ན་ཟུག སྣག་ཚ་ནག་པོ།

文摘   2024-11-06 10:14   青海  

ད་ནངས་དེམ་ཇ་འཐུང་ཚར་ཙམ་ཞིག་ལ། ཨ་ཁུ་དབང་ལྡན་དང་ཁོའི་བུ་འབྲིང་བ་དར་རྒོད་གཉིས་རབ་ཏུ་ཁྲོས་པའི་འབྲོང་རྒན་ཞིག་ལྟར་ཨ་སྐྱབས་ཚང་དུ་རྒྱུག་ནས་སླེབས། དེ་མུར་ཁོ་གཉིས་ཀྱི་རྗེས་སུ་ཉེན་རྟོག་པའི་རླངས་འཁོར་འགའ་ཡང་གཅིག་རྗེས་གཉིས་མཐུད་ཀྱིས་ཨ་སྐྱབས་ཚང་གི་སྒོ་ཁར་སླེབས་ནས། ཨ་ཁུ་དབང་ལྡན་ཕ་བུ་གཉིས་དང་ཨ་སྐྱབས་བུ་སྤུན་གཉིས་ལ་ལག་ལྕགས་བརྒྱབ་ཏེ་ཁྲིད་སོང་།

འཆར་ཀའི་འོད་ཞགས་དེ་གཡུ་འཕྲི་གྲོང་ཚོའི་རྒྱབ་རིའི་དབུ་རྩེ་རུ་འཕྲོས་པ་དང་རི་འདབས་གྲོང་པའི་ལྷིང་འཇགས་ཀྱི་རྨི་ལམ་ཡང་དཀྲོགས། འོན་ཀྱང་ཁོང་དུད་ཚང་གཉིས་ཀྱི་མི་འཛིན་བཟུང་བྱས་པ་ལ་ཧང་སངས་དགོས་དོན་ཅི་ཡང་མེད་དེ།དོན་དག་གང་ཞིག་ཐེངས་མང་དུ་ཐོན་པས་མི་རྣམས་ལ་གོམས་ལོབས་སུ་གྱུར་ནས་རྒྱུན་ལྡན་ལྟ་བུ་ཞིག་ཏུ་གྱུར་ཡོད། ཨ་སྐྱབས་ཚང་དང་ཨ་ཁུ་དབང་ལྡན་ཚང་ནི་མི་རབས་གོང་མ་ནས་དགྲ་གྱོད་ཡོད་པ་ཞིག་ཡིན། དང་ཐོག་ཁོང་དུད་ཚང་གཉིས་ཀྱི་ཕ་མེས་ཡང་མེས་ཀྱི་སྐབས་ནས་དབྱར་སར་སྤོ་སྐབས་འཚེར་ས་འཕྲོག་རེས་བྱས་པའི་དབང་གིས་དུད་ཚང་གཉིས་བར་ལ་འཁོན་འཛིན་བྱུང་ཞིང་། དེ་ལྟར་མི་རབས་གསུམ་ཙམ་རིང་ལ་འཆམ་པོ་མ་བྱུང་བར་ཕར་འཛིང་ཚུར་འཛིང་གིས་ད་བར་དུ་ལུས། ཚོ་པ་ཞིག་གམ་ཡང་ན་དུད་ཚང་སུ་ཞིག་ལ་མཚོན་ན་འཚར་ལོངས་ཡོང་སའི་ཁོར་ཡུག་གིས་ཤུགས་རྐྱེན་ངེས་ཅན་ཞིག་བཟོ་བ་ཡིན་མོད། ཨ་སྐྱབས་ཚང་ནི་ཨ་མྱེས་བཀྲ་རྡོར་གྱི་སྐབས་ནས་དཔའ་དང་དཔུང་པའི་ཆོ་ལོ་ལ་བརྩོན་ལེན་བྱེད་མཁན་ཞིག་ཡིན་པས། ད་ལྟ་ཁོའི་བུ་དང་ཚ་བོ་ཡང་དེ་ལྟར་རྒྱག་རེས་རྡུང་རེས་བྱེད་པ་ནི་ཐུན་གསུམ་གྱི་ཇ་ལྤགས་བཞིན་དུ་གྱུར་ནས་ཕུ་དཀྲུག་མདའ་དཀྲུག་བྱས་མྱོང་བས། ང་ཚོའི་ལུང་པ་རྡོ་ལེབ་ཙམ་དེ་ཕར་ཞོག ནག་ཆུ་གྲོང་ཁྱེར་ཡོངས་ལའང་སྐད་གྲགས་ཡོད་པ་རེེད།

