《རོ་སྒྲུང》དང《མི་རོ་རྩེ་སྒྲུང》ནང་གི་མོ་སྟོན་ཕག་མགོའི་གཏམ་རྒྱུད་བསྡུར་ནས་དཔྱད་པ།
གླེང་སློང་བ།
སྤྱིར་དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པའི་རོ་ལངས་གསེར་འགྱུར་གྱི་ཆོས་སྒྲུང་ཉེར་གཅིག་པ་རྒྱས་པར་བཞུགས་སོ་ཞེས་པ་སྟེ། 《རོ་སྒྲུང》དང《མི་རོ་རྩེ་སྒྲུང》གཉིས་ཀས་རྒྱལ་བུ་བདེ་སྤྱོད་བཟང་པོ་དང་རོ་དངོས་གྲུབ་ཅན་བར་གྱི་གཏམ་རྒྱུད་རྗོད་ཀྱིན་ཡོད་ལ། ང་ཚོས་ཀྱང་དེབ་དེ་གཉིས་ཡོངས་སུ་ཐ་དད་དུ་ངོས་འཛིན་པར་མི་སྲིད། དེ་ལྟར་ཡང་། 《རོ་སྒྲུང》དང《མི་རོ་རྩེ་སྒྲུང》བར་ལ་ཁྱད་པར་མི་ཉུང་བ་ཞིག་ཡོད་མོད། འདི་གར་དཔེ་ཆ་དེ་གཉིས་ལས་མོ་སྟོན་ཕག་མགོའི་གཏམ་རྒྱུད་ལོགས་སུ་བཀར་ནས་དཔྱད་པར་བྱའོ། །
དེང་སང་དར་ཁྱབ་ཆེ་ཤོས་ནི་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གི2012ལོའི《མི་རོ་རྩེ་སྒྲུང》དང་བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་གི2006ལོའི《རོ་སྒྲུང》ཡིན། དེ་ཡང《མི་རོ་རྩེ་སྒྲུང》ལ་ལེའུ་ཉི་ཤུ་རྩ་བཞི་ཡོད་ཅིང《རོ་སྒྲུང》ལ་ལེའུ་ཉི་ཤུ་རྩ་གཅིག་ལས་མེད། སྒྲུང་རེ་རེའི་ཁ་བྱང་ནི། 《མི་རོ་རྩེ་སྒྲུང》དུ་མི་སྣ་གཙོ་བོའམ་བྱུང་རིམ་གཙོ་བོ་ཚིག་ཉུང་དོན་བསྡུས་ཀྱིས་བསྟན་ཡོད་ཅིང་། 《རོ་སྒྲུང》དུ་ལྟོས་བཅས་ཀྱིས་མང་བའི་ཚིག་གིས་བྱུང་རིམ་བསྟན་ཡོད། དེ་ཡང་ཨ་སྨྲའི་སྡོང་བོའི་རྩར་སོང་ནས་རོ་དངོས་གྲུབ་ཅན་མར་འབེབ་པའི་འཇིགས་སྐུལ་གྱི་ཚིག་ལ། 《མི་རོ་རྩེ་སྒྲུང》དུ“སྟ་རེ་ཟླ་བ་དཀར་པོ། རྐྱལ་བ་སྟོང་ཤོང་ཁྲ་མོ། ཐག་པ་རྒྱ་ཁྲེས་ཁྲ་བོ”ཞེས་དང་། 《རོ་སྒྲུང》དུ། “དྲ་བ་ལྕགས་ཀྱི་མིག་དགུ། ཏོག་མ་སེང་ལྡེང་སྨུག་པོ། ཞགས་པ་འཕྲུལ་གྱི་ཨ་ལོང”ཞེས《མི་རོ་རྩེ་སྒྲུང》དང་བརྗོད་སྟངས་མི་འདྲ། དེ་མིན་བདེ་སྤྱོད་བཟང་པོའི་ངག་ནས་ཚིག་ཤོར་རྗེས་རོ་དངོས་གྲུབ་ཅན་འཕུར་ནས་ཕྱིར་དུར་ཁྲོད་དུ་ལོག་པའི་རྣམ་པ་ལ་ཡང་། 《མི་རོ་རྩེ་སྒྲུང》ལས། “ཕ་ལ་ཞེས་སླར་དུར་ཁྲོད་བསིལ་བ་ཚལ་ལ་འཕུར་སོང”ཞེས་བཀོད་ཡོད་ལ། 《རོ་སྒྲུང》དུ། “རོ་ལ་གཏམ་ཟེར་བྱ་ཁྲ་ཧུར་ཟེར་ནས་རྡུལ་འཕྱུར་རེ་ཤོར་རོ”ཞེས་དེ་གཉིས་མི་མཚུངས་པའི་ཆ་མང་། མདོར་བསྡུས་ནས་བཤད་ན་དེ་འདྲ་ཡིན་མོད། འོག་ཏུ《རོ་སྒྲུང》དང《མི་རོ་རྩེ་སྒྲུང》གཉིས་ནང་གི་མོ་སྟོན་ཕག་མགོའི་གཏམ་རྒྱུད་ཀྱི་གནད་དག་ཞིབ་ཏུ་བསྡུར་ནས་སྙིང་པོའི་ཁྱད་པར་འཚོལ་བར་བྱའོ། །
