ཞོགས་པ་གཞན་ཞིག སྒྲོལ་བྱེད།

文摘   2024-11-04 11:50   青海  












ཞོགས་པ་གཞན་ཞིག
སྒྲོལ་བྱེད། རྔ་བ།
ད་ནི་དགུན་གཞུང་འདིའི་ཁ་བ་འབབ་མགོ་ཚུགས་སོང་།
ནམ་རྒྱུན་ཁ་བ་ཞེས་པའི་ཡིག་འབྲུ་དེ་གཉིས་གླེང་ཚེ།
ངས་སྔར་ལྟར་ཁྱོད་ཀྱི་འཛུམ་དམུལ་གྱི་ངོ་གདོང་དྲན་ཡོང་།

སྙིང་ལྕགས།
རྒྱང་རིང་ན་རྒྱང་རིང་ལས་ཅི་ཡང་མེད་པ་ཁྱོད་ཀྱིས་གླེང་ནའང་།
ང་ཡང་ཁྱོད་ཀྱི་ཆོད་སེམས་ཀྱི་ནམ་མཁའ་ལས་རྒྱང་རིང་ལ་ཕྱོགས་དགོས་བྱུང་།
རྒྱང་རིང་ནི་དོན་དམ་གྱིས་ལོག་མལ་ཞིག་ཡིན་འདུག

ཀློག་པ་པོ་མེད་པའི་དུས་རབས་འདིར།
ང་ཚོས་ཅིས་ཀྱང་རྩོམ་རིག་ཅེས་པའི་བརྡ་ཆད་འདིའི་སྨུག་ཀློང་དུ།
རྣམ་ཤེས་བཙོ་སྦྱངས་བྱས་ནས།
སོ་སོའི་བསམ་པ་བཞིན་གྱི་བཟོ་ལྟ་བྱེད་དགོས་པའང་།
དོན་དམ་དུ། སྤྱི་ཚོགས་ཀྱི་སྙིགས་ཟོམ་ལས།
ཕྱིར་བསྡུ་ཆོག་པའི་རིགས་ཤིག་བྱེད་འདོད་པས་རེད།

ཡང་ན། ཁྱོད་ཀྱི་གཤིས་ཀ་དང་བསམ་པའི་འཇིག་རྟེན་བཞིན།
གཞན་གྱི་གྲིབ་གཟུགས་འོག་ཏུ་འཚོ་མི་འདོད་པས་རེད།
སྙིང་ལྕགས། ཁ་བ་ཉིན་གང་བོར་བབས་ནའང་།
ཁ་བས་རྟག་པར་ང་ལ་རྒྱུས་ཡོད་ཀྱི་དྲོད་སྣང་ཞིག་བསྩལ་ཡོང་།
དེ་ནི། ཁྱོད་ཀྱི་མིང་ལ“ཁ་བ་སྙིང་ལྕགས”ཟེར་བས་ཡིན་འདུག

སྙིང་ལྕགས།
ངས་ཁྱོད་རང་ངོ་ཤེས་པའི་དུས་ཚོད་ནི།
མི་རྣམས་བྲེལ་ཟིང་གིས་དེད་ཅིང་།
རང་ཉིད་ངོས་ཟིན་ཐབས་བྲལ་བའི་སྐབས་ཤིག་ཡིན་འདུག

སྙིང་ལྕགས།
ཕྱིར་ལོག་འཕྱི་བའི་མཚན་མོ་རེ་རེའི་ངལ་དུབ་ཀྱི་སྨག་ནག་ནང་།
ངས་རྟག་པར་ཁྱེད་ཀྱིས་བྲིས་པའི་སྙན་ཚོམ་ཞིག་དྲན་ཡོང་།
“འཇིག་རྟེན་དུ་གསོན་པའི་བདེ་སྐྱིད་ཀྱིས
ངས་ནམ་རྒྱུན་སྙན་ངག་བྲིས་ཤིང
མི་ཚོགས་གཉིད་ལ་ཡུར་བའི་མཚན་མོ་དག་ཏུའང
ངས་མིག་ཟུང་ཆེས་ཆེར་ཕྱེ་སྟེ
རང་གཅིག་པའི་བདེ་སྐྱིད་ལ་བྱིལ་བྱིལ་བྱས”

ཚན་པ་འདི་ནི།
མ་ལགས་ཀྱིས་ཁྱོད་ལ་ཁ་བ་ཞེས་བཏགས་པའི་སེམས་ཀྱི་ཁུར་མོང་བཞིན་དུ།
ང་ལ་བདེ་སྣང་གི་བར་སྟོང་གྲངས་མེད་གནང་མྱོང་།

སྙིང་ལྕགས།
སྐྱེ་བ་འདིར་འུ་གཉིས་ལ་དུས་ཆད་ཅིག་ཀྱང་མ་དབང་བའི་གདུང་ཡུས་དང་རེ་ཆད་དག་གི་ནང་དུ།
ངས་རང་གི་སྐད་ཆ་དང་ཡི་གེ་སྤྱད་ནས་ཁྱོད་ལ་སྙན་ངག་མང་པོ་བྲིས་མྱོང་།
བློ་སྤོབས་དང་ང་རྒྱལ་གྱིས་བཀླུབས་པའི་ཁྱོད་ཀྱི་སྐྱེ་འཆིའི་འགྲུལ་བཞུད་ཀྱང་།
ང་ཡི་སེམས་ཀྱི་རྒྱལ་ཁམས་ལས་རྫོགས་ཐབས་མི་འདུག

སྙིང་ལྕགས།
ཟི་ལིང་དང་ཆབ་ཆའི་བར་གྱི་ས་ཚིགས་དང་མཁའ་དབུགས་ཀྱིས།
ཁྱོད་ཀྱི་ལོག་ཕེབས་བོར་ནས་ཡུན་རིང་ལུས།

གྲོགས་པོ“གངས”དང་ཁྱེད་གཉིས་ཀྱི་འཕྲིན་པའི་གསེང་གི་སེམས་ཁུར་དང་ཕུགས་བསམ།
རྨི་ལམ། དད་མོས། འཁྱམ་བསྐྱོད། ཁེར་རྐྱང་། དབུལ་ཕོངས།
སོ་སོའི་ཡིད་སྨོན་དང་བརྩེ་དུང་གིས།
ཁྱོད་རང་བོར་ནས་ཀྱང་མི་ལོ་མང་པོ་འགྱངས་སོང་།

སྙིང་ལྕགས། ཁ་བ་སྙིང་ལྕགས།
ག་ལེར་འཕུར་ཤོག་དང་།
མེ་ལྕེའི་ཕིབས་ཀྱི་འོད་ངོགས་སུ།
ངས་ཁྱོད་ལ་ནམ་མཁའ་དང་རྨིས་མི་ཚར་བའི་རྨི་ལམ་བཞག་ཡོད།


འདྲ་པར་མནན་ནས་མཚོ་སྔོན་བོད་ཡིག་གསར་འགྱུར་ཚགས་པར་ཀློགས།



རྩོམ་སྒྲིག་པ། གཡང་འབུམ་ཚེ་རིང་།
སྒྲིག་སྦྱོར་པ། གཡང་འབུམ་ཚེ་རིང་།
ལྟ་སྐུལ་པ། ཚེ་རིང་བཀྲ་ཤིས།
སྤྱི་ཁྱབ་ལྟ་སྐུལ་པ། བན་དེ་ཚེ་རིང་།

青海藏文报社
青海藏文报官方平台,及时发布涉藏地区最新资讯,弘扬主旋律,挖掘和传播优秀传统文化。
 最新文章