ལྷ་རམས་པ་ཏྲེ་ཧོར་ཟླ་བ་ཚེ་རིང་མཆོག་གི་རྟོགས་བརྗོད། རིགས་ལམ་པ།

文摘   2024-11-10 10:52   甘肃  


ང་ཚོ་ཐུན་མོང་ལ་དབང་བའི་རྩོམ་རིག་གི་སྡིངས་ཆ་ཆེན་མོ་ཁྱུང་སྔོན་རྩོམ་རིགས་དྲ་བ།  

琼翁文学网  属于我们共同的文学大舞台



国泰民安!世界和平!

树立中华民族共同体意识,坚定文化自信,促进文化繁荣,为民族复兴,国家强盛而不懈努力

—习近平

༄༅།།དགེ་བའི་བཤེས་གཉེན་ཆེན་མོ་ལྷ་རམས་པ་ཏྲེ་ཧོར་ཟླ་བ་ཚེ་རིང་མཆོག་གི་རྟོགས་བརྗོད་བློ་གསལ་མདོངས་མཐའི་ཟློས་གར།


རིགས་ལམ་པ། མཛོད་དགེ།


ཁྱོད་ནི་མཁས་པ་ཁྱོད་ནི་བཙུན་པ་ཁྱོད་ནི་བཟང་བོའི་གཙོ་བོ་སྟེ།།

འདི་ནས་བཟུང་སྟེ་སྨིན་གྲོལ་བར་དུ་ཁྱོད་མིན་རེ་ས་མི་འཚོལ་བས།།

འཕྲལ་དང་ཡུན་གྱི་ལེགས་ཚོགས་འཆད་ཉན་དངོས་གྲུབ་ཟབ་མོ་གནང་མཛོད་ལ།།

སྒྲིབ་གཉིས་ཀུན་སེལ་གཉིས་མེད་རིགས་བརྒྱའི་བདག་ཉིད་ཞབས་ལ་གསོལ་བ་འདེབས།།


འདི་སྣང་ཆུ་རིས་གཡོ་བའི་ངང་ཚུལ་ཀ་ཤིའི་གོས་སུ་ལྷུར་ལེན་ཅིང་།།

བྱིང་རྨུགས་ལྗན་ལྗིན་ཆེས་ཆེར་བྱིང་བའི་ལེ་ལོའི་སྦལ་ལྕོང་བརྟུལ་ཞུགས་ཅན།།

དལ་རྟེན་དོན་ཡོད་ཟད་མེད་འཕགས་ནོར་བདུན་པོ་སྟོར་བ་འདི་ཉིད་ལས།།

ལུང་རྟོགས་འཆད་ཉན་འོད་དཀར་གླིང་འདིར་གསལ་ཚུལ་བརྗོད་ལ་སྤྲོ་བས་རིངས།།


བདེ་སྟོང་རྣམ་གཟིགས་འཕཊ་པའི་བརྟུལ་ཞུགས་ཞི༵་ཞི༵་དུ༵ལ་དུ༵ལ་ཉེར་ངོགས་ནས།།

འགྲོ་བའི་གསོས་སྨན་དགེ་ལྡན་རོལ་མཚོ་དེ༵་དེ༵་ཉི༵ད་ཉི༵ད་དགའ་སྟོན་གྱིས།།

ཐོས་བརྩོན་ཐབས་ཚུལ་ཐུགས་བཞེད་ལྷུན་པོ་བརྟ༵ན་བརྟ༵ན་བརླི༵ང་བརླི༵ང་འགོངས་པ་གང་།།

ངེས་དོན་དགེ་བཤེས་༼ཏྲེ་ཧོར་ཟླ་བའི་༽མཛ༵ད་མཛ༵ད་འཕྲི༵ན་འཕྲི༵ན་ཁང་བཟང་ལགས།།


ཟ༵བ་དོན་གཞུང་མཆོག་བསྐྱིལ་བའི་འཇམ་དཔལ་རིང་ལུགས་པདྨོའི་ཚལ་ཡངས་པོར།།

ཟ༵བ་རྒྱས་ལེགས་བྱས་རྣ་བའི་བཅུད་ལེན་ཐོས་བསམ་ངང་མོ་མྱོས་བཞིན་དུ།།

ཟ༵བ་ཡངས་ལུང་རིགས་དཔལ་གྱིས་བྱང་གྲོལ་བདེ་བར་རྒྱུ་བའི་རོལ་རྩེད་ཀྱིས།།

ཟ༵བ་ཟབ་སྦྱོར་བཞིའི་ལྡིང་ཁང་བཀྲི་མཛད་ཏྲེ་ཧོར་ཟླ་བ་ཚེ་རིང་ཉིད།།


གཟིགས་པ་རྣ༵མ་ད༵ག་མདོ་ཁམས་ཏྲེ་ཧོར་ལྷ་ལྡན་དགའ་ཚལ་གཉིས་པར་བལྟམས།།

བས་མཐའ་རྣ༵མ་ད༵ག་བྱེས་ཆགས་མཁས་མང་བློ་གསལ་བྱེ་བའི་གླིང་གི་རྒྱན།།

ལམ་སྟོན་རྣ༵མ་ད༵ག་ཟབ་རྒྱས་གཞུང་ལུགས་སྐ་རགས་རིས་མེད་ཕྱོགས་སུ་བཅིངས།།

དགེ་བཤེས་རྣ༵མ་ད༵ག་བྱང་གྲོལ་གྲུ་གཟིངས་དགེ་བཤེས་ཟླ་བ་ཚེ་རིང་ཉིད།།


གཉིས་སྣང་ཀུན་རྟོག་དབྱིངས་སུ་ནུབ་བཞི༵ན་ཟབ་དང་རྒྱ་ཆེའི་ཆོས་ཀུན་མངའ།།

སྒོ་གསུམ་གཞན་དོན་དབྱིངས་སུ་སྤྲོ་བཞི༵ན་གཉུག་སེམས་ན་དའི་དབྱངས་བདུན་སྒྲོག།

རིག་བྱེད་བརྟན་གཡོའི་རོལ་རྩེད་ངོམས་བཞི༵ན་སྙན་རྩོམ་དབྱངས་ཀྱི་གན་མཛོད་སྤུངས།།

བཤད་སྒྲུབ་ཕྱག་རྗེས་གསེར་སྐོགས་ཤན་བཞི༵ན་དགེ་བཤེས་ཟླ་བ་ཚེ་རིང་ཉིད།།


ལོག་སྨྲའི་ཁྱུ་མཆོག་ཕྱོ༵གས་ཀྱི༵་གླ༵ང་བོ༵འི་ཐུགས་སྲས་ཆོ༵ས་གྲ༵གས་པད་དཀར་མཆོག།

གསུང་གླེགས་གསེར་སྦྱངས་རྒྱལ་མཚན་ཉེར་འཕགས་རྒྱས་སྤྲོས་ཚ༵ད་མ༵་རྣ༵མ་འགྲེ༵ལ་དོན།།

གཞན༵་སྐ༵ད་སུམ་རྩེན་ལྭ་བ་དཀར་པོའི་རང་མདངས་མུ་རུ་གས༵ལ་བྱེད་པའི།།

གསལ་རིག་སེམས་ཀྱི་འབུམ་བརྙན་འགྱེད་མཁས་དགེ༵་བཤེ༵ས་ཟླ༵་བ༵་ཚེ༵་རི༵ང་ཉིད།།


འཇིགས་བྲལ་དགེ་ལེགས་གཉེན་གཅིག་མཐོང་ཡངས་འཆི་མེད་ལམ་བཟང་ཕ་མཐའ་བཞིན།།

ནང་རིག་གྲུབ་མཐའ་རྣམ་བཞིའི་ཆུ་འཛིན་ཕང་ཕུང་ལྡིང་བའི་དཔལ་ཡོན་ཅན།།

རྟེན་འབྲེལ་བསྟོད་ཆེན་དགོངས་འགྲེལ་ཁྱ༵ད་འཕ༵གས་ལྟ༵་བ༵འི་ཡ༵ང་སྙི༵ང་གླེགས་བམ་གཏེར།།

མཁྱེན་དཔྱོད་རླུང་གི་རྒྱལ་མཚན་སྤྲོ་མཁས་དགེ༵་བཤེ༵ས་ཟླ༵་བ༵་ཚེ༵་རི༵ང་ཉིད།།


མ་སྨད་ལྷག་བསམ་བྱིན་མཐུའི་གངས་ཆབ་ལྷུང་ལྷུང་སྣ་ཚོགས་བརྡོལ་བའི་གཞི།།

ལུང་རྟོགས་ཆོས་ཚུལ་འཕྲོག་བྱེད་དབང་བོའི་གཟུགས་སུ་ཉེར་སྤྲོའི་ཟད་མེད་ཚོགས།།

འགྱེད་མཛད་ཆགས་ཐོགས་ཀུན་བྲལ་ཞི་བསིལ་ང་རོ་ལྡིར་བའི་དཔལ་ཡོན་དུ།།

འགྲོ་བློའི་གངས་ཚོམས་རང་མདངས་བརྒྱན་མཁས་དགེ༵་བཤེ༵ས་ཟླ༵་བ༵་ཚེ༵་རི༵ང་ཉིད།།


མཐའ་གཉིས་འཚོ་བའི་བསུང་ཞིམ་དྭངས་གསལ་གཉེན་མཆོག་ཐོས་བསམ་རྒན་པོའི་གྲོགས།།

