མར་སྟེང་ཆུ་གློག་ས་ཚིགས་ཀྱི་འཁོར་ཆས་རྗེས་མའི་དཔྱང་སྒྲིག་གྲུབ་པ།

文摘   2024-11-07 10:29   青海  

མར་སྟེང་ཆུ་གློག་ས་ཚིགས་ཀྱི་ཆེས་མཇུག་མཐའི་འཁོར་ཆས་དཔྱང་འདེགས་ལྷུ་སྒྲིག་ལེགས་འགྲུབ་བྱུང་།

འཆར་གཞི་ལྟར་ན་ཟླ12པའི་ཟླ་མཇུག་ཏུ་སྒྲིག་ཆས་ཁག་ཐོན་སྐྱེད་ཁྲོད་ཞུགས་ནས་གློག་གཏོང་རྒྱུ་རེད།

ཟླ10ཚེས28ཉིན། མར་སྟེང་ཆུ་གློག་ས་ཚིགས་ཀྱི་འཕྲུལ་ཚན་འཁོར་ཆས་ཨང་རྟགས2པ་བདེ་བླག་ངང་དཔྱང་འདེགས་ལྷུ་སྒྲིག་བྱས་ཚར། སྐབས་འདིར། མར་སྟེང་ཆུ་གློག་ས་ཚིགས་ཀྱི་ཆུ་འཁོར་གློག་ཤུགས་འཕྲུལ་ཚན་འཁོར་ཆས5པོ་ཚང་མ་དཔྱང་འདེགས་ལྷུ་སྒྲིག་བྱས་ཚར་བ་དང་། དེས་ཆུ་གློག་ས་ཚིགས་དེའི་འཕྲུལ་གློག་སྒྲིག་ཆས་ཀྱི་གྲུབ་ཆ་གཙོ་བོ་ཚང་མ་སྒྲིག་སྦྱོར་བྱས་ཟིན་ནས། དངོས་སུ་སྒྲིག་ཆས་སྤྱིའི་སྒྲིག་སྦྱོར་གྱི་དུས་མཚམས་སུ་སླེབས་པ་མཚོན་པ་དང་། ལོ་མཇུག་ཏུ་འཕྲུལ་ཚན་ཚང་མ་དུས་ལྟར་ཐོན་སྐྱེད་ལ་ཞུགས་ཏེ་གློག་གཏོང་ཐུབ་རྒྱུར་རྨང་གཞི་བརྟན་པོ་ཞིག་བཏིང་།

མར་སྟེང་ཆུ་གློག་ས་ཚིགས་ནི་མཚོ་སྔོན་ཞིང་ཆེན་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྨ་ཆེན་རྫོང་ར་རྒྱ་གྲོང་རྡལ་དུ་གནས་པ་དང་། གནས་ཡུལ་གྱི་ཆ་སྙོམས་མཚོ་འཕགས་སྨི3300ཟིན་པ་དང་། སྤྱིའི་སྒྲིག་སྦྱོར་བྱས་པའི་འཕྲུལ་འཁོར་ནས་གློག་འདོན་ཚད་སྟོང་ཝ་ཁྲི232ཟིན་ཡོད།  དེ་ནི་རྨ་ཆུ་འབབ་ཡུལ་གྱི་སྐྲུན་བཞིན་པའི་མཚོ་འཕགས་མཐོ་ཤོས་དང་སྒྲིག་སྦྱོར་བྱས་པའི་འཕྲུལ་འཁོར་གྱིས་གློག་འདོན་ཚད་ཆེ་ཤོས་ཀྱི་ཆུ་གློག་ས་ཚིགས་ཤིག་རེད།

