བཀའ་པོད་ལྔའི་འཕྲོས་གཞུང་དང་བཅས་པའི་བཀླག་བྱང་།  རླབས། 

文摘   2024-10-12 23:17   甘肃  


ང་ཚོ་ཐུན་མོང་ལ་དབང་བའི་རྩོམ་རིག་གི་སྡིངས་ཆ་ཆེན་མོ་ཁྱུང་སྔོན་རྩོམ་རིགས་དྲ་བ།  

琼翁文学网  属于我们共同的文学大舞台



国泰民安!世界和平!

树立中华民族共同体意识,坚定文化自信,促进文化繁荣,为民族复兴,国家强盛而不懈努力

——习近平


བཀའ་པོད་ལྔའི་འཕྲོས་གཞུང་དང་བཅས་པའི་བཀླག་བྱང་། 


རླབས། 



    དེ་ཡང་རྗེ་བདག་ཉིད་ཆེན་པོའི་ཞལ་གྱི་བུམ་བཟང་ལས། དེ་ཉིད་ཕྱིར་ན་མི་ཕམ་ཆོས་རྗེ་དང་། ། འཛམ་གླིང་རྒྱན་དྲུག་མཆོག་གཉིས་ཞེས་གྲགས་པའི། ། གཞུང་ལ་ཕྱོགས་རེ་བ་དང་རགས་པ་རེས། ། ཚིམ་པར་མ་བྱས་ཀུན་ལ་ཞིབ་ཏུ་སྦྱངས། ། ཞེས་གསུངས་པ་བཞིན་སྔོན་གྱི་དུས་ནས་ནང་བའི་གཙུག་ལག་རིག་པ་གང་ཞིག་འཛིན་སྐྱོང་སྤེལ་གསུམ་གནང་བ་ལ་དེར་ཐོས་བསམ་སྒོམ་གསུམ་བྱེད་པ་ལས་མུ་གཉིས་པའི་བྱེད་ཐབས་ཤིག་མེད་པར་གསུངས་ལ།  ལྷག་པར་གྲྭ་ས་ཁག་ཏུ་སྔ་མོ་ནས་གཞུང་ཆེན་བཀའ་པོད་ལྔ་ལ་སློབ་གཉེར་བྱེད་པའི་ལུགས་སྲོལ་བཟང་བོ་ཡོད་པ་མ་ཉམས་པར་བསྟེན་ད་ལྟའི་ཆར་ཡང་གཞན་ལ་འགྲམ་ཆུ་ལྡིང་མི་དགོས་པའི་ཚོད་དུ་ཡོད་དེ། དབུས་ཀྱི་སེར་འབྲས་དགེ་གསུམ་དང་། བཀྲ་ཤིས་འཁྱིལ་བ་སོགས་མང་དུ་ཡོད་དོ། ། དེ་ཡང་སྦྱང་བྱའི་བཀའ་པོད་ལྔ་ནི་འདི་ལྟ་སྟེ། རྣམ་འགྲེལ་དང་། ཕར་ཕྱིན། དབུ་མ། མཛོད། འདུལ་བ་བཅས་ལྔའོ། །

དང་བོ་རྣམ་འགྲེལ།
   དེ་ཡང་རྣམ་འགྲེལ་རྩ་བ་ནི་དཔལ་ཆོས་ཀྱིས་གྲགས་པས་མཛད་ཅིང་། ཁོང་གི་སློབ་མ་ལྷ་དབང་བློས་རྣམ་འགྲེལ་རང་འགྲེལ་ལ་ཁ་སྐོང་བའི་ཚུལ་གྱིས་ལེའུ་ཕྱི་མ་གསུམ་གྱི་འགྲེལ་བ་དང་། དེའི་སློབ་མ་ཤཱཀྱ་བློས་རང་འགྲེལ་དང་། ལྷ་དབང་བློའི་འགྲེལ་བ་གཉིས་ཀར་འགྲེལ་བཤད་བརྩམས་ཤིང་སྤེལ་བར་མཛད།  ཕྱཱ་བ་  སོགས་མ་བྱོན་གོང་བོད་འདིར་རྒྱ་འགྲེལ་ཁོ་ནས་སྟེང་རྣམ་འགྲེལ་ལ་འཆད་ཉན་མཛད་པ་ཡིན་མོད། ཕྱཱ་བ་ཆོས་སེང་དང་། ས་པཎ་སོགས་བྱོན་པ་ནས་རིམ་གྱིས་འཕེལ་རྒྱས་བྱུང་ཞིང་། རྗེ་ཡབ་སྲས་དང་ཀུན་མཁྱེན་བླ་མ་སོགས་ཀྱི་བཀའ་དྲིན་ལས་བོད་རང་གི་བསྟན་བཅོས་ཀྱི་སྟེང་ནས་འཆད་ཉན་བྱེད་པའི་སྲོལ་མཆིས་ཤིང་ཧ་ཅང་རྒྱས་པར་གྱུར་ཏོ། ། འདི་ཉིད་འཕྲོས་སའི་གཞུང་ནི་ཚད་མ་མདོ་ལས། ཚད་མར་གྱུར་བ་སོགས་ལས་འཕྲོས་པར་གསུངས་ཤིང་། བརྗོད་བྱ་ནི་འཁོར་ལོ་ཐ་མ་ལེགས་ཕྱེ་ཆོས་འཁོར་གྱི་ལྟ་བའི་ཆ་གཙོ་བོར་འགྲེལ་བར་གསུངས་སོ། །   ཇི་ལྟར་བསླབ་པའི་ཚུལ་ནི་རྗེ་བསྟན་པའི་སྒྲོན་མེས། རྣམ་འགྲེལ་ད་ལྟ་ཀུན་ལ་གཟུགས་བརྙན་དུ་སོང་ཡོད་པས་རིགས་པའི་ཟུར་ཕྱིན་པ་དཀའ་འང་། ལེའུ་གཉིས་པའི་ཐར་བ་དང་ཐམས་ཅད་མཁྱེན་པ་སྒྲུབ་ཚུལ་སོགས་སྤྱི་ཁོགས་ཤིག་ཐུགས་ལ་འཇགས་པ་མེད་མི་རུང་བ་ཡིན། ཞེས་གསུངས་ཤིང་། བཀའ་པོད་ལྔའི་སྲོག་ཤིང་ལྟ་བུ་ནི་ཕར་ཕྱིན་དང་།  རྣམ་འགྲེལ་ནི་ཕར་ཕྱིན་གྱི་རིགས་པ་ཡིན་པར་བཤད་དོ། །

