མཁས་དབང་རྗེ་བསྟན་འཛིན་དོན་གྲུབ་མཆོག་གི་རྗེས་དྲན། ཁ་གྱ་བ་སངས་ལོ།

文摘   2024-10-17 09:22   甘肃  


ང་ཚོ་ཐུན་མོང་ལ་དབང་བའི་རྩོམ་རིག་གི་སྡིངས་ཆ་ཆེན་མོ་ཁྱུང་སྔོན་རྩོམ་རིགས་དྲ་བ།  

琼翁文学网  属于我们共同的文学大舞台



国泰民安!世界和平!

树立中华民族共同体意识,坚定文化自信,促进文化繁荣,为民族复兴,国家强盛而不懈努力

—习近平



༄༅།།ངེས་པ་དོན་གྱི་མཁས་དབང་རྗེ་བསྟན་འཛིན་དོན་གྲུབ་མཆོག་གི་རྗེས་དྲན་ཨུཏྤལའི་ཆུན་པོ།


ཁ་གྱ་བ་སངས་རྒྱས་དོན་འགྲུབ།


མཁས་བཙུན་བཟང་བོས་མཁས་བརྒྱའི་མགོན་གྱུར་ཅིང་།།

དུས་མཐའི་ཉག་ཕྲའི་གསོ་རིག་བསྟན༵་པ་མཆོག།

འཛིན༵་སྐྱོང་སྤེལ་ལ་མཛད་འཕྲིན་ཟླ་བྲལ་ལ།།

དོན༵་གཉིས་ལྷུན་གྱིས་གྲུབ༵་པའི་དབང་བོར་འདུད།།


གཡུ་མགོན་བསྟན་པའི་དར་ཆེན་མཐོར་བསྒྲེངས་པའི།།

གངས་ཅན་ཡུལ་གྲུར་མཚན་སྙན་ལྷའི་རྔ་ཆེན།།

དབྱར་དགུན་མེད་པར་རབ་ཏུ་བརྡུངས་པ་ན།།

མདོངས་ལྡན་ཚོགས་བརྒྱས་རྩེན་པའི་སྒྲོ་གུར་ཕུབ།།


དེང་འདིར་གང་སྐུའི་ཉིན་བྱེད་དབང་བོ་ཉིད།།

ནུབ་ཕྱོགས་མཐོ་རིས་གནས་སུ་ཡིབ་གྱུར་ནས།།

ལོ་འཁོར་དྲུག་འདས་བདག་ཅག་སློབ་བུའི་ཚོགས།།

སྐྱོ་གདུང་མཚན་མོའི་མུན་པར་སྐྱ་རེངས་མེད།།


བཅོས་མིན་སྙིང་ནས་བཀུར་བའི་སློབ་དཔོན་ལ།།

སྐལ་བཟང་བུ་སློབ་འདུ་བཞིན་བུང་བའི་ཚོགས།།

མ་འདུས་རང་ནས་པདྨོར་འཁོར་བཞིན་དུ།།

དགའ་དད་དྲན་པའི་དམ་ཚིག་བོར་མ་མྱོང་།།


འོན་ཀྱང་འདུས་བྱས་མི་རྟག་ཆོས་ཉིད་ལ།།

བཟློག་ཐབས་མ་མཆིས་གཡང་གཟར་རྦབ་རྡོ་འདྲ།།

ལན་འདིར་རླབས་ཆེན་མཛད་འཕྲིན་ཆུ་གཏེར་ལས།།

སྐྲ་རྩེས་ཟིན་ཙམ་མཆོད་པའི་དོད་དུ་ཕུལ།།


དེ་ཡང་གང་སྐུ་ཟླ་བ་གཞོན་ནུའི་དཔལ།།