འཁོར་བའི་རི་སུལ་སྒུལ་བའི་མཁྱེན་གསུམ་གོམ་སྟབས་དཔལ་ལ་བསྒྲུན་དཀའི་དབྱིག།

དགོངས་བཞེད་དྲ༵ན་བསྐུ༵ལ་ལྷ༵ག་བས༵མ་རྔ༵་སྒྲ༵་སྒྲོག་པའི་སྔོན་མེད་སྐབས་གསུམ་མགོན།།

ཡང་དག་ལྟ་བའི་མགྲིན་ཚབ་དབང་བསྐུར་དགེ༵་བཤེ༵ས་ཟླ༵་བ༵་ཚེ༵་རི༵ང་ཉིད།།


དཔྱད་གསུམ་ལུང་རིགས་གནམ་རུའི་རྒྱུད་ལས་སྔོན་མེད་གཏམ་ཚོགས་དྭངས་མ་མཆོག།

རིགས་བཞིའི་གསང་འཕྲུལ་ཐབས་ཀྱིས་སྡེ་བཞིའི་ལྷ་རྫས་གཟུགས་སུ་སྤྲོ་བའི་དཔལ།།

ལེགས་བཤད་བཻ་སྔོན་མཐ༵འ་མེ༵ད་སྒྲུབ་པ༵འི་ཚེ༵་སྲོ༵ག་ཀློང་གི༵་རྒྱ༵བ་མདུ༵ན་དབྱངས།།

དཔྱད་ཞིབ་ཚད་མའི་གསོས་སུ་མངོན་བསྒྲགས་དགེ༵་བཤེ༵ས་ཟླ༵་བ༵་ཚེ༵་རི༵ང་ཉིད།།


བཀའ་བསྟན་གསེར་རི་ ཁྲག་ཁྲིག་སྤུངས་འདྲའི་ཞལ་ལུང་རྒྱུན་བཟང་དེ་ཉིད་ལ།།

ཞིབ་མོ་རྣམ་འཐག་ལུགས་སུ་སྒྲོས་བརྒྱན་དཔྱད་རྩོམ་ཐར་འདོད་གཞན་གསོའི་དཔྱིད།།

གྲུ༵བ་མཐ༵འ་རྣམ་བཞི༵འི་རྡུ༵ལ་གྱི་ཕྲ༵་ར༵བ་གན༵ས་ལུ༵གས་ཞི༵བ་བཤ༵ད་ཨ་དརྴ།།

མཁྱེན་དཔྱོད་བྱ་ལམ་ཡངས་པོར་འབྱེད་མཁས་དགེ༵་བཤེ༵ས་ཟླ༵་བ༵་ཚེ༵་རི༵ང་ཉིད།།


སོར་རྟོག་གཤོག་ཡངས་སྲིད་ཞིའི་གྲིབ་བསིལ་སྨྲ་བའི་གཏེར་གྱི་བསྟོད་གསོལ་མཆོག།

ཐོས་ལྡན་ངང་མོའི་གཉིས་མེད་པཎ་གྲུབ་ཞལ་གསུང་བྱིན་འབེབས་བདུད་རྩིའི་བཅུད།།

ག༵ང་བློ༵་མ༵་ཡི༵་རྣ༵མ་བཤ༵ད་སྔོན་མེད་མཁྱེ༵ན་གཏེ༵ར་ལྷ༵་ཡི༵་འཛུ༵མ་ཟེ༵ར་ཉིད།།

བག་ཡོད་ལི་ཤིའི་གསོས་སུ་ལེགས་འདོམ་དགེ༵་བཤེ༵ས་ཟླ༵་བ༵་ཚེ༵་རི༵ང་ཉིད།།


བརྗོད་དོན་རྨད་བྱུང་སྟོན་མཛད་སེམས་ཉིད་ངལ་གསོའི་སྒོ༵མ་ཁྲི༵ད་ནགས་ཀྱི་ཚལ།།

ཞི་གནས་འཛིན་མར་ཤིན་སྦྱངས་རྨང་གཞིའི་དགའ་སྟོན་འགྱེད་པའི་ལུས་ཚིམ་ཞིང་།།

ལྷག་མཐོང་དྲང་སྲོང་དབང་བོའི་ཞི་བསིལ་རྩིབས་སྟོང་བསྐོར་བའི་མུ་ཁྱུད་ཅན།།

བདེ་ཆེན་ཀུན་གཟིགས་དབང་བོའི་གཉིས་མེད་དགེ༵་བཤེ༵ས་ཟླ༵་བ༵་ཚེ༵་རི༵ང་ཉིད།།


རྟོན་བཞིའི་བདུད་རྩིའི་ཟས་ལ་རོལ་ཀྱང་དད་བརྩོན་ཚོགས་གཉིས་གངས་ཆབ་གསོལ།།

གོ་རིགས་དྲན་འཕྲུལ་གཏིང་མཐའ་དཔོག་ཀྱང་ཐོས་གཞོལ་ཝུ་བའི་རླབས་ཕྲེང་རྒོད།།