གཉིས་པ་ཕར་ཕྱིན།
   ཕར་ཕྱིན་གྱི་རྩ་བའི་སྡོམ་ལྟ་བུ་ནི་བསྟན་བཅོས་མངོན་རྟོགས་རྒྱན་ཡིན་ལ། འདི་ཉིད་རྗེ་བཙུན་བྱམས་པ་མགོན་པོས་མཛད་ཅིང་། ཕྱིས་རྗེ་བཙུན་གྱིས་སློབ་དཔོན་ཐོགས་མེད་ལ་ཞལ་གཟིགས་ནས་བྱམས་ཆོས་སྡེ་ལྔ་གསུངས་པའི་ནང་ཚན་གྱི་གཅིག་ཡིན་ནོ། ། ཐོགས་མེད་ཀྱིས་གཞུང་དེའི་སྒྲུབ་ཐབས་སོགས་བརྩམས་པར་བཤད་ལ།  བོད་ཀྱི་དབང་དུ་བྱས་ན་ཡང་སྔ་མོ་ནས་ཕར་ཕྱིན་གྱི་འཆད་ཉན་ཡོད་ཅིང་། རྗེ་བདག་ཉིད་ཆེན་པོའི་སྐུ་དུས་སུ་ཧ་ཅང་དར་རྒྱས་ཆེན་པོ་བྱུང་སྟེ་ཁོང་གིས་ལེགས་བཤད་གསེར་ཕྲེང་མཛད་པ་སོགས་ཡབ་སྲས་རྣམས་ཀྱི་ཕར་ཕྱིན་གྱི་གཞུང་ཤིན་ཏུ་མང་ངོ་། །འདི་ཉིད་ཀྱི་འཕྲོས་གཞུང་ནི་འགྲེལ་བ་དོན་གསལ་གཞིར་བྱས་ན་ཉན་ཐོས་ཞི་བ་སོགས་ཡིན་པར་གསུངས་ལ།  བརྗོད་བྱ་ནི་འཁོར་ལོ་བར་བའི་སྤྱོད་པའི་ཆ་གཙོ་བོར་འགྲེལ་བར་བཤད་དོ། ། ཇི་ལྟར་བསླབ་ཚུལ་ནི། རྗེ་བསྟན་པའི་སྒྲོན་མེས། ཕར་ཕྱིན་ལྟ་བའི་སྐབས་འགྲེལ་བ་དོན་གསལ་ལ་བལྟས་ན་དང་པོར་གྲངས་འདྲེན་ལྟ་བུ་ཞིག་ཏུ་ཡོད་ཀྱང་ཡུན་དུ་དཔྱད་ན་མཐའ་དཔྱོད་ཐམས་ཅད་རྣམ་བཤད་གསེར་ཕྲེང་གཉིས་ལ་མ་ཐུག་པ་མེད། དེ་འགྲེལ་བའི་ཚིག་ལ་མ་འཁྲིས་པ་མེད་པས་མཆོད་བརྗོད་སྐོར་ཅུང་ཟད་འཕྲོས་ཆེ་བ་མ་གཏོགས་ཕར་ཕྱིན་སྐོར་ཐམས་ཅད་འགྲེལ་བ་སྐྱོར་ཐེངས་གཅིག་གི་ཁོངས་སུ་དྲན་གསོ་ཐུབ་པ་ཞིག་གལ་ཆེ། ཞེས་གསུངས་ཤིང་། དབལ་མང་པཎྜི་ཏས། གསེར་ཕྲེང་འདྲ་བའི་ཕར་ཕྱིན་མེད་སྟབས་སྐུ་ཞབས་ནས་ཀྱང་ཉིན་རེ་བཞིན་མི་གཟིགས་པ་མི་སྲིད། དཔེ་ཆ་ཡང་ཡང་ལྟོས། སྔ་མ་སྔ་མ་མ་བསྐྱུར། སྔ་མ་བསྐྱུར་ན་སྐྱེད་གང་ཡང་མི་ཡོང་བས་སྔ་མ་མ་བསྐྱུར་བར་ཡང་ཡང་ལྟོས་དང་དོན་གོ་ཡོང་། གོ་བ་ཞིག་མེད་པར་དཔེ་ཆ་ལ་བལྟ་ཚུལ་མེད་པ་ལྟ་བུ་ཞིག་ཡིན་པས་གོ་བ་གལ་ཆེ། དོན་གོ་བ་ན་ཚིག་གཅིག་གིས་ཐམས་ཅད་གོ་ཡོང་།  དབུ་མ་ལྟ་བུ་ལ་བལྟས་པས་ཕར་ཕྱིན་ལ་དྲན་པ་གསོས་པ་ལྟ་བུ་ཞིག་གིས་ཕར་ཕྱིན་ལ་ཕན་ཐོགས་ཡོད་ན་དེ་དུས་དོན་གོ་བ་ཡིན། མིག་གིས་བལྟ་བའི་ཐད་ཀ་དེར་རང་གོ་བ་ལྟ་བུ་ཞིག་ཡོང་བ་དེས་ས་མི་ཆོད། དཔེ་ཆ་ཁ་བསུམ་པ་ན་སེམས་ངོ་ན་ཡང་ཁ་བསུམ་པ་ལྟ་བུ་ཞིག་ཏུ་སོང་། བྱམས་ཆོས་ལ་ལྟོས། དེ་ཡང་རང་རེའི་ཡིག་ཆར་བྱམས་ཆོས་སོགས་ལུང་དྲངས་ཡོད་པ་རྣམས་དོན་བསྡུ་ཞིག་གི་ཐད་དམ།  གང་ལྟར་འགང་ཆེ་བ་ཞིག་ནས་དྲངས་པ་ཤ་སྟག་ཡིན་འདུག་པས་ལུང་དྲངས་པ་ཚོའི་ཐད་ཀྱི་འགྲེལ་པ་ལ་དང་པོར་ལྟོས་དང་། དེས་མིག་བྱས་ནས་གོང་འོག་གི་དོན་གོ་སླ་བ་ཡོང་བས་རང་རེའི་ཡིག་ཆ་འདི་འགང་ཆེ། ལུང་གཉིས་གསུམ་དྲངས་པ་རྣམས་ཀྱང་བརྗོད་བྱ་མཐུན་པ་ཙམ་མིན་པར་གནད་ཆེན་པོ་ཞིག་ཡོད་པའི་དབང་གིས་ཡིན།  བྱམས་ཆོས་འདིས་བློ་རྒྱ་ཆེ་རུ་གཏོང་བ་ཡིན།  ཞེས་གསུངས་སོ། །  