འཇིག་རྟེན་གྱི་ཁ་དཔེར། དགྲ་འདྲེ་གཉིས་དང་མ་ཐུག་ན། རང་ཚུགས་ཅན་རེ་སུ་ཡང་ཡོད། སྐྱིད་སྡུག་སྟེང་དུ་མ་བབས་ན། ཁ་ཡག་ཅན་རེ་སུ་ཡང་ཡིན། གྱོད་ཅན་གཉིས་དང་མ་ཐུག་ན། ཨ་མའི་གོ་ཁར་སུ་ཡང་དཔའ། ཟེར་བ་རེད། ཕ་རོ་བཟའ་རྒྱུ་བོ། ཕྱི་བེའུ་རྭ་ནང་གི་གཡག་རྭ། འཇོན་ན་ཨ་སྐྱབས་ཚང་གི་བུ་སྤུན་གཉིས་པོར་ལྟོས་དང་། དགྲ་བོའི་མཚོན་ཁ་ལ་ཕྱིར་བཤོལ་མེད་པའི་བུ་རྒོད་རེད། ཁྱོད་ལ་གཅིག་ལྟོས་དང……”ཞེས་ཨ་སྐྱབས་ནི་འབྲོག་པ་མང་པོའི་སེམས་ནང་དུ་དཔའ་བོ་བཞིན་དུ་གུས་གུས་ཞུམ་ཞུམ་བྱེད་ས་ཞིག་ཏུ་ཆགས་ཡོད་ལ། སློབ་གྲྭར་འགྲོ་མྱོང་བའམ་ཡང་ན་སྤྱི་ཚོགས་ཐོག་ཁྱིམ་འཛིན་བུ་ཡི་མིང་ཆེན་འཛིན་པའི་གཞོན་ནུ་ལོ་ཆུང་ཁྱུ་གཅིག་གི་དད་ཞེན་བྱ་ཡུལ་དུ་གྱུར་ཡོད།