སློ༵བ་གཉེ༵ར་རྣ༵ལ་མ༵འི་གདན་ཁྲིར་དབང་ཡང་སློབ་གཉེར་བྱེ༵ད་སྟ༵ངས་དབུ་མའི་འགྲོས།།

པཎ་གྲུབ་གསུང་བཞིན་འཆད་པའི་དབང་ཕྱུག་དགེ༵་བཤེ༵ས་ཟླ༵་བ༵་ཚེ༵་རི༵ང་ཉིད།།


མུ་མེད་ལུང་རིགས་ཟླ་ཤེལ་འཛུམ་པའི་དཀྱིལ་འཁོར་ཆེས་ཆེར་གཡོ་བའི་མུར།།

ཞུགས་གནས་མཚོན་བྱེད་མཚོན་བྱ་དགེ༵་འདུ༵ན་ཉི༵་ཤུ༵འི་མཁའ་དབྱིངས་གསལ་བའི་སྲོལ།།

འཆ༵ད་ཁྲི༵ད་ཀུན་དའི་མཛེས་ཞལ་སྐབས་གསུམ་དགའ་ཚལ་འཕེལ་མཛད་ཆོས་ཀྱི་གཏེར།།

མདོ་སྔགས་ཐེག་ཆེན་གདོང་ལྔའི་གཙུག་རྒྱན་དགེ༵་བཤེ༵ས་ཟླ༵་བ༵་ཚེ༵་རི༵ང་ཉིད།།


འདོད་གསོལ་དགེ་ལེགས་ཟག་མེད་རེ་ཁཱའི་རྒྱུན་བཟང་སྲིད་ཞིའི་སྤོ་རུ་སྐྱོམ།།

ཐུགས་རྗེའི་འོད་ཞགས་ཚངས་སྤྱོད་མཚམས་སྤྲིན་ཆགས་པའི་རི་སུལ་ག་ལ་བར།།

དྲན་ཤེས་གཉེན་གྱི་མཛའ་བསྡེབས་རི༵ག་བྱེ༵ད་ཟླ་སྟོང་ངེ༵ས་འབྱུ༵ང་ཉེར་འཁྱུད་པའི།།

འདྲེ༵ན་པ༵འི་སྐྱོ༵་ཤ༵ས་མགུ༵ར་དབྱ༵ངས་འགུག་མཁས་དགེ༵་བཤེ༵ས་ཟླ༵་བ༵་ཚེ༵་རི༵ང་ཉིད།།


མཐོང་ལམ་ས་གསུམ་དགེ་བའི་ཆུ་ཁུར་གཡོ་མཛད་ཉམས་རྟོགས་བང་རིམ་བདོ།།

ལུས་སེམས་ཤིན་སྦྱངས་འབུམ་གྱི་བ་དན་མངོན་བརྒལ་སྒོ་གསུམ་ཡུ་བ་བརྟན།།

སྒྲུབ་ངག་གནམ་ལྕགས་ལྡིར་བའི་གསོས་སུ་གས༵ལ་རི༵ག་སེ༵མས་གྱི༵་འབུ༵མ་བརྙ༵ན་མཆོག།

རིགས་ལམ་མདོངས་མཐའི་སྒེག་ཉམས་རོལ་མཛད་དགེ༵་བཤེ༵ས་ཟླ༵་བ༵་ཚེ༵་རི༵ང་ཉིད།།


འཇིག་ཚོགས་ལུས་མེད་བདག་པོའི་བསམ་སྦྱོར་སྲེག་ཟའི་རྦ་རླབས་རྒོད་པའི་གཉེན།།

རྟག་ཆད་ཚ་གདུང་གཞོམ་མཛད་སྣང་སྟོང་ཛ་ཧུའི་བུ་མོའི་འཁྲིགས་པའི་ཀློང་།།

རྨོངས་བརྒྱའི་མཁའ་གླང་སྒྲིབ་ཡོལ་ཡོངས་བྲལ་དོ༵གས་ལ༵ན་ཀླུ༵་སྒྲུ༵བ་ཞ༵ལ་ལུ༵ང་དངོས།།

ཞིབ་མོའི་རྣམ་འཐག་རང་ལུགས་སྲོལ་འབྱེད་དགེ༵་བཤེ༵ས་ཟླ༵་བ༵་ཚེ༵་རི༵ང་ཉིད།།


བརྗོད་བྲལ་རྐརྨའི་ལྷ་ཆབ་ཛ་ཧུའི་མཆེད་པོས་ལེགས་དྲངས་གཉིས་མེད་ཅིང་།།

གསར་འཛུམ་བློ་གྲོས་འཆི་མེད་གོས་ཤམ་དུས་སུ་བསྣམས་མཁས་ཏིང་འཛིན་མལ།།

