མི་རིགས་སྐད་ཡིག་ལོ་ཙཱའི་བགྲོ་གླེང་ཚོཊ་འདུ་ཐེངས་བཅུ་གསུམ་པ་འཚོགས།

文摘   2024-11-15 19:11   青海  

 མཚོ་སྔོན་ཞིང་ཆེན་མི་རིགས་སྐད་ཡིག་ལོ་ཙཱའི་རིག་གཞུང་བགྲོ་གླེང་ཚོགས་འདུ་ཐེངས་བཅུ་གསུམ་པ་ཐུན་རིན་གྲོང་ཁྱེར་དུ་འཚོགས།

ཟླ11པའི་ཚེས15ཉིན། མཚོ་སྔོན་ཞིང་ཆེན་མི་རིགས་སྐད་ཡིག་ལོ་ཙཱའི་བྱ་བའི་མཐུན་ཚོགས་ཀྱིས་གཙོ་སྒྲུབ་དང་རྨ་ལྷོ་ཁུལ་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས་ཀྱིས་རོགས་སྒྲུབ་བྱས་པའི“སྤུས་ཚད་མཐོ་བའི་མི་རིགས་སྐད་ཡིག་ལོ་ཙཱའི་ཞབས་ཞུར་བརྟེན་ནས་མི་རིགས་སོ་སོ་འགྲོ་འོང་དང་བརྗེ་རེས།མཉམ་འདྲེས་བཅས་ལ་སྐུལ་འདེད་གཏོང་དགོས”ཞེས་པ་བརྗོད་དོན་ཡིན་པའི་མཚོ་སྔོན་ཞིང་ཆེན་གྱི་མི་རིགས་སྐད་ཡིག་ལོ་ཙཱའི་རིག་གཞུང་བགྲོ་གླེང་ཚོགས་འདུགླེང་སྟེགསཐེངས་བཅུ་གསུམ་པ་རྨ་ལྷོ་ཁུལ་ཐུན་རིན་གྲོང་ཁྱེར་དུ་འཚོགས།
ཐེངས་འདིའི་ཚོགས་འདུར་ཞིང་ཆེན་ཡོངས་ཀྱི་ཁུལ་དྲུག་དང་གྲོང་ཁྱེར་གཅིག ཞིང་ཆེན་གྱི་སྡེ་ཁག་སོ་སོའི་བོད་ཡིག་དང་སོག་ཡིག་བཅས་སྐད་རིགས་གཉིས་དང་འབྲེལ་བའི་ཡིག་སྒྱུར་དང་དཔེ་སྐྲུན། གསར་འགྱུར། སློབ་གསོ། ཚན་རིག་ཞིབ་འཇུག་སོགས་ཐད་ཀྱི་མི་རིགས་སྐད་ཡིག་ལོ་ཙཱའི་བྱ་བའི་འཐུས་མི40ལྷག་ཞུགས་ཡོད།
འགོ་རྩོམ་མཛད་སྒོའི་སྟེང་། རྨ་ལྷོ་ཁུལ་སྲིད་གཞུང་གི་ཁུལ་དཔོན་གཞོན་པ་སུན་ཡུང་གིས་ཚོགས་འདུར་ཤིས་ཚིག་ཕུལ་བ་དང་།ཞིང་ཆེན་མི་རིགས་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་ཟླ་བ་ཚེ་རིང་ཚོགས་འདུར་ཞུགས་ཏེ་གཏམ་བཤད། ཞིང་ཆེན་སྲིད་གཞུང་ཡིག་སྒྱུར་ཁང་གི་ཀྲུའུ་རེན་གཞོན་པའམ་ཞིང་ཆེན་མི་རིགས་སྐད་ཡིག་ཡིག་སྒྱུར་བྱ་བའི་མཐུན་ཚོགས་ཀྱི་དྲུང་ཡིག་ཆེན་མོ་འབྲུག་བྱམས་ཚེ་རིང་གིས2024ལོའི་མི་རིགས་སྐད་ཡིག་ཡིག་སྒྱུར་རིག་གཞུང་དཔྱད་རྩོམ་གྱི་བྱ་དགའ་ཐོབ་པའི་མིང་ཐོ་སྒྲོག་འདོན་བྱས།
ཚོགས་འདུའི་སྟེང་། ཞིང་ཆེན་མི་རིགས་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་ཟླ་བ་ཚེ་རིང་གིས་བཤད་རྒྱུར། མི་རིགས་སྐད་ཡིག་ལོ་ཙཱ་ནི་མི་རིགས་སོ་སོའི་བར་རྒྱུས་ལོན་དང་འབྲེལ་འདྲིས་ཟབ་མོ་བྱེད་པའི་སྦྲེལ་ཟམ་ལྟ་བུ་ཡིན་པས། ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་རྒྱུར་ནུས་པ་གལ་ཆེན་ལྡན་པ་དང་། ལོ་ཙཱའི་བྱ་བ་སྒྲུབ་མཁན་གྱིས་ཆེད་ལས་ཀྱི་རྩལ་ནུས་སྔར་བས་སྦྱོང་བརྡར་བྱེད་པ་དང་།རང་ངོས་ཀྱི་བྱང་ཚད་མཐོར་འདེགས་གཏོང་བ། མི་རིགས་ས་ཁུལ་གྱི“དམིགས་བསལ་གསུམ”གྱི་ལས་བྱེད་པ་བཟང་པོའི་ཚད་གཞི་ལག་ལེན་བྱེད་པ།“ལས་བྱེད་པས་བསྒྲུབ་དགོས་པ་དང་། རིག་ལམ་གསལ་དགོས་པ། རང་གཅུན་ནན་དགོས་པ”བཅས་ཀྱི་བྱ་བའི་བླང་བྱ་དོན་འཁྱོལ་བྱས་ཏེ། ལོ་ཙཱ་ལ་བརྟེན་ནས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་བཅས་ཀྱི་ཇུས་ཆོད་བཀོད་སྒྲིག་མི་རིགས་ས་ཁུལ་དུ་རྩ་བ་ཚུགས་ཤིང་ལོ་འབྲས་སྨིན་པར་འགན་སྲུང་བྱེད་དགོས།
ཚོགས་འདུ་འཚོག་རིང་། གཙོ་སྒྲུབ་ལས་ཁུངས་ཀྱིས་སྔ་རྗེས་སུ་བོད་སྐད་དང་སོག་སྐད་ཀྱི་མི་རིགས་སྐད་ཡིག་ལོ་ཙཱའི་ཕུལ་བྱུང་དཔྱད་རྩོམ་སློབ་སྦྱོང་བརྗེ་རེས་ཚོགས་འདུ་བཀོད་སྒྲིག་བྱས་པ་དང་། རྨ་ལྷོ་ཁུལ་གྱི་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་པའི་ཉམས་ལེན་ཁང་དུ་སོང་ནས་སློབ་ཁྲིད་བྱ་འགུལ་སྤེལ་བ་དང་། རེབ་གོང་རིག་འབྱུང་གླིང་དུ་ཕྱིན་ཏེ་ལྟ་སྦྱོང་བྱས། 
ཚོགས་ཞུགས་འཐུས་མི་ཚོས་ཐེངས་འདིའི་གླེང་སྟེགས་བརྒྱུད་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པའི་ལོ་རྒྱུས་ཀྱི་ལྡོག་མེད་རང་བཞིན་དང་།ཧ་ཅང་གལ་ཆེན་རང་བཞིན། དངོས་ཡོད་ཀྱི་དམིགས་སའི་རང་བཞིན་བཅས་ལ་ངོས་འཛིན་གཏིང་ཟབ་བྱུང་ཡོད་ལ། རྗེས་ཕྱོགས་ཀྱི་བྱ་བ་དངོས་ཀྱི་ཁྲོད། མི་རིགས་སྐད་ཡིག་ལོ་ཙཱའི་བྱ་བས་མི་རིགས་སོ་སོའི་བར་འགྲོ་འོང་སྤེལ་རེས་དང་མཉམ་འདྲེས་ལ་སྐུལ་འདེད་གཏོང་བའི་ཁྲོད་ཀྱི་ཟམ་པ་དང་སྒྲོག་ཐག་ལྟ་བུའི་ནུས་པ་ཧུར་ཐག་གིས་བཏོན་ཏེ། ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་གི་བསམ་པའི་ཁྱིམ་གཞིས་འཛུགས་སྐྲུན་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་གྱི་ལེའུ་འབད་པས་རྩོམ་ཆེད་མི་རིགས་སྐད་ཡིག་ལོ་ཙཱའི་སྟོབས་ཤུགས་སྐྱེས་སུ་འབུལ་རྒྱུ་རེད། །

འདྲ་པར་མནན་ནས་མཚོ་སྔོན་བོད་ཡིག་གསར་འགྱུར་ཚགས་པར་ཀློགས།



སྒྲིག་སྦྱོར་པ། ཐུབ་བསྟན། 
ལྟ་སྐུལ་པ། ཚེ་རིང་བཀྲ་ཤིས།
སྤྱི་ཁྱབ་ལྟ་སྐུལ་པ། བན་དེ་ཚེ་རིང་།

青海藏文报社
青海藏文报官方平台,及时发布涉藏地区最新资讯,弘扬主旋律,挖掘和传播优秀传统文化。
 最新文章