་གོང་ཡག་པོ་ཞིག་ཡོང་གིན་མེད།
“ལོ་འགའི་སྔོན་དུ། ང་རང་ཟི་ལིང་གྲོང་ཁྱེར་ཏ་ཐུན་རྫོང་གི་ཁྱུ་གཡག་ར་བར་ལྟ་ཞིབ་སློབ་སྦྱོང་དུ་སོང་བ་ཡིན། ལས་སྒྲུབ་མི་སྣས་རྒྱུད་བཟང་གསོ་སྤེལ་གྱི་བརྒྱུད་རིམ་ཞིབ་མོར་ངོ་སྤྲོད་བྱས་ཤིང་། སྤུས་ལེགས་ཁྱུ་གཡག་འདེམ་པ་ནས་སྔོན་ཐོན་གྱི་ཚན་རིག་ལག་རྩལ་སྤྱད་དེ་རྒྱུད་སྤེལ་བའི་གོ་རིམ་རེ་རེར་གཟབ་ནན་དང་ཆེད་ལས་རང་བཞིན་ལྡན་པ་མ་ཟད། ཁོ་ཚོས་ད་དུང་ཏ་ཐུན་གྱི་ནོར་གནག་ལ་གཟན་རྩྭ་སྡེབ་སྒྲིག་དང་ནད་རིགས་སྔོན་འགོག་བྱེད་བཞིན་པ་མཐོང་བས། ང་ལ་བག་ཆགས་ཟབ་མོ་བཞག་བྱུང་།” སྐབས་དེ་ནས་བཟུང་། ཁྲང་ཨའེ་ཡིས་སྔོན་ཐོན་གྱི་ཉམས་མྱོང་དང་ལག་རྩལ་ཕ་ཡུལ་དུ་བཀོལ་སྤྱོད་བྱས་ཏེ། ཕ་ཡུལ་གྱི་ཕྱུགས་ལས་འཕེལ་རྒྱས་ལ་ཇི་ལྟར་ནུས་ཤུགས་འདོན་པའི་ཐད་ལ་བསམ་བློ་གཏོང་བཞིན་ཡོད།
ཁྲང་ཨའེ་ཡིས་སྡེ་བའི་ཤོ་དོ་ནོར་གནག་གི་གཟུགས་གཞི་ཆེ་ཞིང་རུས་པ་སྦོམ་པ་དང་། ལུས་སྟོབས་བཟང་བས་སྤུས་ལེགས་རྒྱུད་བཟང་ཡིན་པ་ཤེས།“རྒྱུད་སྲུང་རྒྱུད་སྤེལ་དང་སྤུས་ལེགས་རྒྱུད་བཟང་དུ་ལེགས་བཅོས་བྱ་རྒྱུ་ནི་ཤིན་ཏུ་གལ་འགངས་ཆེ།”ཁྲང་ཨའེ་ཕྱོགས་བཞིར་སོང་ནས་ཕྱུགས་ལས་ཆེད་མཁས་པར་བཀའ་འདྲི་སྒོས་སྔོན་ཐོན་ལག་རྩལ་སྦྱངས་པ་དང་། ཕྱིར་ཕ་ཡུལ་དུ་ལོག་རྗེས། འགོར་འགྱངས་ཅི་ཡང་མེད་པར་འབྲོག་དམངས་ལ་གསོ་སྦྱོང་སྤེལ་ཏེ། ཤོ་དོ་ནོར་གནག་རྒྱུད་སྲུང་རྒྱུད་སྤེལ་གྱི་གལ་ཆེན་རང་བཞིན་དང་བྱེ་བྲག་གི་ཐབས་ལམ་འགྲེལ་བཤད་བྱས།
མི་ལ་བརྩོན་འགྲུས་ལྡན་གྱུར་ན། མི་འགྲུབ་བྱ་བ་གང་ཡང་མེད་ཅེས་པའི་དཔེ་ལྟར། ཁྲང་ཨའེ་ཡི་འབད་བརྩོན་འོག