ཕྱུགས་ནོར་མཛོད་འཛིན་དགེ་བར་རབ་ཕྱོགས་པའི།།

བཞག་ལྡོམ་ཞེས་པའི་ཤར་རིའི་ཕྲག་པ་ནས།།

བཅུ་དྲུག་ཆུ་བྱར་བཀྲ་ཤིས་ལྟས་བཅས་འཆར།།


ཚེ་སྔོན་ལས་འབྲས་བཟང་བོའི་བྱིན་མཐུ་ལས།།

གཞོན་ནུའི་དུས་ནས་བསྟན་པའི་ཆོས་སྒོར་ཞུགས།།

བློ་རིག་བཀྲ་ཞིང་དད་བརྩོན་ལྷོད་མེད་པར།།

ཆོས་སྤྱོད་འདོན་པ་ཀུན་གྱི་ཡང་རྩེར་སོན།།


གཞན་ཕན་ཐུགས་བསྐྱེད་སྨོན་ལམ་དག་པའི་མཐུས།།

འགྲོ་ལ་ཉེས་གསུམ་འཁྲུགས་པས་སྡུག་བསྔལ་བ།།

ཐུགས་ཀྱིས་མ་བཟོད་སྨན་པའི་སྲི་ཞུ་རེ།།

སྒྲུབ་ན་སྙམ་པས་གསོ་རིག་སྦྱོང་པར་རྩོམ།།


བསེ་སྤྲུལ་ཡབ་སྲས་བྱིན་གྱིས་བརླབས་པའི་གནས།།

སྨན་ལྗོངས་ཕྱུག་མོའི་ཁ་གྱའི་སྒོམ་ར་ནས།།

བྱ་བྲལ་བློ་བཟང་དཔལ་ལྡན་བསམ་སྦྱོར་གྱིས།།

བཏུད་དེ་གསོ་རིག་གཞུང་མཐར་ཕྱིན་པར་བསླབས།།


རྗེས་སུ་མདོ་སྔགས་བསྟན་པའི་འབྱུང་གནས་ཆེའི།།

བཀྲ་ཤིས་འཁྱིལ་བའི་རྨད་བྱུང་ཐོས་བསམ་གླིང་།།

འགྲིམས་ཤིང་མཁྱེན་དཔྱོད་ཟླ་དང་བྲལ་བས་ན།།

འཆད་རྕོད་མཁས་པའི་གྲགས་པ་མཁའ་ལ་འཕྱུར།།


མདོ་སྔགས་གཞུང་བརྒྱའི་རྒྱ་མཚོའི་འཇིངས་ཡངས་པོར།།

ཉ་མོ་ཚིམ་མེད་སྲེད་པས་ཞུགས་པའི་ཚེ།།

ས་ཁྱིའི་དུས་འགྱུར་རིག་གསར་སྤྲིན་ནག་དཀྲུགས།།

བསྟན་སྤྱི་ཉམས་འགྲིབ་གྲྭ་སར་བྲལ་དགོས་བྱུང་།།


ཡིན་ཡང་རཏྣའི་རྒྱལ་པོ་ས་ལེ་སྦྲམ།།

བསྲེག་བཅད་བརྡར་ཀྱང་རང་བཞིན་འགྱུར་མེད་བཞིན།།

གསང་རྒྱས་ཐོས་བསམ་སྒོམ་པ་ལྷུར་བཞེས་ཀྱིས།།

དམ་པའི་ངང་ཚུལ་ནམ་ཡང་མིག་བཞིན་སྲུང་།།


ཡང་དག་སྲིད་ཇུས་དཀར་གསལ་ཟླ་བའི་འོད།།

མི་རིགས་རིག་གནས་ཀུ་མུད་སྐྱེད་ཚལ་དུ།།

འཕྲོས་ཏེ་མཛོད་དགེའི་བོད་ལུགས་སྨན་ཁང་གི།

