གཙང་གསུམ་འབྱུང་ཡུལ་གྱི་ཆུ་ཁུངས་སྲུང་འཛིན་བྱེད་ཚད་ཡར་འཕར་བ།

文摘   2024-11-09 16:30   青海  

   ཉེ་བའི་ལོ5ཡི་རིང་ལ་གཙང་གསུམ་འབྱུང་ཡུལ་གྱི་ཆུ་ཁུངས་སྲུང་འཛིན་བྱེད་ཚད་ལོ་རེར་ཆ་སྙོམས་ཀྱིས6%ཡན་འཕར་ཡོད།

ཉེ་ཆར། གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུས་ཀྱིས་ཡོངས་བསྒྲགས་བྱས་པའི་ཆ་འཕྲིན་ལྟར་ན། ཉེ་བའི་ལོ5ཡི་རིང་ལ་གཙང་གསུམ་འབྱུང་ཡུལ་གྱི་ས་ངོས་ཆུའི་ཐོན་ཁུངས་དེ་ལོ་མང་པོའི་ཆ་སྙོམས་ལས33.7%མང་དུ་ཕྱིན་པ་དང་། ཆུ་དང་བརླན་སའི་སྐྱེ་ཁམས་མ་ལག་གི་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ309ཇེ་མང་དུ་ཕྱིན་ཅིང་། ཆུ་ཁུངས་སྲུང་འཛིན་བྱེད་ཚད་ལོ་རེར་ཆ་སྙོམས་ཀྱིས6%ཡན་འཕར། སྐྱེ་ཁམས་མ་ལག་གི་ཆུ་ཁུངས་སྲུང་འཛིན་དང་ཆུ་བོ་བཞུར་ཁུལ་གྱི་ཆུའི་མཁོ་འདོན་ནུས་པ་གཞི་རྩའི་ཆ་ནས་བརྟན་པོར་གྱུར།  འབྲི་ཆུ་དང་རྨ་ཆུ། རྫ་ཆུ་བཅས་ཞིང་ཆེན་བརྒལ་བའི་ཆུའི་སྤུས་ཚད་དེ་རིགསIIཡན་དུ་བརྟན་པོར་ཡོད་པ་དང་། དེའི་ནང་རིགསIཡི་ཆུའི་སྤུས་ཚད་ཀྱི་བསྡུར་ཚད40%ཙམ་ཡིན།

གཙང་གསུམ་འབྱུང་ཡུལ་ནི་མདོ་དབུས་མཐོ་སྒང་གི་ལྟེ་བའམ་མཚོ་སྔོན་ཞིང་ཆེན་གྱི་ལྷོ་རྒྱུད་དུ་ཡོད་ཅིང་། འཛམ་གླིང་གི་ཆུ་ཆེན་རིང་ཤོས་བཅུ་ཡི་ཁོངས་སུ་གཏོགས་པའི་འབྲི་ཆུ་དང་རྨ་ཆུ། རྫ་ཆུ་གསུམ་གྱི་འབྱུང་ཡུལ་ཡིན་པས“ཀྲུང་ཧྭའི་ཆུ་ལྕོག”གི་མཚན་སྙན་ཡང་ཐོབ་ཡོད། ལོ་རེར་བར་སྨད་རྒྱུད་ཀྱི་ཞིང་ཆེན18(རང་སྐྱོང་ལྗོངས་དང་ཐད་གཏོགས་གྲོང་ཁྱེར)དང་ཉེ་འཁོར་གྱི་རྒྱལ་ཁབ5ལ་ཆུ་ཁུངས་གཙང་མ་སྨི་གྲུ་བཞི་ལྷམ་པ་དུང་ཕྱུར600ལྷག་མཁོ་འདོན་བྱེད་ཀྱིན་ཡོད་པས། ཆུ་ཁུངས་སྲུང་འཛིན་གྱི་བྱེད་ནུས་གལ་ཆེན་ཐོན་ཡོད། ཉེ་བའི་ལོ་འགའི་རིང་། གཙང་གསུམ་འབྱུང་ཡུལ་གྱི་དུས་རིམ་དང་པོ་དང་དུས་རིམ་གཉིས་པའི་སྐྱེ་ཁམས་སྲུང་སྐྱོབ་དང་སླར་གསོ་ཡི་དུས་ཡུན་རིང་ཞིང་གཞི་རྒྱ་ཆེ་བ། མ་ལག་རང་བཞིན་ལྡན་པའི་བཟོ་འགོད་འདི་ཉིད་འགོ་བརྩམས་པས། གཙང་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་གཏོར་བརླག་གི་རྣམ་པར་ལེགས་བཅོས་རགས་ཙམ་བྱུང་། 2016ལོའི་ཚུན་དུ། གཞུང་ལམ་འཁོར་སྲུང་དང་ཁོར་ཡུག་སློབ་གསོ་སོགས་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་གྱི་ལས་གཞི་སྐོར་ཞིག་དང་། ས་ནག་བཅོས་སྐྱོང་དང་ས་གཞི་བྱེ་མར་འགྱུར་བ་སྔོན་འགོག རྩྭ་ཐང་ཞན་འགྱུར་དུ་འགྲོ་བ་ལེགས་བསྒྱུར། བརླན་ས་སྲུང་སྐྱོང་། གནོད་ལྡན་སྐྱེ་དངོས་སྔོན་འགོག་བཅས་སྐྱེ་ཁམས་སྲུང་སྐྱོབ་དང་སྔར་གསོའི་ལས་གཞི་ལག་བསྟར་བྱས་པས། སྐྱེ་ཁམས་བཅོས་སྐྱོང་དང་སླར་གསོ་ཐད་གྲུབ་འབྲས་མངོན་གསལ་བླངས་ཡོད།