ཅི་དགར་མ་སྨད་ལོངས་སྤྱོད་ཆེ༵ས་ཞི༵བ་བསྡུ༵ས་གཞུ༵ང་རི༵གས་ལ༵མ་འཆ༵ད་ཁྲི༵ད་སྟེགས།།

དགའ་དད་བསོད་ནམས་ཞིང་སར་འདེགས་མཁན་དགེ༵་བཤེ༵ས་ཟླ༵་བ༵་ཚེ༵་རི༵ང་ཉིད།།


ལྟ་བའི་བཞེད་དགོངས་འོ་མའི་རྒྱ་མཚོའི་གཏིང་མཐའ་བརྒལ་བའི་དཔལ་ཡོན་ཅན།།

ཡབ་རྗེ་བློ་བཟང་རྒྱལ་བའི་ལེགས་གསུང་༼དབུ་སེམས་གན་མཛོད་༽ཐར་འདོད་མིག།

རྨད་བྱུང་བསྟན་བཅོས་དྲ༵ང་ངེ༵ས་ལེ༵གས་བཤ༵ད་སྙི༵ང་པོ༵འི་བཤ༵ད་ལུ༵ང་སྔོ༵ན་གླེ༵ང་ཉིད།།

ལེགས་བྱས་སྐྱེ་ལྔའི་སྒྲ་དབྱངས་བཀའ་བསྩལ་དགེ༵་བཤེ༵ས་ཟླ༵་བ༵་ཚེ༵་རི༵ང་ཉིད།།


མདོ་སྨད་བཤད་པའི་ཤིང་རྟའི་སྲོལ་འབྱེད་ཀུན་མཁྱེན་ཚངས་པའི་ཅོད་པན་གསོལ།།

སྐྱབས་མཆོག་སྦྲང་ཆར་འབེབས་མཁས་མཁས་གྲུབ་འཇིགས་མེད་དབང་བོའི་ཞལ་ལུང་མཆོག།

སྡེ་བཞིའི་འདོད་ཚུལ་རབ་གསལ་གྲུ༵བ་མཐ༵འ་རི༵ན་ཆེ༵ན་དང་པོའི་ཕྲེ༵ང་བ༵འི་དཔྱིད།།

ཐོས་དབུལ་ཀླད་འགེམས་བཀ༵འ་ཁྲི༵ད་འབོགས་མཁས་དགེ༵་བཤེ༵ས་ཟླ༵་བ༵་ཚེ༵་རི༵ང་ཉིད།།


བསླབ་གསུམ་རྒྱན་མཆོག་མཆོད་སྦྱིན་བརྒྱ་བའི་གླུ་དབྱངས་གདངས་ལས་འཕོས་པ་བཞིན།།

ཆོས་རིག་ཐོས་བརྩོན་ཁྲག་ཁྲིག་ཚོགས་ཀྱི་ཚེ་རབས་སྙིང་པོའི་ཡང་སྙིང་མཆོག།

འཕྲལ་ཡུན་དགེ་ལེགས་རོལ་མཚོར་བགྲོད་བྱེད་ཨེ་ཝཾ་ཟུང་འཇུག་གཟིངས་གཅིག་ཉིད།།

རྣམ་འབྱེད་དཔེ༵་ཀློ༵ག་དགེ༵་མཚ༵ན་སྤྲོས་མཛད་དགེ༵་བཤེ༵ས་ཟླ༵་བ༵་ཚེ༵་རི༵ང་ཉིད།།


གཞི་ལྔའི་རང་སྤྱིལ་ཉེར་ཡངས་བྱེ་སྨྲའི་ལྡིང་ཁང་འཁྲིགས་པའི་བདག་ཉིད་ཆེ།།

མཛོད་གནས་བང་རིམ་བརྒྱད་ཀྱིས་མངོན་བརྗིད་སྨྲ་མཁས་གཙུག་རྒྱན་༧མཆི༵མས་པ་བའི།།

མཛོ༵ད་འགྲེལ་མངོ༵ན་པ༵འི་ལྷ་ལམ་གསལ་བྱེད་འདབ་བཟང་རྒྱ༵ན་གྱི༵་ལེགས་འཆ༵ད་ཁྲི༵ད།།

འཛིན་མའི་ཕང་བར་བསྩལ་མཛད་སྨྲ་མཁས་དགེ༵་བཤེ༵ས་ཟླ༵་བ༵་ཚེ༵་རི༵ང་ཉིད།།


ཟབ་དོན་རིགས་པའི་སྒོ་འཕར་རབ་འབྱེད་མཐའ་བྲལ་སྣང་སྟོང་བརྗོད་བྱ་ཉིད།།

དཔལ་མགོན་ཞལ་གསུང་ཤེལ་གྱི་བུམ་བཟང་ཡོངས་བྲན་རི༵གས་ཚོ༵གས་གཞུང་ལུགས་ཆེ།།

ཟླ༵་ཊཱི༵ཀ་མཐའ་གཉིས་རྡུལ་བྲལ་གཡ༵འ་ད༵ག་རྟེན་འབྱུང་ས༵་ལེ༵་སྦྲ༵མ་གྱི༵་ནི།།

