དམངས་འཚོའི་དྲོད་ཁོལ་གྱིས་ཕ་ཡུལ་གྱི་མཛེས་པར་འོད་སྣང་བསྩལ།
ཟླ9པའི་ཚེས6ཉིན་གྱི་ཞོགས་པའི་ཉི་རྩེ་མ་ཤར་གོང་། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཐུན་རིན་གྲོང་ཁྱེར་འཇམ་ཐིང་ངེར་འདུག སྐབས་དེར། ཐུན་རིན་རྡུལ་ཕྱགས་ཁོར་སྲུང་ལག་རྩལ་ཚད་ཡོད་ཀུང་སིའི་ཁོར་སྲུང་ལས་བཟོ་བ་སྒྲོལ་མ་འཚོ་ཡིས་ལུས་ལ་སེར་མདོག་གི་ལས་གོས་གྱོན་པ་དང་། ལུས་པོ་བསྒུར་ནས་ལོ་མ་དང་དུ་སྣེ། ཤོག་ལྷེབ་བཅས་སྙིགས་གཞོང་དུ་ཕྱགས་ཀྱིན་ཡོད། མོའི་དཀའ་སྤྱད་ངལ་རྩོལ་གྱིས་གྲོང་ཁྱེར་དེའི་ཉིན་གསར་པ་ཞིག་ལ་དབུ་ཁྱུད་བྲིས།
ངལ་གསོ་ཁང་དུ་འཛོམས་པའི་ཁོར་སྲུང་པ་རྣམས།
གཙང་ཕྱགས་བྱས་ཚར་རྗེས། མོ་དང་ལས་གྲོགས་གཉིས་གངས་ལྗོངས་ཕོ་བྲང་སྐམས་ཤའི་ཐུག་པ་ཟ་ཁང་དུ་སོང་བ་དང་། ཟ་ཁང་དེ་ནི་གྲོང་ཁྱེར་ནང་ཁུལ་དུ་གཏན་འཁེལ་བྱས་ཡོད་པའི“སེམས་དྲོ་ནངས་ཇ”འཐུང་ས་ཞིག་རེད།
“ཨ་ཅེ་ཚོ་ཐོན་བྱུང་ངམ”ཞེས་ཟ་ཁང་གི་ཞབས་ཞུ་མ་ཚེ་རིང་ལྷ་མོས་སྤྲོ་སེམས་ཁོལ་བའི་ངང་བསུ་མ་བྱས་པ་དང་།“ཉིན་འདི་གཉིས་ལ་ཆར་བ་བབས་ཏེ་གནམ་གཤིས་ཇེ་འཁྱགས་སུ་སོང་བ་རེད། རེམ་མ་ནང་དུ་ཤོག”ཟེར་ཞོར་མགྱོགས་མྱུར་གྱིས་ཇ་ཁོལ་མ་བླུགས།
སྒྲོལ་མ་འཚོ་དགོད་ཞོར་དུ“ནུ་མོ་ལྷ་མོར་བཀའ་དྲིན་ཆེ། ཁྱོད་ཚོའི་ཉིན་རྒྱུན་གྱི‘སེམས་དྲོ་ནངས་ཇ’ནི་ང་ཚོའི་སྟོབས་ཤུགས་ཀྱི་འབྱུང་ཁུངས་རེད”ཅེས་བཤད།
“ཁ་སང་ཚོད་མ་དང་གོ་དམར་ཟོས་ནས་སྲན་ཁུ་འཐུང་བ་རེད། དེ་རིང་འུ་ཚོའི་སྐམས་ཤའི་ཐུག་པ་འཐུང་ལ་བྲོ་བ་ཞིག་བརྗེ། དེའི་ཁར་ཇ་བཙོས་སྒོ་ང་དང་ཞོག་ཁོག་འཁྱགས་ཚལ། སྣུམ་བཙོས་བ་དམ་སོགས་ཚལ་ཞིམ་པོ་ཞིག་སྣོན་དང་།”སྒྲོལ་མ་འཚོ་དང་ལས་གྲོགས་ཀྱིས་འདུག་སྟེགས་བཙལ་ནས་ཙོག་པ་དང་ནངས་ཇ་ཅི་ཞིག་བཏུང་བར་དགའ་སྤྲོའི་ངང་དུ་གྲོས་བྱས།