གསུམ་པ་དབུ་མ། 
   གྲྭ་ས་ཆེ་ཁག་རྣམས་གཙོས་རྩོད་གྲྭ་དག་ཏུ་དབུ་མ་འཇུག་པ་རྩ་བར་བྱས་ནས་སྦྱངས་སྲོལ་ཡོད། གཞུང་འདི་ཉིད་མཛད་མཁན་ནི་དཔལ་ལྡན་གྲགས་པ་ཡིན་ལ། ཁོང་ནི་སློབ་དཔོན་ཀླུ་སྒྲུབ་གྱི་ལུགས་བཟང་ཟབ་མོ་དབུ་མའི་ལྟ་བ་སྤེལ་བར་ཆེད་དུ་བྱོན་པ་ལྟ་བུ་ཞིག་ཡིན་ཚུལ་ནི་རྗེ་ཙོང་ཁ་བར་འཇམ་དབྱངས་ཀྱིས་ཞལ་གཟིགས་སྐབས་སུ་གསུངས་པ་སོགས་ཀྱིས་ཤེས་ལ། བོད་ལ་བསྟན་པ་སྔ་དར་སྐབས་ནས་རྩ་ཤེས་སོགས་དབུ་མའི་བོད་དུ་འགྱུར་བ་མང་དུ་ཡོད་པར་གསུངས་ཤིང་། བསྟན་པ་ཕྱི་དར་སྐབས་ཇོ་བོ་རྗེ་དང་། རྗེ་ཙོང་ཁ་བ་སོགས་ཀྱི་བཀའ་དྲིན་ལས་དབུ་མའི་གཞུང་ལུགས་ཀྱི་འཆད་ཉན་ཆེས་ཆེར་དར་ཞིང་དགོངས་པ་རབ་གསལ་སོགས་རྗེ་ཡབ་སྲས་ཀྱིས་དབུ་མའི་བསྟན་བཅོས་མང་དུ་མཛད་དོ། ། གཞུང་འདིའི་འཕྲོས་གཞུང་ནི་རྩ་ཤེས་ལས། བདག་ལས་མ་ཡིན་གཞན་ལས་མིན། ། ཞེས་པ་སོགས་ཡིན་པར་གསུངས་ཤིང་། བརྗོད་བྱ་ནི་བཀའ་བར་བ་མཚན་ཉིད་མེད་པའི་ཆོས་འཁོར་གྱི་དངོས་བསྟན་སྟོང་ཉིད་ཀྱི་རིམ་པ་རྣམས་ཡིན་པར་གསུངས་སོ། །  བསླབ་ཚུལ་རྗེ་བསྟན་པའི་སྒྲོན་མེས། དབུ་མའང་དགོངས་པ་རབ་གསལ་གྱི་ས་བཅད་སྟེང་ནས་འཇུག་པའི་སྟེང་དུ་འདྲིལ་བ་ཞིག་བྱུང་ན་དབུ་མའི་རིགས་པ་གནད་ཆེ་བ་རགས་རིམ་གྱི་ངོ་བོ་དེས་ཆོག    དེ་རྗེས་དེའི་སྒོ་ནས་འཇུག་པའི་དབུ་མ་རྩ་ཤེས་ཡིན་ལ། ཀླུ་སྒྲུབ་བློ་མཚོ་ཤིན་ཏུ་རྒྱ་ཆེའི་ཁ་དོག་གིས་འཇིགས་གསུང་དོན་རྩ་ཤེས་རྣམ་གྲངས་རེ་རེ་ལ་མང་བོ་ཞིག་གསུངས་པ་དང་བོར་བལྟས་ཚེ་ཟློས་པ་ལྟ་བུར་ཡོད་ཀྱང་རྒྱུས་ལོན་ན་ཚིག་རེ་རེ་བཞིན་གྱི་རིགས་པའི་ཟུར་ཇེ་རྣོ་དང་ཇེ་ཟབ་ཀྱིས་གཏུགས་པ་མེད་པར་འགྲོ་བས་སྟོང་ཉིད་ལ་ཟབ་པར་གསུངས་པ་དེར་ནང་ནས་ངེས་པ་རྙེད་པ་ཞིག་བྱུང་ན་ཟབ་པའི་སྒོ་ནས་འཇུག་ཚུལ་ཟེར་བ་དེ་བྱུང་བ་ཡིན། རྩ་ཤེས་ལ་རིགས་པའི་ཟུར་རྣོ་བྱེད་རིགས་ཚོགས་གཞན་རྣམས་དགོས་ཤིང་།  