ལེགས་བཤད་མགུ༵ལ་རྒྱ༵ན་ལྷ་ཆབ་འདྲེན་མཁས་དགེ༵་བཤེ༵ས་ཟླ༵་བ༵་ཚེ༵་རི༵ང་ཉིད།།


མཁས་གྲུབ་འཆི་མེད་དུནྡུབྷི་ཡི་མངོན་བསྒྲགས་དབུ་རྨོག་བཙན་པའི་ངོར།།

རྒྱལ་བ་རྒྱ་མཚོའི་ཐུགས་བརྩེའི་བདུད་རྩིའི་རོལ་མཚོ་འགྱེད་པའི་སྟོན་མཆོག་དངོས།།

༧བླ་༵མ༵་སྤྱ༵ན་ར༵ས་གཟི༵གས་ཀྱི༵་ཉ༵མས་བཞེ༵ས་མཐི༵ལ་མཛ༵ད་གསུ༵ང་ཚིག་རླབས་ཕྲེང་གིས།།

སྲིད་གསུམ་ཤིས་བརྗོད་དབུ་བ་དགོད་མཁས་དགེ༵་བཤེ༵ས་ཟླ༵་བ༵་ཚེ༵་རི༵ང་ཉིད།།


ལོག་འཚོའི་ལྗན་ལྗིན་འདམ་མྱགས་སྦགས་མེད་ཆོས་སྤྱོད་དྲི་བསུང་པད་ཚལ་ཀློང་།།

མི་འཇིགས་ལུང་རིགས་ལྡིེར་བའི་གད་རྒྱངས་འབུམ་གྱིས་སྙན་གོང་སིམ་པའི་དཔལ།།

དམིགས་རིམ་གཡོ་མེད་གནས་པའི་ཐིག་ལེ་ཡི༵ད་བྱེ༵ད་ངོ༵ས་འཛི༵ན་གཞུང་ལུགས་འགྲོས།།

ཚུ༵ལ་བཞིན་འཛིན་ཚུལ་དམིགས་སྐོ༵ར་ཞིབ་འགྲེལ་དགེ༵་བཤེ༵ས་ཟླ༵་བ༵་ཚེ༵་རི༵ང་ཉིད།།


བླ་མེད་གསང་ཆེན་གདུགས་དཀར་ཕྱོགས་སུ་འཛུམ་པའི་རབ་བསྔགས་ཤམ་བུས་བཀླུབས།།

གསང་ཆེན་མི་བསྐྱོད་རྒྱལ་བ་ཨཤྭཏྠ་དང་དཔལ་ལྡན་འཕགས་པའི་ལུགས།།

སྔ༵གས་ཀྱི༵་ས༵་ལ༵མ་རྣ༵མ་བཞ༵ག་སྐ༵ལ་བཟ༵ང་འཇུ༵ག་ངོ༵གས་ལེགས་འཆ༵ད་མྱོང་ཁྲི༵ད་བ།།

དབྱངས་ཅན་དགའ་བློའི་གསང་གསུམ་རོལ་གར་དགེ༵་བཤེ༵ས་ཟླ༵་བ༵་ཚེ༵་རི༵ང་ཉིད།།


མི་ཕམ་ཞལ་ཆབ་ཨ་རུའི་གཉེན་གཅིག་བྱམས་ཆོས་སྡེ་ལྔའི་ཡ་གྱལ་ཉིད།།

གསུང་རབ་དགོངས་འགྲེལ་ཆེད་བརྗོད་དབུགས་འབྱིན་དགེ་བའི་མངོ༵ན་རྟོ༵གས་རྒྱ༵ན་གྱི༵་སྒེག།

རྣམ་གསལ་ཁུངས་ལྡན་རོལ་མོའི་འགྲོས་བཞིན་ཞིབ་འཆ༵ད་དམར་ཁྲི༵ད་ཡལ་འདབ་ཅན།།

དཔྱད་གསུམ་ཉག་ཕྲན་སྤྲོ་བའི་བརྒྱན་མཛད་དགེ༵་བཤེ༵ས་ཟླ༵་བ༵་ཚེ༵་རི༵ང་ཉིད།།


སྦས་དོན་མངོན་རྟོགས་འཆི་མེད་ལམ་གྱི་དངོས་བརྒྱད་ཀུན་བཟང་མཆོད་སྤྲིན་ཚོགས།།

འགྲོ་བློའི་མོས་ངོའི་ལྡིང་ཁང་ཀློང་དུ་ལེགས་འགྱེད་དུས་གསུམ་བདེ་གཤེགས་ལམ།།

གཉིས་མེད་རྒྱལ་ཡུམ་ཤེ༵ས་ར༵བ་སྙི༵ང་པོ༵འི་རྒྱ༵ས་འགྲེ༵ལ་རི༵ན་ཆེ༵ན་ཟ༵་མ༵་ཏོ༵ག།

