གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་སྐྱེ་ཁམས་རིན་ཐང་གླེང་བ།
དབང་གྲགས། མཚོ་སྔོན་དགེ་འོས་སློབ་གྲྭ་ཆེན་མོ།
དང་པོ། སྤྱི་གླིང་གི་ཁྱབ་ཁོངས།
གཉིས། སྐྱེ་ཁམས་རིན་ཐང་།
1.སྐྱེ་ཁམས་ཀྱི་མ་ལག་ཕུན་སུམ་ཚོགས་པ།
གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་གླིང་ཁུལ་དུ་འཁྱག་རོམ་དང་ན་འདམ། མཚོ་དང་མཚེའུ་མང་བས་བརླན་སའི་གཞི་རྒྱ་ཆེ་བའི་ས་མཐོའི་སྣ་མང་རང་བཞིན་ཅན་གྱི་སྐྱེ་དངོས་ཁོར་ཡུག་ཅིག་གྲུབ་ཡོད། དེར་མ་ཟད་ཆུ་བོ་རྨ་འབྲི་རྫ་གསུམ་གྱི་འགོ་ཁུངས་ཡིན་ལ། འབྲི་ཆུའི་སྤྱིའི་ཆུ་འབོར་གྱི25%དང་རྨ་ཆུའི་སྤྱིའི་ཆུ་འབོར་གྱི49%། རྫ་ཆུའི་སྤྱིའི་ཆུ་འབོར་གྱི15%དེ་ནས་བཞུར་གྱིན་ཡོད་ལ། དེས་སྨད་རྒྱུད་དུ་ལོ་རེར་ཆུའི་ཐོན་ཁུངས་སྨི་རྒྱ་དཔངས་གྲུ་བཞི་མ་དུང་ཕྱུར6000ལས་བརྒལ་བ་མཁོ་འདོན་བྱེད་བཞིན་ཡོད་པས“ཀྲུང་ཧྭའི་ཆུ་ལྕོག”ཅེས་པའི་མཚན་སྙན་ཡོད། གཙང་གསུམ་འབྱུང་ཡུལ་དུ་བསྡོམས་པས་རི་སྐྱེས་སྲོག་ཆགས་རིགས270ཙམ་ཡོད་ལ། དེ་ལས་རི་དྭགས་ཀྱི་རིགས62དང་འདབ་ཆགས་ཀྱི་རིགས196ཡོད་ཅིང་། གཙོད་དང་གསའ་སོགས་རྒྱལ་ཁབ་ཀྱི་རིམ་པ་དང་པོའི་སྲུང་སྐྱོབ་སྲོག་ཆགས་རིགས8དང་། གཡི་དཀར་སོགས་རྒྱལ་ཁབ་རིམ་པ་གཉིས་པའི་སྲུང་སྐྱོབ་སྲོག་ཆགས་རིགས14དང་། ཁྲུང་ཁྲུང་སོགས་རྒྱལ་ཁབ་རིམ་པ་དང་པོའི་སྲུང་སྐྱོབ་བྱ་རིགས8ཡོད་པ་དང་། བྱ་རྒོད་སོགས་རྒྱལ་ཁབ་ཀྱི་རིམ་པ་གཉིས་པའི་སྲུང་སྐྱོབ་བྱ་རིགས27བཅས་ཡོད་པས“སྲོག་ཆགས་ཀྱི་ཕ་ས”ཞེས་པ་ནི་མིང་དོན་མཚུངས་པ་ཞིག་ཡིན་ནོ། །
2. སྐྱེ་ཁམས་ཀྱིས་དམངས་འཚོ་ལེགས་བཅོས་བྱས་པ།
2021ལོར་གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དངོས་སུ་བཙུགས་པ་ནས་བཟུང་སྤྱི་གླིང་གི་ཁྱབ་ཁོངས་ཡོངས་སུ་སྤྱི་ཕན་ལས་གནས་འདོན་སྤྲོད་བྱས་པ་དེ་ནི་སྤྱི་ཚོགས་ཀྱི་ལས་ཞུགས་གནོན་ཤུགས་ཆུང་དུ་གཏོང་བ་དང་ས་གནས་ཀྱི་དམངས་འཚོ་ལེགས་སྒྱུར་བྱེད་པའི་དོན་བཟང་ཞིག་ཏུ་མངོན། གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གིས་ཁྱིམ་ཚང་རེ་ནས་སྤྱི་ཕན་ལས་གནས་མི་སྣ་རེ་སྐྱེ་ཁམས་བདག་སྐྱོང་པར་བཀོད་སྒྲིག་བྱས་ནས་ད་སྔར་མི་གྲངས་ཁྲི་གཉིས་ལྷག་ཡོད།དེས་ས་གནས་མང་ཚོགས་ལ་སྐྱེ་ཁམས་ཀྱི་ཕོར་བ་སྤྲད་ནས་དམངས་འཚོ་ལེགས་བཅོས་བྱས་ཡོད། དེ་ལས་འདིར་དཔེ་མཚོན་ཙམ་ཞིག་ཞུས་ན། རྫ་ཆུའི་གླིང་ཁུལ་གྱི་རྫ་སྟོད་རྫོང་རྣམ་སྲས་ཞང་གི་འབྲོག་ཁྱིམ་གཡང་ཐར་ཚང་ནི་སྔོན་ཆད་ཕྱུགས་ཟོག་སྐྱོང་བ་ཁོ་ནས་འཚོ་བ་རོལ་བཞིན་ཡོད་ལ། གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་བཙུགས་པ་ནས་བཟུང་ཁོ་རང་སྐྱེ་ཁམས་བདག་སྐྱོང་པ་ཞིག་ཏུ་གྱུར་པ་དང་། དེར་མ་ཟད་ཁོས་སྐྱེ་ཁམས་ཡུལ་སྐོར་གྱི་གོ་སྐབས་སྤྱད་པ་དང་དམངས་སྲོལ་མགྲོན་ཁང་གི་ཚོང་ལས་གཉེར་ནས་ལོ་རེའི་ཡོང་འབབ་སྒོར་ཁྲི་གསུམ་ལས་བརྒལ་ཡོད། རི་ཆུ་རང་བྱུང་སྲུང་སྐྱོབ་ལྟེ་གནས་ཀྱི་གསར་གཏོད་པ་པེ་ཅིན་སློབ་གྲྭ་ཆེན་མོའི་དགེ་རྒན་ཆེན་མོ་ལུའི་ཀྲི་ཡིས་གསར་འགོད་པར་བཤད་པ་ལྟར་ན། རྣམ་སྲས་ཞང་གི་རང་བྱུང་མྱོང་རོལ་བྱ་འགུལ་ནི་གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་བདག་གཉེར་ལས་ཚན་དང་པོའི་རྒྱལ་ཁའི་གྲུབ་འབྲས་ཡིན་ལ། ཡུལ་སྐོར་པ་འབྲོག་པའི་ཁྱིམ་ཚང་དུ་བསྡད་དེ་རང་བྱུང་ལ་ལྟ་ཞིབ་རོལ་མྱོང་བྱེད་པ་དང་མཉམ་དུ་ས་གནས་མང་ཚོགས་ཀྱི་འཚོ་བ་རོལ་སྟངས་དང་རང་བྱུང་ཁོར་ཡུག་ལ་བཟུང་བའི་སྐྱེ་ཁམས་ལྟ་བ་དང་རྣམ་འགྱུར། སྤྱོད་པ། བྱེད་སྟངས་སོགས་ལ་རོལ་མྱོང་ལྟ་ཞིབ་བྱེད་པ་དང་། ཁོང་ཚོས་ཅི་ལྟ་བུའི་སྒོ་ནས་མི་དང་རང་བྱུང་འཆམ་མཐུན་མཉམ་གནས་ཡོང་བར་རྒྱུས་ལོན་བྱེད་ཆོག་པ་ཡིན། ད་ལྟའི་བར་རང་བྱུང་མྱོང་རོལ་གྱི་བྱ་འགུལ་འདིས་བྲག་རོང་ཟབ་སའི་རི་གྲོང་འདིར་དམངས་སྒོར་ཁྲི200ཡི་ཡོང་སྒོ་བསྐྲུན་ཡོད་ཅེས་བཤད། གོང་གསལ་གྱི་དཔེ་མཚོན་ལས་ང་ཚོས་གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གིས་མཚོ་བོད་མཐོ་སྒང་གི་རང་བྱུང་ཁོར་ཡུག་དང་སྐྱེ་ཁམས་མ་ལག་ལ་ཁྲིམས་མཐུན་ལུགས་མཐུན་གྱིས་སྲུང་སྐྱོབ་བྱས་པར་མ་ཟད། ས་གནས་ཀྱི་དམངས་འཚོ་ལེགས་བཅོས་བྱས་ནས་རྒྱུན་མཐུད་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བཞིན་ཡོད་པ་རྟོགས་ཐུབ།