ཨ་སྐྱབས་བུ་སྤུན་གཉིས་ལ་བུ་གཉིས་དང་བུ་མོ་གཉིས་ཡོད། ཁོ་སྤུན་གཉིས་ཀྱིས་ཨ་མྱེས་བཀྲ་རྡོར་གྱི་རེ་འདུན་ལྟར་ངའི་སྲུ་མོ་མནའ་མར་བླངས་ནས་བུ་སྤུན་གཉིས་ཀྱིས་ཁྱིམ་གཞིས་གཅིག་བཟུང་ཡོད། ཨ་ཁུ་དབང་ལྡན་ནི་ངའི་ཨ་ཕ་ཡི་ཕ་གཅིག་མ་བཀར་གྱི་ཤ་ཉེ་ཡིན་ལ། ཁོའི་ཨ་མྱེས་ཚེ་ལས་འདས་པ་སྔ་བས་ངེད་དུད་ཚང་གཉིས་བར་ལ་ཉེ་འབྲེལ་གྱི་མིང་ཙམ་ལས་འགྲོ་འོང་གི་འབྲེལ་བ་གང་ཡང་མེད། མ་གཞི་ངའི་ཨ་ཕ་ནི་རིག་གནས་ལ་མཐོང་ཆེན་བྱེད་པའི་ཡ་རབས་ཚུལ་ལྡན་གྱི་མི་ཞིག་ཡིན་པས་ཁྱོད་ཤི་ང་གསོན་གྱི་དོན་དག་རྫབ་རྫོབ་དེ་ཚོ་རྣ་རྒྱབ་ཀྱི་རླུང་ལ་བཏང་རུང་། སྲུ་མོ་ཨ་སྐྱབས་ཚང་ལ་མནའ་མར་སོང་བ་ནས་བཟུང་། ཨ་ཁུ་དབང་ལྡན་ཚང་གིས་ང་ཚོ་ལ་ལྷག་ཏུ་གཡོལ་ནས་དེ་བས་ཀྱང་འབྲེལ་འདྲིས་མེད་པར་གྱུར། གོ་ཐོས་སུ་ཐོག་མར་སྲུ་མོ་ཨ་སྐྱབས་ཚང་ལ་མནའ་མར་སོང་མ་ཐག་པའི་སྐབས་སུ། ཞག་གསུམ་ཐུན་དྲུག་ཏུ་ངེད་ཚང་ལ་བརྒྱུགས་ཡོང་ནས། དབང་མོ།(ངའི་ཨ་མ)ཨ་སྐྱབས་བུ་སྤུན་གཉིས་ཀྱིས་ཡང་ཁ་སང་ཟོག་རྫིར་འགྲོ་དུས་ཨ་ཁུ་དབང་ལྡན་གྱི་གུང་བྲོ་ཕྲོགས་ནས་རྒྱག་རེས་ཤོར་བས། ཨ་ཁུ་དབང་ལྡན་གྱི་རྣ་བ་ཡ་གཅིག་གྲིས་བཅད་འདུག ལས་ངན་དེ་ངོ་མ་ཡ་ང་བ་ལཞེས་ངུས་པ་གྲངས་ཀྱིས་ག་ལ་ཆོད། གནའ་མིའི་ཁ་དཔེར། ས་མ་འདྲིས་བྱང་ཐང་སྐྱ་མོ། འདྲིས་སོང་ན་རང་གི་ཕ་ཡུལ། ཁྱི་མ་འདྲིས་སྟག་ཁྱི་གཟིག་ཁྱི། འདྲིས་སོང་ན་རང་གི་སྒོ་ཁྱི་ཟེར་བ་བཞིན། དུས་ཀྱི་གོམ་འགྲོས་ཆུ་བོའི་རྒྱུན་བཞིན་འདས་པ་དང་བསྟུན་ད་ལྟ་སྲུ་མོའང་ཚོ་པ་དེར་ཡོངས་སུ་ལོབས་པར་གྱུར་ཅིང་། ངེད་ཚང་ལ་ཡོང་བའི་ཐུན་གྲངས་ཀྱང་ཇེ་ཉུང་ནས་ཇེ་ཉུང་དུ་ཕྱིན་འདུག

ལོ་གསུམ་གྱི་གོང་དུ་ཨ་སྐྱབས་ཚང་གིས་མེ་མདའ་གཅིག་དང་མདེའུ་ཉི་ཤུ་ལྷག་ཅིག་གོང་རིམ་ལ་རྩིས་སྤྲོད་མ་བྱས་པར་ལྐོག་ཏུ་སྦས་ཡོད་པའི་གསང་བ་དེ་ཨ་ཁུ་དབང་ལྡན་ཚང་གིས་ཤེས་ནས། ཉིན་ལ་ལྐོག་ལྟ་དང་མཚན་ལ་འཇབ་ཉན་ལན་མང་བྱས་པས། མེ་མདའ་ཡུ་རིང་དེ་ཟོག་ཁང་གི་རྩིག་པའི་འོག་ཏུ་སྦས་ཡོད་པ་ཚོར། ཉིན་ཞིག་ཨ་ཁུ་དབང་ལྡན་གྱིས་རྫོང་ཐོག་ལ་སྔོ་ཚལ་ཉོ་རུ་འགྲོ་ཁུལ་གྱིས་ཨ་སྐྱབས་ཚང་གིས་ལྐོག་ཏུ་མེ་མདའ་ཉར་ཡོད་པ་ཐེར་འདོན་བྱས་པས། མཚན་གྱི་མུན་པ་གཡུ་འཕྲི་གྲོང་ཚོར་ཁྱབ་ནས་མི་རྣམས་རྨི་ལམ་གྱི་ཞིང་དུ་ཞུགས་པའི་མཚན་གུང་དུ་ཨ་སྐྱབས་འཛིན་བཟུང་བྱས། རྩིག་འོག་གི་མེ་མདའ་དང་མདེའུ་རྣམས་གཞུང་བཞེས་བཏང་བ་མ་ཟད། ཨ་སྐྱབས་ལོ་གཉིས་ལ་བཙོན་ཁང་དུ་འཇུག་རྒྱུའི་ཁྲིམས་ཐག་བཅད།