དང་པོ།《རོ་སྒྲུང》དང《མི་རོ་རྩེ་སྒྲུང》ནང་གི་མོ་སྟོན་ཕག་མགོའི་གཏམ་རྒྱུད་ཀྱི་བྱུང་རིམ་མདོར་བསྡུས།
གཅིག 《མི་རོ་རྩེ་སྒྲུང》དུ་བཀོད་པའི་བྱུང་རིམ།
ལེ་ལོ་ཅན་གཉིད་ལ་དགའ་བ་ཞིག་ཆུང་མའི་འཆར་བཀོད་འོག མར་གྲོད་པུ་ཆུང་བ་ཞིག་རྙེད་པས་སྤོབས་པ་སྐྱེས་ནས་རི་དྭགས་རྔོན་དུ་སོང་། ཁོས་ཝ་མོ་འཛིན་ཆེད་དུ་ཞྭ་ཕུད་ནས་ཁུང་སྒོ་གཅིག་བཅད། མདའ་གཞུ་རྟའི་གློ་ལ་བཏགས། རྟའི་སྲབ་མདའ་ཁྱིའི་སྐེད་ལ་སྦྲེལ་མོད། སྟབས་ཉེས་པས་ཝ་མོས་ཞྭ་གོན་ནས་རྟ་ཁྱིའང་ཁྲིད་སོང་བས་རྐང་ཐང་མགོ་རྗེན་དུ་རྗེས་བསྙེགས། མི་ལ་དྲིས་ཙ་ན་གཏམ་ཉེས་པར་སྨྲས་པས་གཅར་རྡུང་གཤེ་གཤེ་བཟེད་ནས་ལྭའང་བཤུས། དེར་རྩྭ་ཕུང་དུ་ཉལ་དུས་བླ་གཡུ་ཞིག་མཐོང་བས་ན་རྒྱལ་པོ་ལ་འུད་བཤད་དེ་མངོན་ཤེས་ཡོད་ཁུལ་གྱིས་མཆོད་ཆ་ཕག་མགོ་སོགས་ལ་བརྟེན་ནས་རྒྱལ་པོའི་བླ་གཡུ་རྙེད་ཁུལ་བྱས་སྟབས། ཁོ་ལ་མིང་གྲགས་རྒྱས་ཤིང་འདོད་པ་ལྟར་སྔར་བོར་བའི་འཁོར་གསུམ་དང་རྟ་དང་ཁྱི། ད་དུང་ཝ་ལྤགས་གཅིག་བཅས་གནང་སྦྱིན་བསྩལ།
ཡང་རྒྱལ་པོའི་མཛོད་ཁང་དུ་རྐུན་མ་འཛུལ་ནས་མོ་འདེབས་པར་བོས་པ་ལ། ཁོ་འུ་ཐུག་ནས་མཚམས་ལ་འདུག་དགོས་ཟེར་ནས་སེམས་ཁྲལ་གྱིས་ཡི་གའང་ཆད་པས་ཤ་ཟད་རུས་སྐམ་ལ་སོང་ཞིང་ཁ་ནས་ཨ་སྔོ་ནི་ཨ་སྔོ། ཨ་སྐྱ་ནི་ཨ་སྐྱ་ཟེར་བ་ལ། ཏག་ཏག་མིང་ལ་དེ་ལྟར་ཟེར་བའི་འཇབ་ཉན་བྱེད་བཞིན་པའི་རྐུན་མ་གཉིས་ཀྱིས་གོ་སྟེ་སྐྲག་ཐག་ཆོད་ནས་བརྐུས་པའི་རིན་པོ་ཆེ་རྣམས་ཕུལ་བས། ཁོ་སྔར་ལས་མིང་གྲགས་རྒྱས་ཤིང་རྒྱལ་པོས་གསོལ་རས་ཀྱང་མང་པོ་གནང་།
དེའི་རྗེས་སུ་དཔོན་པོའི་བུ་ལ་ནད་གཞི་ལྕི་མོ་ཕོག་པར་ཁོར་སྐད་བཏང་བ་ལ། གཡོལ་ཐབས་བྲལ་ནས་འགྲོ་ཁུལ་བྱས་མོད། མཚན་དེར་བུ་གཉིད་ནས་ཁ་མ་གྲག་པས་ཁོ་སྐྲག་ནས་འགྲོ་བར་བརྩམས་ཀྱང་མ་ཐར། དེ་ནས་མིའི་གླེང་མོལ་བྱེད་པ་གོ་ནས་ཐབས་ལམ་རྙེད་དེ་བུའི་སེམས་ནད་ལེགས་པར་བཅོས།
རྗེས་སུ་མི་སེར་བུད་མེད་ཅིག་གི་ཁྱོ་བོ་ཕྱིར་མ་ཡོང་བ་ལ་མོ་བཏབ་པས། གཅན་གཟན་གྱིས་ཟོས་འདུག་ཟེར་ནས་ཡོན་ཡང་བླངས་ཏེ་བསྔོ་སྨོན་བྱེད་བཞིན་པའི་སྐབས་སུ་ཁྱོ་བོ་དེས་ཤྭ་བ་ཞིག་བསད་དེ་འོང་བ་དང་ཁ་ཐུག