གསུམ། བཅའ་ཁྲིམས་ལ་བརྟེན་ནས་སྐྱེ་ཁམས་སྲུང་བ།
2024ལོའི་ཟླ6པར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་མཚོ་སྔོན་ལ་རྟོག་ཞིབ་ཏུ་ཕེབས་སྐབས“མཚོ་སྔོན་གྱིས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཕྱོགས་ཡོངས་ནས་ལག་བསྟར་ནན་ཏན་བྱེད་པ་དང་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་ཞིང་གནད་ལ་འཁེལ་བའི་སྒོ་ནས་རང་ངོས་ཀྱི་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ཏེ། སྐྱེ་ཁམས་སྔོན་ལ་འཇོག་པ་དང་། ལྗང་མདོག་གི་འཕེལ་རྒྱས་གཏོང་རྒྱུ་རྒྱུན་འཁྱོངས་བྱེད་དགོས”ཞེས་གསུངས་པ་དང་། ཁོང་གིས་ནན་གྱིས་གསུང་དོན“མཚོ་བོད་མཐོ་སྒང་གི་སྐྱེ་ཁམས་མ་ལག་ཕུན་སུམ་ཚོགས་པ་དང་སྣ་མང་ཡིན་པར་མ་ཟད་ཧ་ཅང་ཉམས་ཞན་ཡང་ཡིན་པས། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལ་ཤུགས་སྣོན་བརྒྱབ་ནས་སྐྱེ་ཁམས་ཀྱི་ནུས་པ་ཆེ་རུ་གཏོང་རྒྱུ་ནི་མཚོ་སྔོན་གྱི་ལས་འགན་གཙོ་བོ་ཡིན”ཞེས་གསུངས་པ་བཞིན་གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གིས་ཐོག་མཐའ་བར་གསུམ་དུ་སྤྱི་ཁབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མངགས་བཅོལ་ཡིད་ལ་བཟུང་ནས་ཐོག་མའི་ཕུགས་འདུན་མི་བརྗེད་པར《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་མཚོ་བོད་མཐོ་སྒང་སྐྱེ་ཁམས་སྲུང་སྐྱོབ་བཅའ་ཁྲིམས》གཞིར་བཟུང་ནས་ཚན་རིག་དང་མཐུན་པའི་ཁྲིམས་འཛུགས་དང་། དམངས་གཙོ་ཁྲིམས་འཛུགས། ཁྲིམས་ལྟར་ཁྲིམས་འཛུགས་བཅས་སྐྱེ་ཁམས་ཁྱབ་ཁོངས་ཀྱི་ཁྲིམས་འཛུགས་གོམ་འགྲོས་ཇེ་མགྱོགས་སུ་བཏང་ཞིང་། གཙང་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་འགན་འཁྲི་དང་ལེན་བྱས་ཤིང་། བློ་བརྟན་འགྱུར་མེད་ངང་རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་ལ་ཁག་ཐེག་བྱས་ནས་གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་ལེའུ་གསར་པ་བྲིས་དང་འབྲི་བཞིན་ཡོད་དོ། །
འདྲ་པར་མནན་ནས་མཚོ་སྔོན་བོད་ཡིག་གསར་འགྱུར་ཚགས་པར་ཀློགས།