རྗེས་འཇུག་གི་ཁྲོད་ན་བཞི་བརྒྱ་བ་ལས་ལྷག་པ་མེད། ཅེས་གསུངས་ཤིང་། དབང་མང་བས། རྣམ་བཤད་དགོངས་པ་རབ་གསལ་ལ་རྒྱུན་དུ་བལྟ་བ་གལ་ཆེ། རྗེ་འཇིགས་མེད་དབང་བོས་ལྕང་སྐྱ་ཐམས་ཅད་མཁྱེན་པའི་དྲུང་ནས་ལོ་རེ་བཞིན་རྣམ་བཤད་དགོངས་པ་རབ་གསལ་ཞིབ་ཀློག་རེ་གནང་རྒྱུར་དམ་བཅས། དེའང་ཉིན་རེ་ལ་ཡིག་འཕྲེང་གཉིས་སམ་གསུམ་ཙམ་མ་མཐའ་གཟིགས་པའི་སྒོ་ནས་ཞིབ་ཀློག་གནང་བ་ཡིན་ཞེས་ཞལ་ནས་དངོས་སུ་ཐོས། ཐད་ཀ་དེ་ཚར་བརྒྱ་རེ་ལྟ་བུ་གྲངས་བཅད་བྱས་ཏེ་སྐྱོར་ན་ནམ་ཞིག་ན་བྱིན་རླབས་ཞུགས་ནས་དོན་གོ་བ་ཞིག་ཡོང་། དགག་བྱ་ངོས་ཟིན་པ་གལ་ཆེ། དགག་བྱ་ཞེ་ཕུགས་ནས་བཞག་ནས། སྐྱེས་བུ་ས་མིན་ཆུ་མ་ཡིན། ། སོགས་ཀྱིས་དཔྱད། ལྷག་མཐོང་ཆེ་ཆུང་དགོངས་པ་རབ་གསལ་སོགས་འགང་ཆེ། དྲིས་ལན་དེ་ཤིན་ཏུ་ལེགས། དགའ་བློ་ཁ་གསལ་མདོག་ཁ་བོ་ལ་འབབ་ས་མི་གསལ། མཁས་གྲུབ་རྗེའི་གསུང་སྐོར་འདི་ཤིན་ཏུ་ལེགས། གཞན་ཕྱོགས་པ་ལྟ་བ་ནང་གསེས་མི་མཐུན་མདོག་མང་ཡང་ཐམས་ཅད་འབབ་ས་ནི་ཅི་ཡང་ཡིད་ལ་མི་བསམ་པ་ལ་འབབ་པས་ཕུགས་གཅིག     དེ་ཐམས་ཅད་ཕྱི་གཟུང་བ་རྟེན་འབྲེལ་བཤིག་པ་ཁོ་ན་རེེད།  ནང་འཛིན་པ་ཅི་ཡང་མི་བསམ་མི་འཛིན་ཨི་ཧི་ཧི་ཟེར་མགོ་ཡུག་ཡུག་བྱེད། སྟོང་པ་དང་རྟེན་འབྲེལ་ཕན་ཚུན་མི་གནོད་པར་མ་ཟད་གཅིག་གཅིག་གི་གྲོགས་སུ་འགྲོ་རྒྱུ་འདི་དཀའ་བ་ཡིན་པས་འདི་ལ་འབད་དགོས། ཞེས་གསུངས་ཤིང་།  བླ་བྲང་ཨ་ཁུ་ཤེས་རབ་རྒྱ་མཚོས། ལྟ་བའི་གོ་བ་མེད་ན་སྔགས་ལ་བགས་ཆགས་འཇོག་ཐབས་མེད་པས་རྩ་ཤེས་རབ་བྱེད་བཅོ་བརྒྱད་པའི་ཐད་ཀྱི་འགྲེལ་པ་བུདྡྷ་པཱ་ལི་ཏའི་ཚིག་གཅིག་ལ་བརྟེན་ནས་རྗེ་བདག་ཉིད་ཆེན་པོས་ལྟ་བ་རྙེད་ཚུལ་མཛད་པས་དེ་ལྟ་བུའམ།  ང་རང་ཚོ་ཟླ་བ་གྲགས་པ་དགེ་བའི་བཤེས་གཉེན་གྱི་རྣམ་པར་བྱོན་པའི་སློབ་མ་ཡིན་པས་འཇུག་པ་ཁ་ཏོན་ནམ། ཡིག་ཆ་ཆེ་ཆུང་གི་དགག་བྱ་ངོས་འཛིན་ཡང་ཡང་སྐྱོར་བ་གང་རིགས་ཀྱི་སྒོ་ནས་ལྟ་བ་འཚོལ་བ་ཤིན་ཏུ་གལ་ཆེ། ཞེས་གསུངས་སོ། །