ཡུམ་དོན་ནུ་འབུར་བརྩེ་བས་སྤྲོ་མཁས་དགེ༵་བཤེ༵ས་ཟླ༵་བ༵་ཚེ༵་རི༵ང་ཉིད།།


ཆེ་བ་བཞི་ལྡན་བློ་བཟང་གདུང་འཚོབ་བྱང་གྲོལ་འཛུམ་པའི་ཉིན་བྱེད་ཆེ།།

ལ༵མ་རི༵མ་ཆེ༵ན་མོ༵འི་ས༵་བཅ༵ད་ལམ་བཟང་བསྟན་འཛིན་བྱེ་བའི་འཇུག་ངོགས་སུ།།

སྦྱ༵ར་བ༵འི་སྒྱུ་འཕྲུལ་རོལ་རྩེད་འགྱེད་ཕྱིར་ཉམས་མགུར་ལ༵མ་རི༵མ་བསྡུ༵ས་དོ༵ན་གཞུང་།།

ཁུངས་བཙུན་ཆོས་སྦྱིན་དབང་གཞུ་འཛུམ་མཁས་དགེ༵་བཤེ༵ས་ཟླ༵་བ༵་ཚེ༵་རི༵ང་ཉིད།།


འཕྲལ་ཡུན་ལེགས་བྱས་ཀུར་གུམ་གྲོལ་བའི་རྣམ་ཐར་སྲིད་ཞིའི་དྲི་བསུང་འབུམ།།

ལྷོ་ཕྱོགས་འཕགས་ཆེན་འདུས་པའི་གདན་ས་སྐལ་བཟང་མིག་འབྱེད་སྤྲོ་བཞིན་དུ།།

རླབས་ཆེན་མཛད་འཕྲིན་མི་ཤིགས་དཔའ་བེའུ་ལང་ཚོའི་མུ་ཁྱུད་དེ་སྲིད་དུ།།

མདོ་སྔགས་རབ་འབྱམས་གཙུག་རྒྱན་འཕྲོག་བྱེད་གང་གིས་མུ་རུ་སྐྱོང་བར་ཤོག།


    ཅེས་སྐྱེས་བུ་ཆེན་པོའི་མཚན་བཟང་ཤེལ་དཀར་སོ་གཉིས་ཀྱི་གྲངས་ཀྱིས་སྤུད་ཅིང་༧མཁས་མང་བློ་གསལ་བྱེ་བའི་གླིང་གི་བསྟན་པའི་རྒྱན་གཅིག་༧ཤེས་རབ་རྣམ་བདུན་ཕྱུག་པའི་དེད་དཔོན་གང་གི་རིགས་ཀྱི་ཅོད་པན་༧དགེ་བའི་བཤེས་གཉེན་ཆེན་མོ་ལྷ་རམས་པ་ཏྲེ་ཧོར་ཟླ་བ་ཚེ་རིང་མཆོག་གི་གསུང་གསུམ་གྱི་ཡོན་ཏན་ལ་དད་དམ་གྱི་ཀློང་ནས་སྦྱར་བའི་རྟོགས་བརྗོད་བློ་གསལ་མདོངས་མཐའི་ཟློས་གར་ཞེས་བྱ་བ་འདི་ནི།༧མེ་ཏོག་ཕོག་པའི་ཚེ་རབས་ཀྱི་ལྷ་སྐལ་དང་རིལ་བུ་བགོས་པའི་འདི་ཕྱི་ཡི་རྟེན་སྐལ་དུ་གྱུར་པའི་རིགས་བརྒྱའི་བདག་ཉིད་དམ་པ་༧རྒྱལ་དགེ་སྤྲུལ་བའི་སྐུ་མཆོག་གསེར་རིའི་ཚོམ་བུ་སྤུངས་པའི་གསུམ་པ་མཆོག་གི་ཆོས་འབྲེལ་གངས་ཆབ་གསོལ་བའི་སློབ་འབངས་རྒྱ་མཚོའི་གྲལ་མཐའ་བའི་ཡང་མཐར་གཞོལ་བའི་ཐོས་དམན་རྨོངས་ཁོལ་ལམ་ཞུགས་པ་རྒྱལ་དགེའི་དཀོན་མཆོག་བསམ་གཏན་ནམ་དྲ་ཡི་ཀུན་བཤད་ཀྱི་མིང་དུ་རིགས་བུའི་ལ་ཐོད་དུ་འཕྱར་བས་སྤོང་བདུན་བས་མཐའི་འཇུག་ངོགས་མཛོད་དགེ་སྤྱིའི་མ་དགོན་ཆེན་མོ་རྒྱལ་དགེ་དགོན་བཀྲ་ཤིས་རབ་བརྟན་གླིང་གི་རང་ཤག་བསླབ་གསུམ་ནོར་བུའི་དགའ་ཚལ་དུ་སྤྲོ་བས་སྦྱར་བ་ཛཡནྟུ།