ཤོ་དོ་ནོར་གནག་གི་རྒྱུད་སྲུང་རྒྱུད་སྤེལ་དང་སྤུས་ལེགས་རྒྱུད་བཟང་དུ་ལེགས་བཅོས་བྱེད་པའི་བྱ་བར་གྲུབ་འབྲས་མངོན་གསལ་བླངས། ཁོས་ད་དུང་སྲིད་གཞུང་གི་རྒྱུད་བཟང་ཁ་གསབ་ལས་གཞིའི་རོགས་སྐྱོར་བརྩོན་ལེན་བྱས་ཏེ། སྔ་རྗེས་སུ་ཤོ་དོ་ནོར་གནག་གསོ་སྤེལ་ར་བ་དང་རྒྱུད་སྲུང་ར་བ། ཤ་སྐམ་ལས་སྣོན་བཟོ་གྲྭ། འོ་བཟོས་ཐོན་རྫས་ལས་སྣོན་བཟོ་གྲྭ་སོགས་བཙུགས་པ་དང་། ལྷད་མེད་སྐྱེ་ལྡན་ཐོན་རྫས་ཟོང་རྟགས“ཤོ་དོ་ནོར་གནག”གི་མཚན་སྙན་གངས་ལྗོངས་མཐོ་སྒང་ཡུལ་དུ་ཁྱབ་པར་བྱས། འདིས་འབྲོག་དམངས་རྣམས་ལ་དཔལ་འབྱོར་གྱི་ཁེ་ཕན་བཟང་པོ་བསྐྲུན་པར་མ་ཟད། ས་གནས་ཀྱི་ཕྱུགས་ལས་འཕེལ་རྒྱས་ལའང་གསོན་ཤུགས་གསར་པ་བསྩལ།
མི་སེམས་གཅིག་ཏུ་བསྒྲིལ་ན་ཕན་ཚུན་རོགས་རེས་ཀྱི་སྟོབས་ཤུགས་ཆེན་པོ་ཆགས།
ཤོ་དོ་ནོར་གནག་གསོ་སྤེལ་ཐོན་ལས་འཕེལ་རྒྱས་ཆེན་པོ་བྱུང་བ་དང་བསྟུན་ནས། འབྲོག་དམངས་ཀྱི་འཚོ་བ་སྔར་བས་ཇེ་རྒྱས་ཇེ་ལེགས་སུ་སོང་བ་དང་། འདི་ནི་དངོས་པོ་ཁོ་ནའི་སྟེང་མངོན་པ་ཙམ་མིན་པར། བསམ་པའི་ངོས་ནས་ཀྱང་ཚང་མའི་གོང་བུར་འགྲིལ་ཤུགས་དང་བློ་ཁ་ཕྱོགས་ཤུགས་ལ་སྐུལ་སྤེལ་ཆེན་པོ་བྱས་ཡོད།
ཁྲང་ཨའེ་ཡི་སྣེ་ཁྲིད་འོག ལམ་ལུང་སྡེ་བའི་ཁྱིམ་ཚང་སུ་ཞིག་ཡིན་རུང་དཀའ་ཁག་དང་འཕྲད་ཚེ། ཚང་མས་ཐེ་ཚོམ་ཅི་ཡང་མེད་པར་རོགས་རམ་བྱེད་པ་རེད།
སྔོན་ཆད། སྡེ་མི་བློ་བཟང་ཚང་གི་ཕྱུགས་རར་དྲག་ཆར་གྱི་གནོད་འཚེ་ཚབས་ཆེན་ཐེབས་ནས་ནོར་གནག་རྣམས་གར་སྡོད་ཆ་མེད་ཀྱི་གནས་སུ་ལྷུང་བ་དང་། གནས་ཚུལ་འདི་ཤེས་མ་ཐག་ཁྱིམ་མཚེས་གཡས་གཡོན་ཚང་མས་རོགས་རམ་བྱས་ཤིང་། ལ་ལས་ཕྱུགས་ཁང་བསྐྱར་གསོ་དང་ལ་ལས་རང་འགུལ་གྱིས་གཟན་རྩྭ་ཁྱེར་ཡོང་བས། བློ་བཟང་ཁྱིམ་མི་གང་བོས་དཀའ་སྡུག་ཁྲོད་མི་རིགས་མཐུན་སྒྲིལ་གྱི་ཁྱིམ་ཚང་ཆེན་མོའི་བརྩེ་བ་དང་ཐུགས་ཁུར་ཟབ་མོ་དངོས་སུ་ཚོར།