གཉིས།《རོ་སྒྲུང》དུ་བཀོད་པའི་བྱུང་རིམ།
ཁྱོ་བོ་སྒོ་ཁ་རང་དུ་སྡོད་པ་ཞིག་གིས་སྟབས་ཁེལ་ནས་འབྲོག་པ་སྐྱས་སྤོས་པའི་ཤུལ་ནས་ཐུད་གདར་ཞིག་རྙེད་ནས་དགའ་སྟེ་རྔོན་བྱེད་དུ་སོང་བས། ཝ་མོ་འཛིན་ཆེད་དུ་ཁྱི་དེ་རྟའི་མཐུར་ལ་བཏགས། ལུས་ཆས་རྣམས་ཕུད་དེ་རྟའི་སྔ་ཤ་ཕྱི་ཤ་ལ་བསྡམས། ཞྭ་དེ་ཝ་ཚང་ལ་བཀབ་ཙ་ན། ཝ་མོས་ཞྭ་གྱོན་ནས་བྲོས་པས་ཁོ་གཅེར་བུར་ལུས། (《མི་རོ་རྩེ་སྒྲུང》ནང་གི་འཚོལ་དུ་སོང་ནས་གཤེ་གཤེ་བཟེད་པའི་དུམ་བུ་དེ་དག་མེད)སྔར་ལྟར་རྒྱལ་པོའི་བླ་གཡུ་རྙེད་རྗེས་འཁོར་གསུམ་རྟ་ཁྱི་ལ་སོགས་པའི་གནང་སྐྱེས་ཐོབ། དེ་ལ་ཁྱིམ་དུ་ལོག་རྗེས་ཆུང་མ་མ་འཐད་པར་ཁོ་ཡིན་ཁུལ་གྱིས་རྒྱལ་པོ་ལ་ཞུ་ཡིག་བྲིས་ནས་གནང་སྦྱིན་བསླངས།
འདིར《མི་རོ་རྩེ་སྒྲུང》ནང་གི་བྱུང་རིམ་གཞན་དག་མི་འདུག་ཅིང་། དེ་ལ་རྒྱལ་པོའི་ནད་དོད་དྲག་ཏུ་ཕྱིན་པས། བློན་པོ་རྣམས་ཁོ་གདན་འདྲེན་དུ་མི་འགྲོ་ཀ་མེད་ཀྱི་གནས་སུ་གྱར། ཐབས་ཟད་ནས་འབྲོ་བར་བསམས་དུས་གཡག་ཏུ་སྤྲུལ་བའི་སྲིན་པོས་ལམ་བཀག་པ་ལ་ཁོས་གཞུས་པས། སྲིན་པོ་ཞེད་ཐག་ཆོད་ཀྱང་སྒོ་ཕྱེ་ནས་ཕྱི་ལ་བྲོས་པས་ཁོ་རང་ཡ་མཚན། དེ་ནས། སྲིན་པོས་མོ་སྟོན་གྱིས་ཁོ་ངོ་ཤེས་ནས་གསོད་གྲབས་བྱས་ཟེར་བ་དང་། སྲིན་མོས་ཀྱང་འབྲོ་ཐབས་བྲལ་སོགས་ཟེར་བ་མོ་སྟོན་གྱིས་གོ་བས། མཐར་བདེ་བླག་ངང་སྲིན་པོ་སྲིན་མོ་གཉིས་བཏུལ། ཕྱིར་ཡོང་བར་ཆུང་མས་ཡང་ཞུ་ཡིག་བྲིས་ནས་གནང་སྦྱིན་བསླངས།
གསུམ། མོ་སྟོན་ཕག་མགོའི་གཏམ་རྒྱུད་ཀྱི་བྱུང་རིམ་བསྡུར་བ།
འགོ་འཛུགས་པའི་སྐབས་ནས་རྒྱལ་པོའི་བླ་གཡུ་རྙེད་པའི་བར་དུ། སྤྱིའི་ཆ་ནས་བྱུང་རིམ་གཅིག་པར་སྣང་ལ། 《མི་རོ་རྩེ་སྒྲུང》ལ་ཝ་མོས་རྟ་ཁྱི་ཁྲིད་ནས་བྲོས་པ་ནས་རྒྱལ་པོ་ཚང་གི་རྩྭ་ཕུང་ནང་ཉལ་བའི་བར་དུ་བྱུང་རིམ་ལྷག་མ་བཞི་ཙམ་མཆིས། རེ་རེ་བཞིན་ཤི་སྡུག་བྱུང་སར“ལྷ་དང་འདྲ་བའི་དགའ་སྐྱིད་བྱེད་པ་ཚོ། ཝ་དང་རྟ་ཁྱི་ཨེ་མཐོང”ཞེས་དྲིས་པས་ཀུན་གྱིས་སྡིགས་མོ་བྱས་པ་དང་། བག་མ་བསུ་སར“འདྲེ་དང་འདྲ་བའི་སྡུག་གི་དོང་རྐོ་ཚོ”ཞེས་པས་ཡང་གཅེར་བུར་བསྐྲད་པ། གྲང་བ་མ་བཟོད་པར་ནས་འབྲུ་འཕྱར་ས་རུ“རླུང་མ་འོང”ཞེས་པས་བདའ་བ། དེ་ལ་འཛེམས་ནས་གྲང་ནའང་བསྲན་ཏེ་ཤོག་གུ་བཟོ་སར“རླུང་ཆེན་པོ་ཤོག”ཅེས་པས་དབྱུག་པ་བཟུང་ནས་བདས་པ་བཅས་སོ། །