ཅུང་མ་འགོར་བར། ཚ་རླངས་ཐོལ་ཐོལ་གྱི་སྐམས་ཤའི་ཐུག་པ་ཅོག་ཙེ་སྟེང་དུ་བཞག་པ་ན་དྲི་མ་ཞིམ་པོ་ཞིག་ངང་གིས་ཁྱབ་ཡོང་། སྒྲོལ་མ་འཚོ་ཡིས་ཐུར་མའི་བར་ལ་ཐུག་པ་རྡོག་པོ་ཞིག་བླངས་ནས་ཁ་ནང་དུ་བཞག་པ་དང་། དེའི་རྗེས་སུ་ཞིམ་མངར་གྱི་ཁུ་ཐང་འཐུང་ཞིང་དེའི་བྲོ་བར་མྱངས་ལ། སྟབས་བདེའི་ཟས་རིགས་ཁྲོད་དུ་འཚོ་བའི་བྲོ་བས་ཁེངས་འདུག
“ཉིན་རེའི་ཞོགས་པའི་དུས་ཚོད་བཞི་ལྔའི་སྟེང་ཁོར་ཡུག་གཙང་སྦྲ་བྱེད་དུ་འགྲོ་དགོས་པས། ནངས་ཇ་འཐུང་ཁོམ་ཡེ་ནས་མེད། སྔོན་ཆད་ཟ་མ་སྟབས་བདེ་ཞིག་ཉོས་ཀྱང་བྲེལ་བ་ལངས་ཚེ་ཟ་རྒྱུ་བརྗེད་འགྲོ་བ་རེད། ‘སེམས་དྲོ་ནངས་ཇ’ཡི་རིགས་མང་བར་མ་ཟད། བྲོ་བ་ཡང་ཧ་ཅང་ཞིམ་ལ། དངོས་གནས་སེམས་དྲོ་བ་ཞིག་རེད། ཏང་དང་སྲིད་གཞུང་གི་བསམ་བློ་བཏང་བ་ཧ་ཅང་ཡག་ལ་ང་ཚོར་དངོས་གནས་དོན་དངོས་བསྒྲུབས་བྱུང་།”ཁོར་སྲུང་ལས་བཟོ་བ་བཀྲ་ཤིས་རྡོ་རྗེ་ཡིས་མངའ་ཁུལ་ནང་གི་གད་སྙིགས་གཙང་འདྲེན་བྱས་རྗེས། ཁོའི་གདོང་ལ་ངལ་དུབ་ཀྱིས་ཁེངས་འདུག ཡིན་ཡང་ཕུན་སུམ་ཚོགས་པའི་ནངས་ཇ་མཐོང་ཚེ། མིག་ནང་དུ་བཀའ་དྲིན་དང་སྤྲོ་བས་བརྟས་ཡོད།
རླངས་པ་ཐོལ་ཐོལ་ལྡང་བའི་ནངས་ཇ་ཡིས་ཁོར་སྲུང་ལས་བཟོ་བའི་ཕོ་བར་དྲོད་ཁོལ་སྦྱིན་པར་མ་ཟད། ཁོ་ཚོའི་བློ་སེམས་ཀྱང་བདེ་བར་བཏང་། དེ་ནི་དམངས་འཚོའི་དྲོད་ཁོལ་ཞིག་དང་མཚུངས་པར་གྲོང་ཁྱེར་འདིའི་ཐུགས་ཁུར་དང་དྲོད་ཚད་མངོན་ཡོད།
ཉེ་བའི་ལོ་འགའི་རིང་ལ། ཐུན་རིན་གྲོང་ཁྱེར་ཏང་ཨུ་དང་གྲོང་ཁྱེར་སྲིད་གཞུང་གིས“སེམས་དྲོ་ནངས་ཇ”བཟོ་འགོད་ལག་བསྟར་བྱས་པ་བརྒྱུད། བློ་སེམས་རྩེ་གཅིག་དང་སྟོབས་ཤུགས་ཡོད་རྒུས་ཁོར་སྲུང་ལས་བཟོ་བ་སོགས་ལས་ཡུལ་དང་པོའི་ལས་བཟོ་བའི་དཀའ་ངལ་བསལ། བཟོ་འགོད་འདིས“སྟབས་བདེ་དང་བདེ་འཇགས། བག་ཕེབས”ཀྱི་རྩ་དོན་བརྩི་སྲུང་བྱས་པ་དང་། གྲོང་ཁྱེར་ནང་ཁུལ་དུ་གཏན་འཇགས་ཟ་མ་ཟ་ས20བདམས་ཏེ། གྲོང་ཁྱེར་ཡོངས་ཀྱི་ཁོར་སྲུང་ལས་བཟོ་བ་མི320ལ་རིན་མེད་ཀྱི་ནངས་ཇ་མཁོ་སྤྲོད་བྱས།