བཞི་བ་མཛོད།
    མཛོད་རྩ་བ་མཛད་མཁན་ནི་སློབ་དཔོན་དབྱིག་གཉེན་ཡིན་ལ། ཁོང་གིས་དཔལ་ན་ལེནྡྲར་སློབ་གཉེར་མཛད་ཅིང་། ཁྱད་པར་འཕགས་པ་ཐོགས་མེད་སློབ་དཔོན་དུ་བསྟེན་ནས་ཐེག་ཆེན་གྱི་གཞུང་ལ་ཐུགས་གཉེར་མཐར་ཕྱིན་པ་གནང་། ཁོང་ལ་སློབ་མ་མང་དུ་མཆིས་པ་ལས། འདུལ་བ་རང་ལས་མཁས་པ་སློབ་དཔོན་ཡོན་ཏན་འོད། མངོན་པ་རང་ལས་མཁས་པ་སློབ་དཔོན་བློ་གྲོས་བརྟན་པ། ཚད་མ་རང་ལས་མཁས་པ་སློབ་དཔོན་ཕྱོགས་ཀྱི་གླང་བོ། ཕར་ཕྱིན་རང་ལས་མཁས་པ་སློབ་དཔོན་འཕགས་པ་གྲོལ་སྡེ་བཞི་ལ་རང་ལས་མཁས་པའི་སློབ་མ་བཞི་ཞེས་གྲགས་སོ། ། བོད་འདིར་བསྟན་པ་སྔ་དར་སྐབས་སྐ་ཅོག་ཞང་གསུམ་གྱིས་མངོན་པའི་གཞུང་མང་བོ་གསན་ཅིང་བསྒྱུར་བ་དང་། ལྷག་པར་རྗེ་ཡབ་སྲས་ཀྱི་དུས་ནས་བཟུང་མཛོད་ཀྱི་འཆད་ཉན་རྒྱ་ཆེར་དར་བར་བཤད་དོ། ། འདིའི་འཕྲོས་གཞུང་ནི་བདེན་བཞིའི་ཆོས་འཁོར་གྱི་མདོ་ལས། འདི་ནི་སྡུག་བསྔལ་འཕགས་པའི་བདེན་པའོ། ཞེས་སོགས་ཡིན་པར་གསུངས་ལ། བརྗོད་བྱ་ནི་འཁོར་ལོ་དང་བོའི་ལྟ་བའི་ཆ་གཙོ་བོར་འགྲེལ་བར་གསུངས་སོ། ། བསླབ་ཚུལ་རྗེ་བསྟན་པའི་སྒྲོན་མེས།  མཛོད་འདུལ་གཉིས་ལ་དབུ་ཕར་ལྟ་བུའི་གཏིང་ཟབ་དུ་གཏོང་རྒྱུ་མེད། རྣམ་གྲངས་ངེས་པའི་འདྲིས་ཆ་གལ་ཆེ། མཛོད་གནས་དང་བོ་ལྟ་བུར་བགྲོ་གླེང་བྱེད་ཚེ་ཁས་ལེན་ཤོར་བ་ལ་གནས་དང་བོའི་ལུང་འདྲེན་རྒྱུ་ཡོད་པས་གོ་མི་ཆོད།  གནས་བརྒྱད་ཀའི་ནང་དུ་ལྷུ་མ་འགྲིགས་པ་ཞིག་ངེས་པར་བྱས་ཡོང་བས་དེ་ཐམས་ཅད་ནས་གནོད་བྱེད་སྟོན་རྒྱུ་ཡོད་པ་དང་། གང་ལའང་རྩ་ཚིག་གི་ལུང་རེ་མེད་མི་སྲིད་པས་མགོ་མཇུག་ཐམས་ཅད་བསྡེབ་ཤེས་དུས་མཛོད་ལ་གོམས་ཆ་སོང་བ་ཡིན། ཞེས་གསུངས་ཤིང་།  དབལ་མང་པཎྜི་ཏས། མཆིམས་མཛོད་ནི་གྲགས་ཆེ་ཡང་ང་ལ་ཕན་ཆེར་མ་ཐོགས། མཛོད་ཊཱིཀ་ནི་དེ་ལས་བཏུས་པ་ཞིག་ཡིན། ཡིན་ན་ཡང་པཎ་ཆེན་དགེ་འདུན་གྲུབ་ཀྱིས།  མཛོད་ཀྱི་བཤད་རྒྱུན་གྲགས་ཆེ་བ་བྲང་ཏི་དར་མ་སྙིང་པོའི་སློབ་མ་འབན་དཀོན་མཆོག་རྡོ་རྗེ་དང་། རོག་ཆོས་ཀྱི་བརྩོན་འགྲུས་ཏེ་འབན་རོག་གཉིས་ནས་བརྒྱུད་པ་དང་། པཎྜི་ཏ་སྨྲྀ་ཏི་ནས་བརྒྱུད་པ་དང་། ཁ་ཆེ་པཎ་ཆེན་ཤཱཀྱ་ཤྲི་ནས་བརྒྱུད་པ་བཞི་ག་གསན་པས་ཁྱད་པར་དུ་འཕགས། རང་རེའི་ཡིག་ཆ་ནི་ཆོས་མངོན་གྱིས་ཁ་བསྐང་བ་ལྟ་བུ་ཞིག་ཡིན་འདུག་སྟེ།  གནད་ཁྲོལ་ཞིང་སྔ་མའི་ལེགས་ཆ་བསྡུས་པས་མཛོད་ལ་རང་རེའི་ཡིག་ཆ་འདི་འདྲ་དཀོན་པས་དཔེ་ཆ་གཞན་ལ་བལྟ་བ་ལས་འདི་ལ་འདྲིས་ཆ་བཏང་ན་དེས་མ་ཆོག་པ་མི་དགོས།ཞེས་གསུངས་སོ། །