གཙང་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་མ་ལག་གི་སྣ་མང་རང་བཞིན་དང་བརྟན་བརླིང་རང་བཞིན། རྒྱུན་མཐུད་རང་བཞིན་བཅས་ཁྱོན་ཡོངས་ནས་མཐོ་རུ་ཕྱིན་ཏེ། ནགས་རྩྭའི་ཁྱབ་ཚད74%ཡན་དུ་སླེབས་པ་དང་། ས་ནག་ཐང་བཅོས་སྐྱོང་ཁུལ་གྱི་སྔོ་ཁེབས་ཁྱབ་ཚད20%མེད་པ་ནས80%ཡན་དུ་འཕར་ཞིང་། རྩྭ་ཐང་གི་ཕྱོགས་བསྡུས་སྔོ་ཁེབས་ཁྱབ་ཚད2020ལོར61.9%ལ་སླེབས་པ་དེ2015ལོ་ལས་བརྒྱ་ཆའི་ཆ4.6འཕར། བརླན་སའི་སྔོ་ཁེབས་ཁྱབ་ཚད66%ཡས་མས་སུ་བརྟན་པོར་གནས། དེར་མ་ཟད། སྐྱེ་དངོས་སྣ་མང་རང་བཞིན་རྒྱུན་མཐུད་ངང་ཕུན་ཚོགས་སུ་ཕྱིན་པ་དང་། རི་སྐྱེས་སྲོག་ཆགས་ཀྱི་ཁྱུ་ཚོགས་མངོན་གསལ་དོད་པོས་མང་དུ་ཕྱིན་ཏེ། གཙོད་ཀྱི་གྲངས་འབོར་དེ་སྲུང་སྐྱོང་བྱས་མ་ཐག་གི་ཁྲི2ཀྱང་མི་ལོངས་པ་ནས་ཁྲི7ལྷག་ཏུ་འཕར་བ་དང་། སྟོངས་ལ་ཉེ་བའི་སྲོག་ཆགས་ཀྱི་རིགས་དེ་ཉེན་ཁ་ཆེ་བའི་སྲོག་ཆགས་ཀྱི་རིགས་སུ་གྱུར། གསའ་དང་གཟིག་ཁྲ། ཡོ་རོབ་དང་ཨེ་ཤ་ཡའི་ཆུ་སྲམ་བཅས་མང་དུ་མཐོང་བ་དང་། ཤྭ་སྐྱ་དང་འབྲོང་། རྐྱང་བཅས་ཀྱིས་གཙང་པོའི་ཆུ་འགོར་རྩེད་འཇོ་རོལ་བ་དང་། ནེ་ཁྲ་དང་ཁྲུང་ཁྲུང་སྐེ་ནག གླག་སོགས་འདབ་ཆགས་ཨ་སྔོན་དབྱིངས་སུ་ལྡིང་སྐོར་བྱེད་ལ། ས་རྟ་གྲོ་ལོ་དང་ཝ་སོགས་རྩྭ་ཐང་དུ་སོས་དལ་བག་ཕེབས་ཀྱིས་གནས་པས། གཙང་གསུམ་འབྱུང་ཡུལ་དུ་སླར་ཡང་མཚེའུ་སྟོང་གི་མཛེས་ལྗོངས་མངོན་ཞིང་།“ཀྲུང་ཧྭའི་ཆུ་ལྕོག”སྔར་བས་སྲ་བརྟན་དང་ཕུན་སུམ་ཚོགས་པར་གྱུར། །

END

འདྲ་པར་མནན་ནས་མཚོ་སྔོན་བོད་ཡིག་གསར་འགྱུར་ཚགས་པར་ཀློགས།



སྒྲིག་སྦྱོར་པ། སྟག་ལྷ་སྐྱབས། 
ལྟ་སྐུལ་པ། ཚེ་རིང་བཀྲ་ཤིས།
སྤྱི་ཁྱབ་ལྟ་སྐུལ་པ། བན་དེ་ཚེ་རིང་།


青海藏文报社
青海藏文报官方平台,及时发布涉藏地区最新资讯,弘扬主旋律,挖掘和传播优秀传统文化。
 最新文章