ཆུ་གློག་ས་ཚིགས་དེའི་འཕྲུལ་ཚན་འཁོར་ཆས་ཨང་རྟགས2པ་ནི་འཁོར་ཆས་ཀྱི་འདེགས་སྒྲོམ་དང་། ཁབ་ལེན་སྣེ་ལེབ། ཁབ་ལེན་སྣེ་མོ་སོགས་ཀྱི་གྲུབ་ཆ་གཙོ་བོ་ལས་གྲུབ་པ་དང་། སྒྲིག་སྦྱོར་བྱས་ཚར་རྗེས་ཀྱི་ཕྱི་སྒོར་གྱི་ཚངས་ཐིག་སྨི12.8དང་། མཐོ་ཚད་ཆེ་ཤོས་ལ་སྨི3.08ཡོད། ཡར་འདེགས་པའི་ལྗིད་ཚད་ཏུན1050ཟིན་པ་དེ་ནི་ཆུ་འཁོར་གློག་གཏོང་འཕྲུལ་ཚན་སྒྲིག་སྦྱོར་བྱེད་རིང་དཔྱང་འདེགས་ཀྱི་ལྗིད་ཚད་ཆེས་ལྕི་ཤོས་ཀྱི་ལྷུ་ལག་ཅིག་ཡིན་ལ། འཕྲུལ་ཚན་དེ་ཡུན་བདེ་བརྟན་གསུམ་གྱི་སྒོ་ནས་འཁོར་སྐྱོད་བྱེད་པར་ཐད་ཀར་ཤུགས་རྐྱེན་ཐེབས་པའི་ལྷུ་ལག་གཙོ་བོ་ཞིག་ཀྱང་ཡིན། དེར་བརྟེན། ཨར་ལས་ཚོགས་པས་འཁོར་ཆས་ཀྱི་འདེགས་སྒྲོམ་ལ་ཚ་ལ་རྒྱག་པའི་བཟོ་རྩལ་དང་། ཁབ་ལེན་སྣེ་ལེབ་ཀྱི་བརྩེགས་སྒྲིག་སྤུས་ཚད་དང་དེ་བཞིན་འཁོར་ཆས་ཀྱི་སྒོར་ཚད་ལ་གཙོ་གནད་ཚོད་འཛིན་བྱས་ཏེ། ཚོ་སྒྲིག་ལྷུ་སྒྲིག་གི་ཞིབ་བཤེར་རྩིས་ལེན་དེ་ཐེངས་གཅིག་གིས་ཚད་གཞི་ལོན་པ་མངོན་འགྱུར་བྱས།  དེ་དང་ཆབས་ཅིག་ཏུ། དཔྱང་འདེགས་ལྷུ་སྒྲིག་གི་ཆེད་དོན་ཇུས་གཞི་ཇེ་ལེགས་སུ་བཏང་ནས། འཁོར་ཆས་དཔྱང་འདེགས་ལྷུ་སྒྲིག་ཐེངས་གཅིག་གིས་འགྲུབ་པར་ཁག་ཐེག་བྱས།

རྒྱུས་ལོན་བྱུང་བ་ལྟར་ན། མར་སྟེང་ཆུ་གློག་ས་ཚིགས་དེ་ད་ལོའི་ཟླ12པའི་ཟླ་མཇུག་ཏུ་འཕྲུལ་ཚན་ཡོངས་རྫོགས་ཐོན་སྐྱེད་དུ་ཞུགས་ནས་གློག་གཏོང་རྩིས་ཡོད།  ཚང་མ་ཐོན་སྐྱེད་དུ་ཞུགས་རྗེས། ཆ་སྙོམས་ལོ་རེར་གློག་གཏོང་ཚད་ཆུ་ཚོད་རེར་སྟོང་ཝ་དུང་ཕྱུར73.04ཟིན་ནས། ལོ་ལྟར་ཚད་ལྡན་རྡོ་སོལ་ཏུན་ཁྲི220ཙམ་གྲོན་ཆུང་བྱེད་ཐུབ་པ་དང་། དབྱང་གཉིས་ཐཱན་རྫས་ཏུན་ཁྲི816ཙམ་ཉུང་དུ་གཏོང་རྒྱུ་རེད། །  

འདྲ་པར་མནན་ནས་མཚོ་སྔོན་བོད་ཡིག་གསར་འགྱུར་ཚགས་པར་ཀློགས།



སྒྲིག་སྦྱོར་པ། བཀྲ་ཤིས་ཚེ་རིང་།
ལྟ་སྐུལ་པ། ཚེ་རིང་བཀྲ་ཤིས།
སྤྱི་ཁྱབ་ལྟ་སྐུལ་པ། བན་དེ་ཚེ་རིང་།

青海藏文报社
青海藏文报官方平台,及时发布涉藏地区最新资讯,弘扬主旋律,挖掘和传播优秀传统文化。
 最新文章