ལྔ་བ་འདུལ་བ།
   འདུལ་བའི་འཆད་ཉན་ནི་སངས་རྒྱས་ནས་འོད་སྲུང་ཆེན་པོ་སོགས་ལ་རིམ་གྱིས་བརྒྱུད་ནས་བྱུང་བ་ཡིན་ལ། རྩོད་གྲྭ་ཁག་ཏུ་གཞི་ཐམས་ཅད་ཡོད་པར་སྨྲ་བའི་སློབ་དཔོན་ཡོན་ཏན་འོད་ཀྱི་འདུལ་བ་མདོ་རྩའི་སྟེང་ནས་འཆད་ཉན་བྱེད་སྲོལ་ཡོད་ལ། བོད་འདིར་བསྟན་པ་སྔ་དར་སྐབས་སློབ་དཔོན་ཡོན་ཏན་འོད་ཀྱི་སློབ་མ་དཱ་ན་ཤཱི་ལ་དང་། ཛི་ན་མི་ཏྲ་གཉིས་ལས་སྐ་ཅོག་སོགས་ཀྱིས་གསན་ཅིང་། བསྟན་པ་ཕྱི་དར་སྐབས་ཐོག་མར་མཁས་པ་མི་གསུམ་ལ་བླ་ཆེན་དགོངས་པ་རབ་གསལ་གྱིས་གཏུགས་པས་སྨད་འདུལ་དུ་གྲགས་པ་བྱུང་ཞིང་། བླ་ཆེན་པོ་ལས་གྲུམ་ཡེ་ཤེས་འབར་གྱིས་གསན། རིམ་བཞིན་རྗེ་ཙོང་ཁ་བའི་བར་དུ་བརྒྱུད་ཅིང་། ཁོང་གིས་འདུལ་བ་མདོ་རྩའི་ཟིན་བྲིས་སོགས་མཛད་དེ་འདུལ་བའི་བསྟན་པ་ཆེས་ཆེར་དར་བར་མཛད་དོ། ། གཞུང་འདིའི་འཕྲོས་གཞུང་ནི། ལུང་གཞིའི་བར་སྡོམ་ལས། རབ་བྱུང་གསོ་སྦྱོང་གཞི་དང་ནི། ། ཞེས་སོགས་ཡིན་པར་གསུངས་ཤིང་། བརྗོད་བྱ་འཁོར་ལོ་དང་བོའི་སྤྱོད་པའི་ཆ་སོ་སོར་གཙོ་བོར་འགྲེལ་བར་གསུངས་སོ། ། བསླབ་ཚུལ་ནི་རྗེ་བསྟན་པའི་སྒྲོན་མེས།  འདུལ་བ་མདོ་རྩའང་དང་བོར་འགྲེལ་བ་དོན་གསལ་བཞིན་རྩོད་རྒྱུ་དང་གཉིས་ཀ་མི་གཅིག་པ་ལྟ་བུ་ཞིག་འཆར་ཡོང་།  མཚོ་ཊཱིཀ་ལྟ་བུའི་སྟེང་ནས་གོང་འོག་གནང་བཀག་དང་ཡན་ལག་ཚང་མ་ཚང་གི་ཞིབ་ཆ་སོགས་ཐམས་ཅད་བྱེད་ཐུབ་ཚེ་མཐའ་དཔྱོད་ཀྱི་དེ་ཐམས་ཅད་ཀྱང་རྩ་བའི་ནང་དེར་ཁྲིག་གེ་འདུས་ཡོད་པས་རང་རང་གི་རྩ་བ་དང་མཐའ་དཔྱོད་ཡ་མ་བྲལ་བ་གལ་ཆེ། ཞེས་གསུངས་སོ། །  