ཨ་སྐྱབས་བཙོན་ཁང་དུ་འཛིན་དུས་ནི་ལོ་དེའི་དགུན་ཟླ་ཐ་ཆུང་ཡིན་ལ། བུ་མོ་ཆུང་བ་འཛོམས་སྐྱིད་སློབ་མཐར་ཕྱིན་ལ་ཉེ་བའི་དུས་སུ་སླེབས་ཡོད། ལོ་དེའི་རུ་བ་དབྱར་སར་སྤོས་ནས་ཟླ་ཕྱེད་ཙམ་ཕྱིན་ཟིན་པའི་ཉིན་ཞིག་ལ། སྲུ་མོའི་མཁུར་མགོ་མཆི་མས་ཁེངས་ཤིང་། མགོ་ཡི་སྐྲ་ལོ་གྱེན་ལ་གཟེངས་བ་མ་ཟད། ཕྱུ་བའི་པང་གདན་ཐོག་ཏུ་འོ་མ་དང་ད་ར་ཡི་དྲེག་པས་ཁེངས་ནས་ངེད་ཚང་གི་ཕྱོགས་སུ་བརྒྱུགས་ཡོང་བ་ལ་དཔྱད་ན་དོན་དག་ཡག་པ་ཞིག་མེད་པ་གཏན་འཁེལ་རེད། སྲུ་མོ་སྦྲ་སྒོ་ནས་འཛུལ་མ་ཐག ཨ་མའི་སྐེ་ལ་འཁྱུད་ཅིང་མགོ་བོ་བྲང་ལ་སྦྱར་ཏེ་ཚི་དྲེག་ཆགས་པའི་མིག་ཀོང་ལས་མཆི་མའི་ཐིགས་པ་བར་མེད་དུ་ཟགས། ཨ་མས་སེམས་ཁྲལ་ཆེན་པོས་སེམས་གསོ་བཏང་རྗེས་དོན་དག་ཅི་བྱུང་བའི་སྐད་ཆ་དྲིས། འཛོམས་སྐྱིད་ཀྱིས་རྒྱལ་ཁབ་ཀྱི་གཞུང་ཞབས་པའི་ལས་ཀར་ཡིག་རྒྱུགས་ཡོངས་སུ་འཕྲོད་རུང་། ཕ་རྒན་ཁྲིམས་འགལ་ཉེས་ཅན་ཡིན་ལ་ད་ལྟ་བཙོན་དུ་ཡོད་པར་རྐྱེན་བྱས། གཞུང་ཞབས་པའི་ལས་གནས་ནས་ཕྱིར་ཕུད་བཏང་འདུག་པས། སྲུ་མོསངེད་མ་སྨད་གཉིས་ཀྱི་ལས་སྐལ་ངན་པ་ལ་ཨངཞེས་སླར་ཡང་ཡུན་རིང་བཤད་མ་མྱོང་བར་ལུས་པའི་གཏམ་དེ་ཁ་ནས་ཤོར།