དེ་མིན་ཁྱད་པར་གཞན་ཞིག་ཡོད་པ་ནི་ཁྱིམ་དུ་སླེབས་རྗེས་མོ་སྟོན་ཕག་མགོའི་ཆུང་མ་འབུལ་བ་ལ་བློ་ཡིད་མ་ཚིམས་པར་ཁྱོ་བོ་ཡིན་ཁུལ་གྱིས་ཞུ་ཡིག་བྲིས་པ་དེ《རོ་སྒྲུང》དུ་མ་གཏོགས《མི་རོ་རྩེ་སྒྲུང》ལ་མེད། འདི་འགབ་ཏུ་ཆུང་མའི་སྣང་བརྙན་དང་མཉམ་དུ་བཤད་པར་བྱ།
བྱུང་རིམ་ལས་ཁྱད་པར་ཆེ་ཤོས་ནི་བླ་གཡུ་རྙེད་རྗེས་རེད། དེ་ནས་བཟུང《རོ་སྒྲུང》དང《མི་རོ་རྩེ་སྒྲུང》གཉིས་ཀའི་གཏམ་རྒྱུད་ཀྱི་བྱུང་རིམ་ལ་མཚུངས་པའི་ཆ་ཕྲན་ཙམ་ཡང་མེད། མཇུག་བསྡུ་བའི་མཚམས་སུ། 《མི་རོ་རྩེ་སྒྲུང》དུ་ཁོས་མོ་བཏབ་པ་འཆུགས་ནས་དགོད་ཁ་བསླངས་ཡོད་ལ། 《རོ་སྒྲུང》དུ་ནི་རྒྱུན་གཏན་ལྟར་སྲིན་པོ་སྲིན་མོ་བཏུལ་ནས་ཆུང་མས་སླར་ཡང་ཞུ་ཡིག་བཏང་བས་ཚར་བར་བྱས་འདུག
མདོར་ན། སྔོན་གྱི་བྱུང་རིམ་ཁག་ལ་ཕྲན་བུའི་ཁྱད་པར་ཡོད་པ་བདེན་རུང་། རྩ་བའི་ཐོག་ནས་གཏམ་རྒྱུད་འདིའི་ས་བོན་གཅིག་ཡིན་པར་ཐེ་ཚོམ་མེད། འོན་ཀྱང་། ཕྱིས་ཀྱི་འཕེལ་རིམ་ལ་བལྟས་ན་ཐ་ན་གཏམ་རྒྱུད་གཅིག་ཀྱང་ཨེ་ཡིན་བསམ། ཞིབ་ཕྲ་རྗེས་སུ་དཔྱད་པར་བྱ།
གཉིས་པ། སྣང་བརྙན་ཞིབ་འབྲི་དང་བདེ་སྤྱོད་བཟང་པོའི་གདེང་འཇོག་ལས་མངོན་པའི་རིན་ཐང་ལྟ་བའི་བསྡུར་བ།
གཅིག ལེ་ལོ་ཅན་དང་ཆུང་མའི་སྣང་བརྙན་ཞིབ་འབྲི།
ཁག་དང་པོ། ལེ་ལོ་ཅན་གྱི་སྣང་བརྙན་ཞིབ་འབྲི།
《མི་རོ་རྩེ་སྒྲུང》ལས། “སྐྱེས་པ་ལེ་ལོ་ཅན་ཞིག་ཡོད་པ་དེ་ལས་ཀ་གཅིག་ཀྱང་ལས་མི་ཤེས་པ། ཆུང་མ་ཁོ་ནར་བརྟེན་ནས་ཁྱི་ལྟར་ཟ་ཞིང་ཕག་ལྟར་ཉལ”ཞེས་བྲིས་ཡོད། དེས་མི་ཚད། སྟབས་འགྲིག་ནས་མོ་བཏབ་པ་ཐིག་དུས་སུ། ཁོས་གཏམ་འདོད་ཚ་པོས་རང་ཉིད་མངོན་ཤེས་ཅན་ཡིན་ཚུལ་བསྒྲགས། དེ་དག་ལས་སྤྱིར་ལེ་ལོ་ཅན་དེ་ནི་སྒྱིད་ལུག་ཚ་ལ་འཇོན་ཐང་མེད་པ། གཏམ་འདོད་ཅན་ཞིག་ཡིན་པ་ཡང་མངོན། སྟབས་ལེགས་པའམ་གཡོ་སྒྱུའི་དབང་གིས་ཁོ་ལ་རླུང་རྟ་རྒྱུག་དོན་ནམ་སྤོབས་པ་སྐྱེས་དོན་གྱི་རྩ་བ་ནི་ཁོའི་ཆུང་མར་ཐུག་ཡོད།