དེ་ལྟ་བུའི་ཚུལ་གྱིས་བཀའ་པོད་ལྔ་ལ་སྦྱངས་པ་ལེགས་པར་མཐར་ཕྱིན་པ་ཞིག་མཛད་ཚེ་ཟབ་རྒྱས་ཀྱི་ལམ་རིམ་གཉིས་པོ་དེའི་ཁོང་ནས་ཆ་ཚང་བ་བདེ་བླག་ཏུ་རྙེད་པ་ཞིག་འབྱུང་སྟེ།  རྗེ་བསྟན་པའི་སྒྲོན་མེའི་ཞལ་ནས།  བཀའ་པོད་ལྔ་ལ་ཐོས་བསམ་བྱས་པའི་གནད་དོན་ཐམས་ཅད་མདོ་ཕྱོགས་ཀྱི་ལམ་གྱི་རིམ་པའི་ལུས་གཅིག་ཏུ་འདྲིལ་བ་བྱུང་ཚེ་འོ་མའི་ནང་ནས་མར་ལེན་པ་བཞིན་མཚན་བཅས་མཚན་མེད་གཉིས།  བསྐྱེད་རྫོགས་གཉིས། སྒྱུ་ལུས་འོད་གསལ་གཉིས། དེ་གཉིས་དབྱེར་མི་ཕྱེད་པའི་ཟུང་འཇུག་དང་བཅས་པ་ཐམས་ཅད་ཀྱི་གནད་ལ་ངེས་པ་ཁྱད་པར་ཅན་སྙིང་བོ་དང་ཡང་སྙིང་གི་ཚུལ་དུ་ཟབ་རྒྱས་ཀྱི་ལམ་རིམ་གཉིས་པོ་དེའི་ཁོང་ནས་ཆ་ཚང་བ་བདེ་བླག་ཏུ་རྙེད་པ་ཞིག་འབྱུང་བས།  ཞེས་དང་།  ཚུལ་དེ་ཐུགས་ལ་བཞག་ནས་འཇམ་མགོན་བླ་མའི་མདོ་སྔགས་ཀྱི་བསྟན་པ་ཡོངས་སུ་རྫོགས་པའི་མངའ་བདག་གཅིག་པུར་གྱུར་ཏེ་འཆད་རྩོད་རྩོམ་གསུམ་གྱི་སྒོ་ནས་ཐུབ་བསྟན་མི་ནུབ་པའི་རྒྱལ་མཚན་ཕྱོགས་མཐར་བསྒེངས་ཤིང་། སྐལ་ལྡན་གདུལ་བྱ་མཐའ་དག་རྣམ་གྲོལ་ནོར་བུའི་གླིང་དུ་འཁྲིད་པའི་དེད་དཔོན་བླ་ན་མེད་པར་འགྱུར་བ་ཞིག་ཅི་ནས་ཀྱང་བཀའ་དྲིན་སྐྱོང་བར་ཞུ་ཞུ།   ཞེས་གསུངས་སོ། །       ༩ —-༡༠ཉིན་ཟིན་བྲིས་བགྱིས།