སྡེ་མི་ཚེ་རིང་དོན་གྲུབ་ཀྱི་ཆུང་མར་ནད་ཕོག་ནས་སྨན་བཅོས་འགྲོ་གྲོན་མང་པོ་མྱུར་མཁོ་བྱུང་བ་དང་། ཁྲང་ཨའེ་ཡིས་གནས་ཚུལ་དེ་ཤེས་རྗེས། སྡེ་བའི་ལས་བྱེད་མི་སྣ་རྩ་འཛུགས་སྒོས་བརྩེ་སེམས་ཞལ་འདེབས་བྱ་འགུལ་སྤེལ་བར་མ་ཟད། རང་ཉིད་ཀྱིས་སྣེ་ཁྲིད་ནས་སྒོར་ཁྲི་གཅིག་བྱིན། ཁོའི་འབོད་སྐུལ་འོག སྡེ་མི་རྣམས་ཀྱིས་རོགས་རམ་གྱི་ཞལ་འདེབས་ཕུལ་ཏེ། སྔ་རྗེས་སུ་བསྡོམས་པས་སྒོར་ཁྲི15བསྡུས་ནས་ཚེ་རིང་དོན་གྲུབ་ཚང་གི་དཀའ་ཁག་དུས་ཐོག་ཏུ་སེལ།
ཆུ་ཐིགས་བསགས་པས་རྒྱ་མཚོ་བཞིན། རིགས་སོ་སོའི་མང་ཚོགས་རྣམས་སེ་འབྲུའི་ཚི་གུ་བཞིན་དམ་པོར་སྦྲེལ་ནས། ལམ་ལུང་སྡེ་བའི་མཐུན་སྒྲིལ་རོགས་རེས་ཀྱི་མཛེས་སྡུག་གི་ལེའུ་འབྲི་བཞིན་ཡོད།“ང་ཚོས་ཕན་ཚུན་ལ་རོགས་སྐྱོར་དང་ཕན་ཚུན་ལ་སྐུལ་ལྕག་བཏང་ནས། མཛེས་སྡུག་གི་འཚོ་བ་མཉམ་དུ་བསྐྲུན”ཞེས་ཁྲང་ཨའེ་ཡིས་དེ་ལྟར་བཤད།
དྲིལ་སྒྲོག་ལ་མཐོང་ཆེན་བྱས་ཏེ་སྤྱི་ཚོགས་ལ་ཞབས་འདེགས་བཟང་པོ་ཞུས།
“ཧོ་ནན་རྫོང་དུ། སོག་རིགས་དང་བོད་རིགས་མང་ཚོགས་མཉམ་གཅིག་ཏུ་ནཱ་ཏམ་སྤྲོ་ཚོགས་ལ་ཞུགས་པ་དང་། རྟ་རྒྱུག་དང་འཇུ་རེས། གླུ་ལེན་གར་རྩེ་སོགས་ལ་བརྟེན་ནས་མི་རིགས་མཐུན་སྒྲིལ་གྱི་དོན་སྙིང་གསེད་བཀྲོལ་བྱས།” ཁྲང་ཨའེ་ཡི་རྗེས་འབྲངས་ཏེ་ང་ཚོ་སྡེ་བའི“འབྲོག་ཁྱིམ་དཔེ་ཁང”དུ་སོང་བ་ཡིན། ལོ་ན་ཆུང་བའི་ཨ་མ་ཞིག་གིས་བྱིས་པ་པང་དུ་བཟུང་ནས་དཔེ་ཆར་ལྟ་བཞིན་ཡོད་ཅིང་། བྱིས་པར《མི་རིགས་ཀྱི་བརྩེ་སེམས་མཉམ་དུ་གནས》ཞེས་པའི་དཔེ་དེབ་ཁྲོད་ཀྱི་མི་རིགས་མཐུན་སྒྲིལ་གྱི་གཏམ་རྒྱུད་བཤད་བཞིན་ཡོད། བྱིས་པས་མིག་གཉིས་ཅེར་ཏེ་ཉན་བཞིན་ཡོད་ལ། མི་རིགས་མཐུན་སྒྲིལ་གྱི་ས་བོན་ཡང་ཁོའི་སེམས་ཁོང་དུ་ཚུགས།