《རོ་སྒྲུང》ལས། “ཁྱོ་བོ་ལབ་ལབ་གང་ཡང་མི་ཟེར་བ། སྐེ་རགས་ཀྱང་མི་འཆིང་པར་སྒོ་ཁ་རང་དུ་སྡོད་པ་ཞིག”ཏུ་བྲིས་འདུག་ལ། རྗེས་མར་རྒྱལ་པོས་འབོད་དུས་སུ་འགྲོ་མ་ཕོད་པར་ཆུང་མར་བློ་དྲིས་ནས་སེམས་ཐག་བཅད་དེ་ཆས། ཡང་བཅོལ་བའི་དོན་གྲུབ་པའི་རྗེས་སུ། ཁོས་གནང་སྦྱིན་ལ་སྔར་བོར་བའི་རྫས་སམ་ཆུང་མས་མངག་ཆ་བྱས་པའི་ཅ་དངོས་ཉུང་ངུ་རེ་མ་གཏོགས་མ་བླངས། དེ་དག་ལས་ཁོ་ནི་འདོད་ཆུང་ཆོག་ཤེས་ཅན་དང་སྙིང་ཁམས་ཆུང་ལ། ཆུང་མའི་ཚིག་བརྩི་བ་ཞིག་ཡིན་པར་མངོན། ཚུལ་དེར་བལྟས་ན། ཁོ་ནི་དུས་རྒྱུན་དུ་གྱོང་མི་ཉུང་བ་ཐེབས་མཁན་ཞིག་ཡིན་ཡང་སྲིད་པར་འདོད།
ཁག་གཉིས་པ། ཆུང་མའི་སྣང་བརྙན་ཞིབ་འབྲི།
《མི་རོ་རྩེ་སྒྲུང》ལས། ཆུང་མས་འབད་པ་བྱས་ནས་ཁ་གསོ་ཞིང་རྒྱབ་འགེབ་པ་ལ། ཟ་འདོད་ཀྱང་ལས་མི་འདོད་པའི་ཁྱོ་ག་ལེ་ལོ་ཅན་ལ་ཐབས་བཀོད་འཐེན་ནས་སྐུལ་ལྕག་དང་འཇམ་པའི་ཐབས་བཀོལ་བར་བྱས། དེ་ཡང་ཁྱོ་བོས་དོན་གྲུབ་ནས་ཕྱིར་ཡོང་ཙ་ན་སྔར་ལས་ཡག་པོ་བྱས་པ་སོགས་ལས། ཆུང་མ་ཉིད་ནི་ལས་ལ་བརྩོན་ཞིང་འཇོན་ཐང་ཆེ་བར་མ་ཟད། ད་དུང་ཐབས་ལ་མཁས་ཤིང་ཁྱིམ་མི་ལ་འདང་རྩིས་ཆེ་བ་ཞིག་ཏུ་མངོན།
《རོ་སྒྲུང》ལས་ཀྱང་། ཆུང་མ་ནི་སྤྱང་པོ་ཞིག་ཏུ་བྲིས་འདུག་ལ། ཁྱོ་བོས་དོན་གྱི་བློ་ཐག་མ་ཆོད་དུས་ཐབས་སོགས་འདོན་ཞིང་། གནང་སྦྱིན་ཉུང་བར་འདོད་དུས་ཁྱོ་བོར་གྲོས་མགོ་བཏོན་ནས་ཞུ་ཡིག་བྲིས་ཏེ་ལུགས་མཐུན་གྱི་ཁེ་ཕན་ལ་བརྩོན་ལེན་བྱེད་པ་ཞིག་རེད། དེ་ལས། ཆུང་མ་ནི་བློ་རིག་རྣོ་ཞིང་འཚོ་ཐབས་ལ་མཁས་པ་ཞིག་ཏུ་སྣང་ཞིང་། ཡང་ན་ཐོབ་ཤོར་ལ་སྣང་མེད་དང་རང་གར་མི་འཇོག་པ་ཞིག་རེད་ཟེར་ཡང་ཆོག་པར་འདོད།
སྤྱིར་དེབ་འདི་གཉིས་ཀའི་ནང་དུ་སྲོལ་རྒྱུན་གྱི་བུད་མེད་རྣམས་ཕྲག་དོག་ཆེ་བའམ་ཁ་སྟབས་ཞན་པ། ཁོག་རྒྱ་ཆུང་ཞིང་སེམས་གནག་པ། འདོད་རྔམ་ཆེ་བ་ལ་སོགས་པའི་སྣང་བརྙན་བཞེངས་མེད་པར་འཇོན་ནུས་དང་ཐབས་ཤེས་སོགས་གང་གི་ཆ་ནས་ཀྱང་ཧ་ཅང་ཕུལ་ཏུ་བྱུང་བ་ཞིག་བྲིས་ཡོད་པས། བུད་མེད་ཀྱི་ཐོབ་ཐང་གི་ཕྱོགས་སུ་སྲོལ་རྒྱུན་རྩོམ་རིག་ལས་ཐོད་བརྒལ་བྱུང་བ་ཞིག་ཏུ་ངོས་འཛིན་འོས་པར་སེམས། དེར་མ་ཟད། རང་གིས་བལྟས་ན། གནའ་སྒྲུང་དེ་ནི་བདེན་པ་གཞི་རྩར་བྱས་ཐོག་ཕྱོགས་རིས་ཀྱི་ལིང་ཏོག་གིས་མ་བསྒྲིབས་པ་ཞིག་ཏུའང་མཐོང་སྟེ། མ་གཞི་སྒྲུང་གཏམ་གྱི་སྐྱུར་རྩི་ནི་འཚོ་བ་ལས་བྱུང་བ་ཡིན་ནམ། ཡང་ན་འཚོ་བ་ལ་སྒྲུང་གཏམ་གྱིས་ཤན་ཞུགས་ཡོད་མེད་གསལ་པོར་བཤད་དཀའ་མོད། གང་ལྟར་མོ་སྟོན་ཕག་མགོའི་ནང་གི་ཆུང་མ་གྲུང་པོ་འཇོན་པོ་དེ་དང་དེ་འདྲ་བ་ནི་སྒྲུང་གཏམ་ཙམ་ཞིག་མ་ཡིན་པར་དངོས་ཡོད་འཚོ་བའི་ཁྲོད་དུའང་མང་པོ་ཡོད་པ་ཀུན་གྱི་མཐོང་ཆོས་ལྟར་ཡིན། དེ་ལྟ་ན་ཡང་། ང་ཚོའི་ངག་རྒྱུན་དང་རྩོམ་རིག