ཐུན་རིན་རྡུལ་ཕྱགས་ཁོར་སྲུང་ལག་རྩལ་ཚད་ཡོད་ཀུང་སིའི་སྤྱི་གཉེར་བ་གཞོན་པ་ཏན་ཁྲུན་ཧྲང་གིས་མཚམས་སྦྱོར་བྱས་པ་ལྟར་ན“‘སེམས་དྲོ་ནངས་ཇ’ནི་ཉིན་རེར་མི་རེར་སྒོར10ཡི་ཚད་གཞི་ལྟར་ཞིབ་རྩིས་བྱས་པ་དང་། གྲོང་ཁྱེར་ནང་དུ་ཚོད་མ་ཟ་ས་དང་སྐམས་ཤའི་ཐུག་པ་འཐུང་ས་སོ་སོར10རེ་བཙུགས་ཏེ། ཁོར་སྲུང་ལས་བཟོ་བས་དེ་གཉིས་ལས་གཅིག་བདམ་ཆོག”གྲོང་ཁྱེར་ནོར་སྲིད་ཀྱིས་ལོ་རེར་སྒོར་ཁྲི120དང་ས་གནས་ཚོང་བས་རིན་གོང་བཅག་པར་བརྟེན། ཁོར་སྲུང་ལས་བཟོ་བ་དང་ལས་ཡུལ་དང་པོའི་ངལ་རྩོལ་བར་དངོས་གནས་ཕན་བདེ་བསྐྲུན་ཡོད།
“སེམས་དྲོ་ནངས་ཇ”བཟོ་འགོད་ཀྱིས་ཏང་དང་སྲིད་གཞུང་གིས་གཞི་རིམ་ངལ་རྩོལ་བར་བརྩི་བཀུར་དང་ཁས་ལེན་བྱས་པ་མཚོན་ཡོད་པར་མ་ཟད། ཁོར་སྲུང་ལས་བཟོ་བར་ཡང་སྤྱི་ཚོགས་ཀྱི་གཅེས་སྐྱོང་དང་དྲོད་ཁོལ་མྱོང་དུ་བཅུག་ལ། ཁོ་ཚོའི་ལས་རིགས་ཀྱི་ངོས་ཟིན་འདུ་ཤེས་དང་ཁོངས་གཏོགས་འདུ་ཤེས་ཇེ་ཆེར་བཏང་བ་དང་། ཁོ་ཚོས་གྲོང་ཁྱེར་འཛུགས་སྐྲུན་དང་འཕེལ་རྒྱས་ཐད་སྟོབས་ཤུགས་འབུལ་བའི་བརྩོན་སེམས་རང་བཞིན་དང་རང་འགུལ་རང་བཞིན་ཀྱང་སྐུལ་སྤེལ་བྱས།
གྲོང་ཁྱེར་གྱི་གཞིས་དམངས་ལི་ཧའོ་ཁྲེན་གྱིས་བཤད་རྒྱུར།“ཁོར་སྲུང་ལས་བཟོ་བས་ང་ཚོར་བློ་བདེ་བག་ཕེབས་ཀྱི་འཚོ་བའི་ཁོར་ཡུག་ཅིག་གསར་སྐྲུན་བྱས་བྱུང་། ཁོ་ཚོ་མེད་ཚེ། ང་ཚོའི་འཚོ་བའི་སྤུས་ཚད་ཀྱང་ཇེ་ཞན་དུ་འགྲོ་ངེས།” སྒྲོལ་མ་འཚོ་དང་བཀྲ་ཤིས་རྡོ་རྗེ་ལྟ་བུའི་ཁོར་སྲུང་ལས་བཟོ་བ་ཚོའི་དཀའ་སྤྱད་ངལ་རྩོལ་ལ་བརྟེན་ནས་གྲོང་ཁྱེར་གྱི་རྣམ་པ་གསར་པར་བརྗེས་པ་དང་། གནས་འདིར་འཚོ་བ་རོལ་བའི་མི་རེར་ཡང་ཕ་ཡུལ་གྱི་རི་སྔོ་ཆུ་དྭངས་དང་མཛེས་པ་མྱོངས་སུ་བཅུག