དབུ་འཛིན་ལོ་མང་འགྲོ་དོན་རྒྱ་ཆེར་བསྐྱངས།།


དེའི་ཕྱིའི་བཟོ་བཀོད་གྲོང་ཁྱེར་ལྟ་སྡུག་ལ།།

ནང་གི་སྡེ་ཁག་སྒྲིག་གཞི་ཐུན་མོང་མིན།།

བརྟག་བཅོས་སྨན་སྦྱོར་མཐོང་བརྒྱུད་ཕྱག་ལེན་བཅས།།

ངོ་མཚར་ཕྱོགས་ཀྱི་བུ་མོའི་དཔལ་དུ་སྤྲོས།།


ཐུན་མིན་སྨན་སྒྲུབ་ཕྱག་ལེན་མུ་ཏིག་འཕྲེང་།།

ཆད་ལ་ཉེ་བར་གཟིགས་ཏེ་དབུས་ཡུལ་ནས།།

གཡུ་ཐོག་སྙིང་ཐིག་ཆོ་ག་ལྷད་མེད་པའི།།

གསེར་གྱི་རྒྱུན་ཐག་མདོ་སྨད་ཡུལ་དུ་བསྟར།།


རྒྱ་མཚོ་ཆེན་མོ་ཆུ་ཡིས་མི་ངོམས་བཞིན།།

ལྷ་ལྡན་སྨན་རྩིས་མཁས་དབང་ཐུབ་ཚེ་དང་།།

ཀུན་ཕུན་སོགས་ནས་གསོ་རིག་ཁྲིད་ལུང་དང་།།

ལམ་རིམ་པ་ལས་ཆོས་སྤྱོད་ཟབ་མོ་མནོས།།


གང་གི་ཐུགས་སྨོན་མཁྱེན་དཔྱོད་མྱོང་གྲུབ་ལས།།

འཁྲུངས་པའི་གཅེས་ནོར་བདེ་བྱེད་ཀུན་ཕན་སོགས།།

ཤྰ་སའི་སྨན་ཞེས་ཕན་ནུས་ངོ་མཚར་དག།

ཉམ་ཐག་ནད་པའི་སྐྱབས་དང་གསོས་སུ་སྨིན།།


མཛད་པ་ཀུན་ལས་གསུང་ནི་མཆོག་ཏུ་འཛིན།།

དེ་ཕྱིར་སྨན་སྦྱོར་བདུད་རྩིའི་གཏེར་མཛོད་དང་།།

གཞུང་བརྒྱའི་རྒྱལ་པོ་རྒྱུད་བཞིའི་དཔེ་བསྡུར་བཅས།།

བདག་ཅག་སྐུ་ཉིད་དྲན་པའི་སེམས་རྟེན་ཉིད།།


རྒྱལ་ཡོངས་དམངས་ཆེན་འཐུས་མིའི་མཚན་ཐོབ་ཅིང་།།

ཧྲོའུ་ཅི་ཅང་ཙེ་མིང་གིས་མཇལ་འཕྲད་གནང་།།

ཡང་སྒོས་ཏང་སྲིད་གཞུང་ནས་གདེང་འཇོག་མཐོའི།།

བསྟོད་བསྔགས་གཟི་བརྗིད་མེ་ཏོག་རྣམ་པར་བཀྲ།།


རྒྱུད་ལ་སྦྱངས་གོམས་མེད་པར་བབ་ཅོལ་མང་།།

རྒྱུད་ཀྱི་བརྟག་བཅོས་རྙིང་རུལ་ལྟ་བ་རྒོད།།

རྒྱུད་བདག་གཡུ་མགོན་ཡིན་མིན་ཅལ་འདྲོགས་དག།

རྒྱུད་བཞིན་ཚར་ལ་གཅོད་པ་ཁྱེད་ཉིད་དཔའ།།


ཁྱེད་ཐུགས་མཐའ་ཡས་མཁའ་ལམ་ཡངས་པོ་ལས།།