版权声明:版权归《卡加琼翁综合文学所有,未经允许任何单位或个人不得转载、复制或以任何其他方式使用排版素材与本文全部或部分,侵犯必究。

བདག་དབང་། ངེད་འཕྲིན་སྟེགས་འདིར་བཀོད་ཟིན་པའི་རྩོམ་ཡིག་དང་འཆད་ཁྲིད། རྒྱུ་ཆ་སོགས་གང་ཡིན་ཡང་ཆོག་མཆན་མེད་པར་རྐུ་འཁྱེར་དང་བཤུ་འགོད། ནང་དོན་དང་རྒྱུ་ཆ་སོགས་བཅད་གཏུབ་ཀྱིས་སྤེལ་ན་ཁྲིམས་ལྟར་རྩད་གཅོད་ཡོད།

དོ་ཁུར་གནང་རོགས།

谢谢关注视频号

དཔེ་ ཀློག

དཔེ་ཀློགཤེས་རབ་ཀྱི་མི་ཚེ།

འཆད་ཁྲིད།|བརྩོན་འགྲུས་ཀྱི་སྟོབས།

རྩོམ་རིག|གཞུང་ལུགས་ཀྱི་འཇིངས།


赞赏



 


ཕྲིན་སྟེགས་སུ་ཚོགས་པ་དང་མི་སྒེར་གང་རུང་གི་ཁེ་དབང་ལ་གནོད་པའི་ནང་དོན་ཅན་ཡོད་ཚེ་མྱུར་དུ་འབྲེལ་གཏུགས་བྱོས་དང་དྲྭ་ལམ་ནས་བསུབ་ཆོག 

རྩོམ་པ་བོ་དག་གིས་ཡིད་གཟབ་གནང་རྒྱུ་ཞིག་ལ། སྐུ་ཉིད་ཀྱི་བརྩམས་ཆོས་གང་ཡིན་གཞན་གྱི་འཕྲིན་སྟེགས་སུ་བསྐུར་ཟིན་པ་དག་འདིར་མི་བསྐུར་བར་ཞུ། རྒྱུ་མཚན་བརྩམས་ཆོས་དེ་སྟེགས་བུ་གཅིག་ལ་དབང་ན་ལེགས་པ་དང་དེ་མིན་འགོད་མི་ཐུབ་པའི་དཀའ་ལས་སུ་འཕྲད་པས་དེའི་ལུགས་ལ་ཡིད་འཇགས་འཚལ།



请输入邮箱 2797610002@qq.com


ནང་དོན་འགོད་ལུགས།


༄༅།།ཁྱུང་སྔོན་བོད་ཡིག་རྩོམ་རིག་སྤྱི་སྟེགས་ནི་བོད་ཀྱི་རྩོམ་པ་པོའི་དཔུང་སྡེའི་ཐུན་མོང་ལ་དབང་བའི་སྣ་འཛོམས་རང་བཞིན་ཅན་གྱི་དྲ་ལམ་རྩོམ་ཡིག་སྤེལ་སའི་སྡིངས་ཆ་ཞིག་ཡིན།དེར་དཔྱད་རྩོམ་དང་འབོལ་རྩོམ་ལྷུག་རྩོམ་སྙན་ངག  འཆད་ཁྲིད།  གླུ་གཞས་དང་གྱེར་འདོན། ཡིག་གཟུགས་དང་དེབ་འཕྲིན་སོགས་འགོད་ཀྱིན་ཡོད་པས་ཁྱེད་ཅག་གིས་རྩོམ་ཡིག་སྤུས་གང་དག་རེ་བསྐུར་གནང་ཡོང་བར་ཞུ། 

琼翁藏文文学平台是属于整个藏族作家的一种多样性的文学平台,在这里你可以阅读到论文、散文、诗歌、随笔、书法及书信;还可以聆听到讲座、歌曲、朗诵。这里无奇不有,应有尽有。也欢迎各位作家前来投稿!

卡加琼翁综合文学网
ནང་དོན། [རྩོམ། འཆད་ཁྲིད། གཏམ་བཤད། གྱེར་འདོན། ཡིག་གཟུཊ།] སྐུ་ཉིད་ཁྱུང་སྔོན་རྩོམ་རིག་སྤྱི་སྟེགས་སུ་འབྱོན་པར་དགའ་བསུ་ཞུ།
 最新文章