ན་ནིང་དགུན་ཁར།ཨ་སྐྱབས་ཀྱི་ཁྲིམས་ཆད་འཁུར་ཡུན་རྫོགས་ནས་བཙོན་གྲོལ་གཏོང་སྐབས། ཁོའི་ཕ་རྒྱུད་མ་རྒྱུད་ཀྱི་ཉེ་འབྲེལ་རྣམས་དང་རྗེས་འབྲངས་པ་ཚོས་རླངས་འཁོར་རྫིག་ཚད་ཀྱི་གྲལ་བསྟར་བསྒྲིགས་ནས་ཨ་སྐྱབས་ལ་བསུ་མ་བྱས་ཏེ་འདུ་འཛོམས་གྲ་རྒྱས་བྱས་པ་མ་ཟད། དེར་ཡོད་ཚང་མས་ཨ་སྐྱབས་ལ་ཁ་བཏགས་བསྒྲོན་ཏེ་ཁོ་ནི་ཁ་བས་བཏུམས་པའི་ལ་རྩེའི་དར་སྤུང་བཞིན་ཡོངས་སུ་གཡོགས་པས། ཨ་ཁུ་དབང་ལྡན་ཚང་གི་སེམས་སུ་དེ་ནི་ཁོ་ཚང་ལ་འཇིགས་སྐུལ་དང་རྫིག་ཉམས་བསྟན་པ་རེད་བསམས་ཏེ་ཁོ་ཕ་བུ་མིང་སྲིང་ཡོངས་ཀྱི་སྙིང་རླུང་སྟོད་ལ་འཚང་པར་བྱས། དེ་ལྟར་ཁོང་དུད་ཚང་གཉིས་བར་གྱི་འཁོན་འཛིན་ནི་ཤིང་སྐམ་ལ་མེ་འབར་བ་བཞིན་དུ་ཇེ་ཆེ་ནས་ཇེ་ཆེར་སོང་སྟེ་ཁྱོད་ཤི་ང་གསོན་གྱི་གནས་ལ་ལྷུང་ཞིང་འཆམ་ཐབས་མེད་པར་གྱུར། ངའི་ཨ་ཕས་ཨ་སྐྱབས་ལཁྱོད་ཀྱིས་མི་ཚེ་གང་བོར་གསོད་རེས་འཐབ་རེས་བྱས་ནས་ཡོང་རུང་། ཁྱོད་དང་ཁྱོད་ཀྱི་ཁྱིམ་ཚང་ལ་གནོད་པ་ལས་ཕན་པ་ཅི་ཞིག་གདའ། ཁྱོད་ད་དུང་རང་རྟོགས་མེད་པར་ལྐུགས་རྟགས་ཨུ་ཚུགས་བྱས་ན། ནམ་ཞིག་ལ་ཁྱོད་ཀྱི་བུ་རྒྱུད་དག་གཡང་ལ་བསྐྱུར་ནས་ཁོ་ཚོའི་མི་ཚེའི་མདུན་ལམ་རྩ་མེད་བཟོ་སྲིད། དེ་བས་ད་ནི་ཁྱོད་ཀྱིས་འཁོན་འཛིན་དེ་ཚོ་བསྐྱུར་ནས་བུ་གཉིས་པོ་རིག་གནས་སྦྱང་ས་ཞིག་ལ་བཏང་ན། ནམ་ཞིག་སྤྱི་ཚོགས་དང་ཁྱིམ་ཚང་ལ་ཕན་ཐོགས་ཡོང་རྒྱུ་རེདཅེས་ཁ་ཏ་སློབ་གསོ་བསྟུད་མར་བྱས་རུང་མ་ཐུབ་པར་མཐར་ཡིད་སྐྱོ་བའི་ཁ་སང་གི་དོན་རྐྱེན་དེ་བྱུང་བ་རེད།

