རྟོགས་པ་གྲོལ་བའི་མགུར་། རྩེ་གང་ཤར།

文摘   2024-11-01 17:28   青海  












རྟོགས་པ་གྲོལ་བའི་མགུར།

རྩེ་གང་ཤར། རྨ་ལྷོ།

སེམས་ཀྱི་མེ་ལོང་ངོས་སུ་འཛུམ་པ་ཡི། །

རྣམ་རྟོག་སྤྲིན་རིས་འདི་ཡང་རྫུན་པ་སྟེ། །

དབྱར་གྱི་ཆར་རྗེས་ཤར་བའི་འཇའ་ཚོན་བཞིན། །

ཅོལ་ཆུང་བྱིས་པ་བསླུ་བའི་ཆོམ་རྐུན་ཉིད། །


སེམས་ཀྱིས་ཉེ་ན་ཡོད་ཚད་དྲུང་ན་གནས། །

དགྲ་ལ་བྱམས་པའི་མེ་ཏོག་ཕུལ་ཡང་ཆོག །

དགའ་སྡུག་རླུང་བུའི་བུ་ཡུག་འཚུབ་པའི་ཚེ། །

བརྩེ་བའི་གུར་ཁང་ནང་གི་སྒྲོན་མེ་གཟིམས། །


ཐར་བའི་མྱུ་གུ་བྱང་སེམས་ཁུད་ནས་འཁྲུངས། །

ཉམས་རྟོགས་ཡོན་ཏན་ལྟ་བའི་གདོང་ནས་བཀྲ། །

འཁོར་འདས་རྫུན་རྐུབ་ཕུད་པའི་ཕར་རྒྱབ་ན། །

འགྱུར་མེད་བདེ་བ་ཆེན་པོའི་བཙན་ས་ཡོད། །


མི་ཚེ་སྟོན་མཚན་རིང་མོའི་རྨི་ལམ་འདྲ། །

མེད་སྣང་སྒྱུ་མའི་ཆོས་ཀྱིས་གཙེས་པའི་ཚེ། །

དགའ་སྐྱོ་ཆགས་སྡང་རླབས་ཕྲེང་བསྟུད་མར་འབྱུང་། །

སུས་ཀྱང་མ་བྱས་ཀུན་བྱེད་རི་མོ་ཡིན། །


ཡར་མཐའ་གང་ནས་འོངས་པ་མི་རྟོགས་ཤིང་། །

མར་མཐའ་གང་དུ་འགྲོ་བ་མ་ངེས་པའི། །

བདག་འཛིན་གདོན་གྱི་དཔའ་བོ་ཁེར་རྒྱུགས་དེས། །

སྐྱེ་བོ་ཕལ་ཆེར་སྡུག་བསྔལ་འོབས་སུ་བརྫངས། །


བྱ་བའི་ལམ་འགྲོ་སྤྲིན་བར་ཉི་མ་འདྲ། །

རླུང་རྟའི་དར་རྒུད་ཟླ་བའི་འཕེལ་འགྲིབ་བཞིན། །

བདེ་སྡུག་སྣང་བ་འདི་ཡི་རང་བཞིན་ཡིན། །

ཕལ་བའི་མི་ཚེ་འདི་ལ་ཡིད་རྟོན་ཅི། །


འདུན་མ་བརྒྱ་ལ་གྲུབ་པ་གཅིག་དང་གཉིས། །

འབད་པས་གྲུབ་ལ་སྙིང་པོ་ཏིལ་འབྲུ་ཙམ། །

སོ་སྐྱེས་ང་ཅག་ཧམ་པའི་རྩེད་ཆས་ཏེ། །

གང་སར་གཡུག་པ་རྐང་རྩེད་སྤོ་ལོ་བཞིན། །


ལ་ལས་འབྱུང་འགྱུར་མོ་དང་རྩིས་ལ་བཅོལ། །

འགའ་ཡིས་ཡོད་ཚད་རྗེས་དཔག་བློ་ལ་བཅོལ། །

གལ་ལ་ཐུག་ཚེ་རང་རྐྱ་མི་ཐུབ་པའི། །

འཁྲུལ་སྣང་སྣོན་མ་འདིས་ཀྱང་ཅི་ཞིག་བྱ། །


མེད་སྣང་འདི་ལ་མཛུབ་མོ་གདོང་བཙུགས་ཀྱིས། །

ཁྱོད་ནི་རྫུན་ལ་ང་ནི་བདེན་ནོ་ཞེས། །

རེ་དོགས་མཁའ་རུ་ཆགས་སྡང་སྤྲིན་ནག་འཁྲིགས། །

འདི་ཡང་མ་བོས་སྡུག་བསྔལ་ལྷག་མ་ཞིག །


རེ་བའི་སྣེ་མོར་འཇིག་རྟེན་ཆོས་བརྒྱད་ཀྱི། །

དར་ཚོན་ལན་བུ་ཤམ་པའི་དགུ་མདུད་འདི། །

ནམ་ཞིག་རང་སར་མ་གྲོལ་དེ་སྲིད་དུ། །

དོན་གྱི་བདེ་བ་བྱང་ཕུག་ཉི་སྒུག་འདྲ། །



འདྲ་པར་མནན་ནས་མཚོ་སྔོན་བོད་ཡིག་གསར་འགྱུར་ཚགས་པར་ཀློགས།



རྩོམ་སྒྲིག་པ། གཡང་འབུམ་ཚེ་རིང་།
སྒྲིག་སྦྱོར་པ། གཡང་འབུམ་ཚེ་རིང་།
ལྟ་སྐུལ་པ། ཚེ་རིང་བཀྲ་ཤིས།
སྤྱི་ཁྱབ་ལྟ་སྐུལ་པ། བན་དེ་ཚེ་རིང་།

青海藏文报社
青海藏文报官方平台,及时发布涉藏地区最新资讯,弘扬主旋律,挖掘和传播优秀传统文化。
 最新文章