ཟློས་གར། སྒྱུ་རྩལ། གློག་བརྙན། འཚོ་བ་སོགས་ལས་དེང་དུས་ཀྱི་ནུབ་ཕྱོགས་ལྟར་དུ་སྐྱེས་མའི་རིན་ཐང་དང་འཇོན་ནུས་རྩལ་དུ་བཏོན་ནས་གླེང་བ་དང་བསྒྲགས་པ་ནི་ཧ་ཅང་ཉུང་ཚོད་རེད། དེས་ཀྱང་རང་རེའི་རྗེས་རབས་པ་རྣམས་ལ་ཁ་མིག་ཡར་ལྟ་བྱེད་སའི་མིག་དཔེ་མེད་པར་གཏོང་བ་ལས་གཞན་ཅི་ཨང་།
གཉིས། བདེ་སྤྱོད་བཟང་པོའི་གདེང་འཇོག་དང་དེ་ལས་མངོན་པའི་རིན་ཐང་ལྟ་བ།
《མི་རོ་རྩེ་སྒྲུང》དུ་བདེ་སྤྱོད་བཟང་པོས“ལྷ་པ་མོ་པ་སྒྱུ་མ་གསུམ། འཇིག་རྟེན་ཁམས་ཀྱི་རྫུན་རྐྱལ་གསུམ”ཞེས་ཟེར་བ་དེ། མོ་སྟོན་ཕག་མགོས་མོ་བཏབ་ནས་འཆུགས་ཏེ་བུད་མེད་དེའི་ཁྱོ་བོ་ཕྱིར་ཁྱིམ་དུ་སླེབས་པ་ལས་བདེན་པ་ར་འཕྲོད་པར་བྱས་ཡོད་ཅིང་། “བདེན་ལུང་པ་གཉིས་ཀྱི་ཕུ་ཐག་རིང་། རྫུན་ཨ་བྲ་གཉིས་ཀྱི་རྔ་མ་ཐུང”ཞེས་པའི་གཏམ་དཔེ་ལྟར་དུའང་སོང་འདུག་པས། དེ་ལྟར་གཏམ་རྒྱུད་ལས། གཡོ་རྫུན་གྱི་ལས་གང་ཞིག་ཡིན་རུང་མཐའ་འཁྱོལ་མི་སྲིད་པ་བསྟན་ཡོད།
《རོ་སྒྲུང》དུ་ནི་སྲིན་པོ་བཏུལ་རྗེས་ཆུང་མས་སླར་ཡང་རྒྱལ་པོར་ཞུ་ཡིག་བྲིས་པའི་མཚམས་སུ་བདེ་སྤྱོད་བཟང་པོས་མ་བཟོད་དེ། “རྒྱལ་པོའི་ཁ་ནས་མི་དེ་ལམ་འགྲོ་རྒྱུག་པའི་ཐོག་ལ་ཆུང་མ་དེས་ཁོའི་མགོ་བཏོན་འདུག”ཅེས་བཤད་ཡོད་ཀྱང་། དེ་ཙམ་དུ་སྟབས་ཁེལ་ནས་མོ་སྟོན་ཕག་མགོའི་རྫུན་ཕུགས་བརྡོལ་མེད་ལ། གཏམ་རྒྱུད་འདིའི་མི་སྣ་གཞན་དག་ལས་ཐ་དད་པའི་བདེ་སྤྱོད་བཟང་པོས། མཚམས་འདིར་ཆུང་མའི་དྲིན་གྱིས་ཁོ་ལ་གྱོང་གུན་ཆེར་མ་བྱུང་བ་བརྗོད་དེ། ཐོབ་ཤོར་སྐོར་གྱི་རིན་ཐང་ལྟ་བ་མཚོན་པར་བྱས་ཡོད།
གསུམ་པ། 《རོ་སྒྲུང》དང《མི་རོ་རྩེ་སྒྲུང》གི་ཞིབ་ཆའི་སྐོར་བཤད་པ།
གཅིག 《མི་རོ་རྩེ་སྒྲུང》ལ་ཞིབ་ཆ་ལྡན་ཞིང་། 《རོ་སྒྲུང》ལ་མི་ལྡན་པ།