དེ་མ་གཏོགས། ཐུན་རིན་གྲོང་ཁྱེར་གྱིས་གྲོང་ཁྱེར་ནང་དུ་གཞུང་ལམ་གཙོ་ཕལ་གྱི་འགྲམ་དུ“ཁོར་སྲུང་ལས་བཟོ་བ་བརྩེ་སེམས་ངལ་གསོ་ས་ཚིགས”10སྒྲིག་བཀོད་བྱས་པ་དང་། ངལ་གསོ་ས་ཚིགས་སོ་སོར་གཅིག་གྱུར་གྱི་རྟགས་བྱང་ཡོད་པར་མ་ཟད། རླུང་གཡབ་དང་དྲོད་འདོན་ཆས། མྱུར་སྐྱོབ་སྨན་སྒམ་སོགས་འབྲེལ་ཡོད་ཀྱི་སྒྲིག་བཀོད་སྡེབ་སྒྲིག་བྱས་ཏེ། ཁོར་སྲུང་ལས་བཟོ་བར་བཏུང་ཆུ་དང་ལྭ་བ་བརྗེ་ས། གནས་སྐབས་ཀྱི་ངལ་གསོ་ས་སོགས་འཚོ་བའི་ཞབས་ཞུ་མཁོ་སྤྲོད་བྱས་ཡོད།
ཏན་ཁྲུན་ཧྲང་གིས་བཤད་རྒྱུར། གྲོང་ཁྱེར་ཡོངས་མངའ་ཁུལ8དུ་བགོས་པ་དང་། ཁོར་སྲུང་ལས་བཟོ་བས“ཉིན་རེར་ཐེངས་གསུམ་ལ་གཙང་སྦྲ་དང་ཉིན་གང་བོར་གཙང་ཕྱགས”བྱེད་པའི་བྱ་བའི་ལམ་ལུགས་ནན་ཏན་སྒོས་ལག་བསྟར་བྱེད་ཀྱིན་ཡོད། ཁོར་སྲུང་ལས་བཟོ་བར་སྔར་བས་གཅེས་སྐྱོང་བྱེད་ཆེད། ཀུང་སིས་ཉེ་བའི་ལོ་འགའི་རིང་ལ་གཙང་ཕྱགས་རླངས་འཁོར་དང་སྨུག་གཏོར་རླངས་འཁོར། རྡུལ་ཕྱགས་རླངས་འཁོར་སོགས་འཕྲུལ་ཆས་ཆེན་པོ་ཉོས་ཏེ། “མི་འཕྲུལ་ཟུང་འབྲེལ”གྱི་རྣམ་པས་ཁོ་ཚོའི་ཚེགས་ངལ་བསྐྱུངས་ཤིང་ལས་ཕྱོད་ཇེ་མཐོར་བཏང་།
དོན་དངོས་སུ། ཕ་ཡུལ་གྱི་མཛེས་པ་ནི་རང་བྱུང་ཡུལ་ལྗོངས་ཀྱི་མཛེས་པ་དང་མི་ཚུལ་ལྗོངས་རྣམ་གྱི་ཁྱད་ཆོས་ལས་མཐོང་བར་མ་ཟད། “སེམས་དྲོ་ནངས་ཇ”དང་ཁོར་སྲུང་ལས་བཟོ་བའི་ངལ་གསོ་ཁང་སོགས་དམངས་འཚོ་དོན་དངོས་ལས་སྔར་ལས་ཕ་ཡུལ་མི་ཚུལ་གྱི་མཛེས་པ་མཐོང་། དེ་ནི་སྤྱི་ཚོགས་གཅེས་སྐྱོང་གི་སྣང་བརྙན་མངོན་སྟངས་ཤིག་ཀྱང་ཡིན། ཐུན་རིན་རྡུལ་ཕྱགས་ཁོར་སྲུང་ལག་རྩལ་ཚད་ཡོད་ཀུང་སིའི་སྤྱི་གཉེར་པ་གཞོན་པ་ཏན་ཁྲུན་ཧྲང་གིས་བཤད་རྒྱུར། “ཁོར་སྲུང་ལས་བཟོ་བས་ཕ་ཡུལ་གྱི་འཛུགས་སྐྲུན་དང་འཕེལ་རྒྱས་ལ་རང་ཉིད་ཀྱི་སྟོབས་ཤུགས་ཕུལ་བ་དང་། ང་ཚོས་ཀྱང་བློ་ཐག་རྦད་ཆོད་ཀྱིས་དམངས་འཚོའི་དོན་དངོས་ཇེ་ཞིབ་དང་ལེགས་པོར་བསྒྲུབས་ཏེ། ཁོ་ཚོས་འབད་བརྩོན་ཁྲོད་ཕ་ཡུལ་གྱི་སྤྲད་པའི་རྒྱབ་སྐྱོར་དང་དྲོད་ཁོལ་མྱངས་ལ། ཕ་ཡུལ་ཡང་མི་རྣམས་ཀྱི་སེམས་ཀྱི་ཁེན་ས་དང་མཛེས་སྡུག་གི་མཚོ་ཁུགས་ལྟ་བུར་གྱུར་ཡོད།”
END
འདྲ་པར་མནན་ནས་མཚོ་སྔོན་བོད་ཡིག་གསར་འགྱུར་ཚགས་པར་ཀློགས།