版权声明:版权归《卡加琼翁综合文学网》所有,未经允许任何单位或个人不得转载、复制或以任何其他方式使用排版素材与本文全部或部分,侵犯必究。

བདག་དབང་། ངེད་འཕྲིན་སྟེགས་འདིར་བཀོད་ཟིན་པའི་རྩོམ་ཡིག་དང་འཆད་ཁྲིད། རྒྱུ་ཆ་སོགས་གང་ཡིན་ཡང་ཆོག་མཆན་མེད་པར་རྐུ་འཁྱེར་དང་བཤུ་འགོད། ནང་དོན་དང་རྒྱུ་ཆ་སོགས་བཅད་གཏུབ་ཀྱིས་སྤེལ་ན་ཁྲིམས་ལྟར་རྩད་གཅོད་ཡོད།

དོ་ཁུར་གནང་རོགས།

谢谢关注视频号

དཔེ་ ཀློག

དཔེ་ཀློགཤེས་རབ་ཀྱི་མི་ཚེ།

འཆད་ཁྲིད།|བརྩོན་འགྲུས་ཀྱི་སྟོབས།

རྩོམ་རིག|གཞུང་ལུགས་ཀྱི་འཇིངས།


赞赏



 


ཕྲིན་སྟེགས་སུ་ཚོགས་པ་དང་མི་སྒེར་གང་རུང་གི་ཁེ་དབང་ལ་གནོད་པའི་ནང་དོན་ཅན་ཡོད་ཚེ་མྱུར་དུ་འབྲེལ་གཏུགས་བྱོས་དང་དྲྭ་ལམ་ནས་བསུབ་ཆོག 

རྩོམ་པ་བོ་དག་གིས་ཡིད་གཟབ་གནང་རྒྱུ་ཞིག་ལ། སྐུ་ཉིད་ཀྱི་བརྩམས་ཆོས་གང་ཡིན་གཞན་གྱི་འཕྲིན་སྟེགས་སུ་བསྐུར་ཟིན་པ་དག་འདིར་མི་བསྐུར་བར་ཞུ། རྒྱུ་མཚན་བརྩམས་ཆོས་དེ་སྟེགས་བུ་གཅིག་ལ་དབང་ན་ལེགས་པ་དང་དེ་མིན་འགོད་མི་ཐུབ་པའི་དཀའ་ལས་སུ་འཕྲད་པས་དེའི་ལུགས་ལ་ཡིད་འཇགས་འཚལ།



请输入邮箱 2797610002@qq.com


ནང་དོན་འགོད་ལུགས།


༄༅།།ཁྱུང་སྔོན་བོད་ཡིག་རྩོམ་རིག་སྤྱི་སྟེགས་ནི་བོད་ཀྱི་རྩོམ་པ་པོའི་དཔུང་སྡེའི་ཐུན་མོང་ལ་དབང་བའི་སྣ་འཛོམས་རང་བཞིན་ཅན་གྱི་དྲ་ལམ་རྩོམ་ཡིག་སྤེལ་སའི་སྡིངས་ཆ་ཞིག་ཡིན།དེར་དཔྱད་རྩོམ་དང་འབོལ་རྩོམ་ལྷུག་རྩོམ་སྙན་ངག  འཆད་ཁྲིད།  གླུ་གཞས་དང་གྱེར་འདོན། ཡིག་གཟུགས་དང་དེབ་འཕྲིན་སོགས་འགོད་ཀྱིན་ཡོད་པས་ཁྱེད་ཅག་གིས་རྩོམ་ཡིག་སྤུས་གང་དག་རེ་བསྐུར་གནང་ཡོང་བར་ཞུ། 

琼翁藏文文学平台是属于整个藏族作家的一种多样性的文学平台,在这里你可以阅读到论文、散文、诗歌、随笔、书法及书信;还可以聆听到讲座、歌曲、朗诵。这里无奇不有,应有尽有。也欢迎各位作家前来投稿!


卡加琼翁综合文学网
ནང་དོན། [རྩོམ། འཆད་ཁྲིད། གཏམ་བཤད། གྱེར་འདོན། ཡིག་གཟུཊ།] སྐུ་ཉིད་ཁྱུང་སྔོན་རྩོམ་རིག་སྤྱི་སྟེགས་སུ་འབྱོན་པར་དགའ་བསུ་ཞུ།
 最新文章