《མི་རོ་རྩེ་སྒྲུང》ལས་ཐོག་མར་ལེ་ལོ་ཅན་དེ་ནི་ཉིན་རྟག་པར་ཉལ་ནས་ལས་ཀ་ཅི་ཡང་མི་བྱེད་པར་ཡོད་པ་ལ། ཆུང་མས་ཐབས་ཤེས་འཐེན་ནས་མར་རྡོག་ཅིག་ས་འོག་ཏུ་སྦས་ཏེ་ཁོ་རང་འཚོལ་དུ་འགྲོ་བར་བསྐུལ་ཞིང་སེམས་ཤུགས་བསྐྱེད། དེའང་ཆུང་མའི་འཆར་བཀོད་ཞིབ་མོའི་འོག་ཏུ་ད་གཟོད་རྙེད་པ་ཡིན་ལ། 《རོ་སྒྲུང》ལྟར་འབྲོག་པ་རྣམས་སྐྱས་སྤོས་པའི་ཤུལ་དུ་སྟེས་དབང་གིས་རྙེད་པ་ཞིག་མ་ཡིན།
དེ་ནས་གོས་མེད་པར་གཅེར་བུར་རྒྱལ་པོའི་ཕོ་བྲང་དུ་འབྱོར་དོན་ལ། “ཞྭ་གོན་པའི་ཝ་དང་། རྟ་ཁྲིད་པའི་ཁྱི། མདའ་གཞུ་ཁུར་བའི་རྟ་ཞིག་ཨེ་རིག”ཅེས་འཚོལ་དུ་འགྲོ་དུས་གཏམ་ཉེས་པར་སྨྲས་པས་མི་གཞན་གྱིས་ལྭ་བཤུས་པ་ལས། རོ་སྒྲུང་དུ་ཝ་མོ་འཛིན་དུས་ཐད་ཀར་ལྭ་བ་ཚང་མ་ཕུད་ནས་སྦྲེལ་ཐག་བྱས་པ་ལྟར་མིན་པས། ཆོབ་ཚ་པོ་དང་དགོད་བྲོ་བ་ཞིག་ཏུ་བྲིས་འདུག
རྒྱལ་པོའི་བླ་གཡུ་འཚོལ་དུས་བདམས་པའི་མཆོད་ཆ་ལ《རོ་སྒྲུང》དུ་གོས་ཆ་ཚང་ཞིག་དང་ཕག་མགོ་གཅིག་ལས་མ་བླངས་པས། ཅུང་ཚགས་མི་དམ་པའི་སྣང་བ་སྟེར། དེ་ཡང《མི་རོ་རྩེ་སྒྲུང》དུ་ནི་དེ་སྔ་ནས་ཁོས་གཏོ་མདོས་མོ་རྩིས་སོགས་ཤེས་པར་སྨྲས་ཡོད་པས། མཆོད་ཆ་ལ་ཕག་མགོ་དང་། གཏོར་རྩམ། དར་མཚོན་སྣ་ལྔ་སོགས་བླངས་པར་མ་ཟད། མོ་འདེབས་ཐེངས་ཕྱི་མ་དག་ཏུ་མཚམས་ལ་སྡོད་པ་དང་། གཏོར་མ་བཅའ་བ། བསྔོ་སྨོན་བྱེད་པ་སོགས་ཞིབ་ཆ་ཆེ་ལ་གཏན་ཚིགས་ཀྱི་ཚགས་ཀྱང་དམ་པར་འདུག
གཉིས། 《རོ་སྒྲུང》ལ་ཞིབ་ཆ་ལྡན་ཞིང་། 《མི་རོ་རྩེ་སྒྲུང》ལ་མི་ལྡན་པ།
《མི་རོ་རྩེ་སྒྲུང》ལ་བླ་གཡུ་རྙེད་ཐེངས་དེར་བོར་བའི་རྟ་ཁྱི་འཁོར་གསུམ་དང་། ཕ་རོལ་པོས་འབུལ་བ་གྱ་ནོམ་པ་ཕུལ་བ་ལས་གཞན་གང་ཡང་བརྗོད་མི་འདུག
《རོ་སྒྲུང》ལས་བླ་གཡུ་རྙེད་པ་གོང་གསལ་ལྟར་ཡིན་ཞིང་། སྲིན་པོ་བཟའ་ཟླ་འདུལ་བར་དེ་སྔ་ཆུང་མས་མངག་ཆ་བྱས་པའི་ཐགས་ཆ་དང་སྣ་འཇུ་དགོས་པར་ཞུས་ཤིང་། དེ་གར་རྒྱལ་པོས་ཀྱང་དེ་ལྟར་གནང་མོད། ཐེངས་གཉིས་ཀར་ཆུང་མས་ཞུ་ཡིག་བཏང་ནས་འབུལ་བ་ཚད་དང་རན་པ་གནང་བར་ཞུས་ཡོད། དེ་ཡང་། འདི་ལ་འབུལ་བའི་སྐོར་གྱི་ནང་དོན་ལ་ཡིག་འབྲུ་མི་ཉུང་བ་ཞིག་བྲིས་ཡོད་ཅིང་། དུམ་བུ་དེ་མེད་ལ་བྱུང་རིམ་ལའང་ཤུགས་རྐྱེན་ཆུང་མོད། དེས་སྟོན་འདོད་པའི་སྙིང་པོ་ནི་ཐོབ་ཤོར་གྱི་རྩིས་ཀྱི་སྐོར་མིན་ཞེས་ཀྱང་བརྗོད་དཀའ།
གསུམ། 《མི་རོ་རྩེ་སྒྲུང》མཚོན་དོན་བཟང་བའི་སྐོར།