ཉིན་ཤས་སོང་རྗེས། ལོ་རེའི་དབྱར་རྩྭ་བརྐོ་བའི་དུས་ཟིན་པས་དུད་ཚང་དག་གཅིག་རྗེས་གཉིས་མཐུད་ཀྱིས་རྫོང་ཐོག་ཏུ་སོང་ནས་ཅ་ལག་ཙག་ཙིག་ཉོས་ནས་དབྱར་རྩྭ་བརྐོ་བར་སྟ་གོན་བྱེད་ཀྱིན་འདུག ཨ་སྐྱབས་ཚང་དང་ཨ་ཁུ་དབང་ལྡན་ཚང་ཡང་དེ་བཞིན་དུ་རྫོང་ཐོག་ཏུ་འགྲོ་སྐབས། གྲོང་འདབས་ཀྱི་ལམ་ཆེན་ནས་བབས་ཏེ་སྣུམ་ལམ་མེད་པའི་ལམ་དོག་མོ་ཞིག་བརྒྱུད་སྐབས། ཨ་སྐྱབས་ཚང་ཡར་ཡོང་བ་དང་ཨ་ཁུ་དབང་ལྡན་ཚང་མར་འགྲོ་བ་གདོང་ཐུག་བརྒྱབ་པས་སུས་ཀྱང་རླངས་འཁོར་མ་གཟུར་བར། ལོ་མང་གི་འཁོན་འཛིན་དང་ཁོང་ཁྲོ་སྐད་གཅིག་ཙམ་ལ་སྦུ་རག་གི་ལྦུ་བ་བཞིན་དུ་འཕྱུར་ནས་ཕན་ཚུན་གྲི་འཛིང་བྱས་རྗེས། ཨ་ཁུ་དབང་ལྡན་གྱི་བུ་ཆེ་བ་དང་ཆུང་མ་གཉིས་ཀའི་རིན་བྲལ་གྱི་ཚེ་སྲོག་ཤོར། ཨ་སྐྱབས་ཚང་གི་བུ་ཆེ་བའི་མགོ་བོ་གྲི་ཡིས་བཅད་པ་མ་ཟད། བུ་ཆུང་བར་ཡང་ལུས་ལ་གྲི་ཕོག་པས་ད་དུང་དྲན་པ་མ་སོས་པར་སྨན་ཁང་དུ་མྱུར་སྐྱོབ་བྱེད་བཞིན་ཡོད། དུད་ཚང་གཉིས་པོའི་རླངས་འཁོར་ནང་དུ་བུ་དང་མནའ་མ་ཕུད་ད་དུང་དུས་རྒྱུན་ཁྱི་ལྟར་ལྕེ་བསྣར་བསྣར་དང་མགོ་ཞུམ་ཞུམ་བྱེད་མཁན་གྱི་ཤག་པོ་ཉེ་འབྲེལ་རེ་ཟུང་ཡོད་རུང་འཆི་གསོན་དོན་གྱི་སྒོ་ཁ་ལ་སླེབས་དུས་ཕྱིར་མིག་ཙམ་ཡང་མི་བསློགས་པར་ཕྱོགས་སུ་བྲོས།

ཕྱི་ཉིན་གྱི་འཆར་ཀའི་ཉི་འོད་སྔར་བཞིན་གཡུ་འཕྲི་གྲོང་ཚོའི་ལྟེ་བར་འཕྲོས་ལ། དུད་ཁྱིམ་ཚང་མ་ལྷིང་འཇགས་སེར་གནས་འདུག ཨ་སྐྱབས་ཚང་གི་དུ་ཁུང་ལས་ནམ་རྒྱུན་བཞིན་ཞོགས་ཇ་བསྐོལ་བའི་དུ་བ་ལང་ལོང་དུ་གཡོ་བ་མཐོང་རྒྱུ་མེད། མདང་ནུབ་སྲུ་མོ་དང་འཛོམས་སྐྱིད་མ་སྨད་གཉིས་ཀྱིས་མཚན་གྱི་མུན་པ་རིང་པོ་དང་འགྲོགས་ནས་མིག་ཆུའི་ཟམ་པ་བསྟར་ཏེ་སྐྱ་རེངས་ཀྱི་འོད་ཞགས་ལ་བསྒུག་མེད་དམ། གང་ལྟར། དུས་ཚོད་ཀྱི་གོམ་སྟབས་སྔར་བཞིན་མདུན་ནས་མདུན་དུ་འཁོར་བའི་མོད་ལ། མ་སྨད་གཉིས་ཀྱི་ནང་སེམས་སུ་ལྷུང་བའི་གཟུགས་མེད་ཀྱི་ན་ཟུག་ནི་ཅི་འདྲའི་བཟོད་དཀའ་ཨང་། །

འདྲ་པར་མནན་ནས་མཚོ་སྔོན་བོད་ཡིག་གསར་འགྱུར་ཚགས་པར་ཀློགས།



རྩོམ་སྒྲིག་པ། བཀྲ་ཤིས་ཚེ་རིང་། 
སྒྲིག་སྦྱོར་པ། བཀྲ་ཤིས་ཚེ་རིང་། 
ལྟ་སྐུལ་པ། ཚེ་རིང་བཀྲ་ཤིས།
སྤྱི་ཁྱབ་ལྟ་སྐུལ་པ། བན་དེ་ཚེ་རིང་།

青海藏文报社
青海藏文报官方平台,及时发布涉藏地区最新资讯,弘扬主旋律,挖掘和传播优秀传统文化。
 最新文章