མི་རིགས་མཐུན་སྒྲིལ་ཡར་ཐོན་སློབ་གསོ་སྔར་བས་ཟབ་སྤེལ་གཏོང་ཆེད། ཁྲང་ཨའེ་ཡིས་སྡེ་བའི་ནང་དུ“དྲིལ་སྒྲོག་དཔེ་ཀློག་ཁང”བཙུགས་པ་དང་། ཁྱད་ཆོས་ལྡན་པའི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་བརྗོད་དོན་རིག་གནས་ལྡེབ་ངོས་བསྐྲུན་པར་མ་ཟད། རང་ཉིད་ཀྱིས་འགྲོ་སོང་བཏང་ནས་མི་རིགས་མཐུན་སྒྲིལ་དང་འབྲེལ་ཡོད་ཀྱི་ཚགས་པར་དང་དུས་དེབ། དཔེ་དེབ་སྣ་མང་ཉོས། ཁོམ་ལོང་གི་སྐབས་སུ། སྡེ་མི་རྣམས་དཔེ་ཁང་དུ་ཡོང་ནས་དཔེ་དེབ་ཀྱི་ཞིང་ཁམས་འགྲིམས་ཏེ། ཏང་གི་མི་རིགས་སྲིད་ཇུས་དང་བཅའ་ཁྲིམས་ཁྲིམས་སྲོལ་སོགས་ཀྱི་ནང་དོན་གལ་ཆེན་ལ་རྒྱུས་ལོན་བྱེད་བཞིན་ཡོད།
ཁྲང་ཨའེ་ཡིས་ད་དུང་སྡེ་བའི་ནང་རྟ་ཐོག་སྒྲོག་བཤད་རུ་ཁག་དང་བུད་མེད་སྒྲོག་བཤད་རུ་ཁག་སོགས་བཙུགས་ཏེ། དུས་བཅད་ལྟར་སྒྲོག་བཤད་མི་སྣ་རྩ་འཛུགས་སྒོས་འབྲོག་ཁྱིམ་དུ་སོང་ནས་དྲིལ་སྒྲོག་བྱ་འགུལ་སྤེལ་ཞིང་། “འབྲལ་ཐབས་མེད་པ་གསུམ”གྱི་བསམ་བློ་དང“གཅིག་མཐུན་བཞི”ཡི་གཅིག་མཐུན་ཚོགས་པའི་འདུ་ཤེས་ཚང་མའི་སེམས་སུ་བརྟན་པོར་འཛུགས་པར་ཁྲིད་སྟོན་བྱས་ལ། ཏང་གི་མི་རིགས་སྲིད་ཇུས་དང་གཞུང་ལུགས་དག་གཞི་རིམ་དང་མང་ཚོགས་ཀྱི་གམ་དུ་བསྐྱལ་བ་དང་སེམས་སུ་འཇགས་པར་བྱས་ཏེ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་པར་ནུས་ཤུགས་ཡོད་རྒུ་བཏོན།
“ང་དང་སྡེ་མི་རྣམས་ཀྱིས་ངལ་རྩོལ་གྱི་ལག་ཟུང་ལ་བརྟེན་ནས་བདེ་སྐྱིད་ལྡན་པའི་འཚོ་བ་བསྐྲུན་པ་དང་། ལམ་ལུང་སྡེ་བ་ནི་མི་རིགས་མཐུན་སྒྲིལ་གྱི་དཔེ་མཚོན་དང་གྲོང་གསེབ་དར་སྤེལ་གྱི་མ་དཔེ་རུ་འགྱུར་བར་བྱས་ཏེ། དུས་རབས་གསར་པའི་འཐབ་ལམ་སྟེང་སྔར་ལས་འོད་སྟོང་འབར་བའི་མཚར་སྡུག་བསྐྲུན་རྒྱུ་ཡིན”ཞེས་ཁྲང་ཨའེ་ཡིས་དེ་ལྟར་བཤད། །
END
འདྲ་པར་མནན་ནས་མཚོ་སྔོན་བོད་ཡིག་གསར་འགྱུར་ཚགས་པར་ཀློགས།