ལེ་ལོ་ཅན་ལ་མོ་སྟོན་ཕག་མགོ་ཞེས་པའི་མིང་ཐོགས་ཚུལ་ནི《རོ་སྒྲུང》ལྟར་རྒྱལ་པོས་ཚུར་བཏགས་པ་མིན་པར། ཁོས་རང་ཉིད་ལ་བཏགས་ནས་རྒྱ་ཆེར་བསྒྲགས་པ་ཞིག་རེད། དེ་ལས་ཁོ་ནི་ཧ་ཅང་གཏམ་འདོད་ཆེ་ཞིང་སྙན་གྲགས་ལ་དགའ་བའང་གསལ་པོར་མཐོང་ཐུབ།
བྱུང་རིམ་གྱི་ངོས་ཐད་ནས། རྟ་དང་ཁྱི་སོགས་འཚོལ་བ་དང་། མཛོད་དུ་རྐུན་མ་འཛུལ་བ། དཔོན་པོའི་བུ་ལ་སྙུང་གཞི་དྲག་པོ་བྱུང་བ། དུད་ཁྱིམ་གྱི་བུད་མེད་ལ་མོ་འདེབས་པ་བཅས་ཀྱི་བྱུང་རིམ་ཚང་མ་ནི་འཚོ་བ་དང་བར་ཐག་ཤིན་ཏུ་ཉེ་ཞིང་། ཀློག་པ་པོ་ལ་འགུག་ཤུགས་ཧ་ཅང་ཆེན་པོ་ལྡན་པར་སྣང་།
དེ་ཡང་། མཇུག་སྒྲིལ་བའི་མཚམས་སུ། ཁོས་བུད་མེད་དེའི་ཁྱོ་བོ་གཅན་གཟན་གྱིས་ཟོས་འདུག་ཟེར་ནས། བུད་མེད་དེའི་རྒྱན་ཆའང་ཡོན་དུ་བླངས་ནས་བསྔོ་སྨོན་བྱེད་བཞིན་པའི་སྐབས་སུ། ཁྱོ་བོས་ཤྭ་བ་བསད་ནས་ཕྱིར་ཁྱིམ་དུ་ལོག་པས་ཁ་སྐྱེངས་པོ་བཟོས། དོན་ལ་དེ་ནི་དགོད་བྲོ་བ་ཙམ་དུ་མ་ཟད། མི་རྣམས་ལ་འདང་རྒྱག་གི་བར་སྟོང་ཆེན་པོ་ཞིག་སྟེར་བས། བྱུང་རིམ་ཕྲ་མོ་དེས་མོ་སྟོན་ཕག་མགོའི་གཏམ་རྒྱུད་ནི་གཡོ་རྫུན་ལ་བརྟེན་ནས་ལེ་ལོ་ཅན་ཞིག་ལ་རླུང་རྟ་བརྒྱུགས་པ་ཙམ་ལས་རིང་དུ་འཕགས་འདུག་པར་སྙམ།
བཞི་པ། 《རོ་སྒྲུང》དང《མི་རོ་རྩེ་སྒྲུང》ལས་ཡ་མཚན་ཆེ་བའི་གནས་འགའ།
《རོ་སྒྲུང》ལས་སྲིན་པོ་སྲིན་མོ་བཟའ་ཟླ་གཉིས་མོ་སྟོན་ཕག་མགོ་ལ་སྐྲག་སྟེ་སྙིང་གས་ཀྱང་། མཐའ་མར་འབྲོ་བར་མ་བརྩམས་པ་དེ་ནི་ཅུང་བློ་ཡུལ་དུ་མི་ཤོང་བ་ཞིག་ཏུ་འདུག
《མི་རོ་རྩེ་སྒྲུང》ལས་མཇུག་མཐར་བུད་མེད་ཅིག་ལ་མོ་འདེབས་པའི་སྐབས་སུ། རྒྱུ་མཚན་སོགས་ཅི་ཡང་མ་བརྗོད་པར་དོན་མེད་དུ་མོ་བཏབ་པ་འཆུགས་ཟེར། སྔ་ཕྱི་གང་དུའང་རྒྱུ་རྐྱེན་ཅི་ཡིན་མ་བཤད་པས་ཅུང་མགོ་འཐོམས་པར་བྱེད་པ་ཞིག་ཏུ་འདུག
མཇུག་བསྡུ་བ།
སྡུར་བའི་ལམ་ནས་མོ་སྟོན་ཕག་མགོར་དཔྱད་པ་བྱས་པ་ལས། 《རོ་སྒྲུང》དང《མི་རོ་རྩེ་སྒྲུང》གཉིས་ཀྱི་མི་འདྲ་བའི་ཆ་རྣམས་ཀྱང་ཅུང་ཟད་རྟོགས་ཐུབ་ཅིང་། བོད་ཀྱི་སྲོལ་རྒྱུན་རིག་གནས་དང་རིན་ཐང་ལྟ་བ་ནི་སྔར་གྱི་སྒྲུང་དག་ལས་ཀྱང་མངོན་ཡོད་པ་རྟོགས་ཐུབ། གང་ལྟར་ཡང་། བོད་ལ་དར་ཁྱབ་ཆེ་ཞིང་རྩ་བ་གཅིག་ལས་བྱུང་བའི་དེབ་བམ་གཏམ་རྒྱུད་འདི་གཉིས་ནི་ང་ཚོས་མ་བཀླག་ཐུ་མེད་ཅིག་ཏུ་ཅིས་ཀྱང་མཐོང་ངོ་། །
འདྲ་པར་མནན་ནས་མཚོ་སྔོན་བོད་ཡིག་གསར་འགྱུར་ཚགས་པར་ཀློགས།