སྨྲ་བ་ཇེ་ཉུང་དུ་བུད་སོང་།
སྐད་གདངས་ཇེ་ཆེ་རུ་གྱུར་སོང་།
དགུན་ཟླ་གསུམ་གྱི་རིང་ལ།
བུ་ཡུག་འཚུབ་པ་མ་ཆད།
མཚན་མོ་ལ་མི་དགའ་བར་གྱུར།
དགུན་ཁ་ལ་ཞེད་པར་གྱུར།
བུ་ལོན།
ཁོ་བོས་ཁྱོད་ལ་ཟླ་བ་ཞིག་ཆད་ཡོད།
ཟླ་བ་གོར་གོར་ཞིག་ཆད་ཡོད།
སྐད་ཆས་མཚོན་ཐབས་མེད་པ་ཞིག་ཆད་ཡོད།
ཉི་ནུབ།
ཁྱོད་ཀྱིས་ཤིན་ཏུ་འཁྱག་པའི་ཕྱི་དྲོ་དེར།
རྒྱུད་སྐུད་ཆད་པའི་རོལ་མོ་དཀྲོལ་འདོད་མེད་རྐྱེན།
ཁུ་སིམ་མེར་གླུ་དབྱངས་གཏོང་མཚམས་བཞག་སོང་།
རྫ་བུམ་ཆག་རོའི་ནང་གི་མེ་ཏོག་རྙིད།
ལོ་འདབ་རེ་རེ་བཞིན་མུ་ནས་ས་རུ་འཐོར།
མཚན་མོ་དང་ཆེས་ཁ་ཐག་རིང་བའི་ཁྱོད།
དུས་ཡོལ་སོང་བའི་བརྩེ་དུང་གི་རྙི་རུ་ཚུད་དེ།
ཁྱོད་རང་ཉི་ནུབ་ལ་ཁ་གཏད་ནས་འདུག་དགོས་བྱུང་།
འདྲ་པར་མནན་ནས་མཚོ་སྔོན་བོད་ཡིག་གསར་འགྱུར་ཚགས་པར་ཀློགས།