བྱམས་བརྕེ་ཉིན་བྱེད་འོད་སྣང་འབུམ་འགྱེད་པས།

སྐལ་ལྡན་རྗེས་འཇུག་པདྨོའི་ས་ཞིང་ཆེར།།

འདབ་བརྒྱ་མཛེས་པར་བཞད་པའི་གཟིགས་མོ་མཚར།།


ཡང་སྒོས་བླ་བྲང་བཀྲ་ཤིས་འཁྱིལ་བ་ཡི།།

སྨན་པ་གྲྭ་ཚང་གསོ་རིག་གཞན་ཕན་གླིང་།།

ཀུན་མཁྱེན་བླ་མའི་བཀའ་བཞིན་བསྐྱངས་པ་ཡི།།

མཛད་པ་འཛིན་མས་མ་ཐེག་འཁུན་སྒྲ་འབྱིན།།


བྱེ་བྲག་ཀན་ལྷོ་སྨན་རྩིས་ཁང་བཟང་དུ།།

ལན་མང་ཆིབས་བསྒྱུར་ཀོང་སྤྲུལ་ཟིན་ཏིག་སོགས།།

ཚིམ་པར་བསྩལ་ཅིང་སྨན་སྦྱོར་འདུལ་སྦྱོང་ཀུན།།

དག་ཐེར་ཚད་ལྡན་མཛད་པའི་བཀའ་དྲིན་ཆེ།།


མཁས་དབང་བསྟན་པ་རྒྱ་མཚོའི་ཐུགས་རྗེ་ལས།།

བསང་ཆུའི་བཀྲ་ཤིས་ཚེ་འཕེལ་གླིང་ཉིད་དུ།།

ཞི་བྱེད་སྨན་སྦྱོར་རྒྱུད་བཞིན་དར་ཆེ་ཡང་།།

རིན་ཆེན་སྟོང་ཆ་བསྐང་བའི་བཀའ་དྲིན་ཆེ།།


ཡན་ལག་བརྒྱད་ལྡན་ཆུ་བོ་གངྒྰའི་སྤུན།།

དལ་གྱིས་འབབ་པའི་རྨ་གཡང་ཕྱུག་མོ་རུ།།

བདུད་རྩི་བཅུད་རྒྱལ་བཙོ་ཐལ་གཙོ་གྱུར་པའི།།

ཕྱག་ལེན་འཁྲུལ་མེད་སྤེལ་བའི་བཀའ་དྲིན་ཆེ།།


ཀླུ་ཆུ་སྔོན་མོའི་ངོགས་ཀྱི་སྨན་ཁང་ལ།།

ཐོག་མ་ཉིད་ནས་ཐུགས་བརྩེ་ཟབ་པ་དང་།།

དབང་ལུང་ཁྲིད་བཅས་སྨན་པའི་ལས་མཐའ་དག།

ཡོངས་ལ་ཐུགས་རྗེས་བསྐྱངས་པའི་བཀའ་དྲིན་ཆེ།།


སྨན་གྱི་ནགས་ཚལ་མཛོད་འཛིན་ཐེ་བོའི་ཡུལ།།

སྨན་གྱི་རྨང་གཞི་ཅུང་ཟད་ཞན་གསུངས་ནས།།

སྨན་རྫས་འཐུ་སྒྲུབ་སྨན་སྦྱོར་སྡེབ་བཟོ་སོགས།།

སྨན་ཁང་རྟེན་གཞི་བརྟན་པའི་བཀའ་དྲིན་ཆེ།།


འདིས་མཚོན་ཀན་ལྷོའི་གཡང་ལྡན་ཕྱུག་མོ་རུ།།

གཞུང་སྒེར་རིས་མེད་སྨན་ཁང་ཡོད་ཚད་ལ།།

ཐུགས་རྗེས་གཟིགས་ཤིང་གཅེས་པར་བསྐྱངས་པ་ཡི།།

བཀའ་དྲིན་བརྗེད་མེད་སྲིད་མཐར་ཅིར་ཡང་གནས།།


མདོར་ན་ཁྱེད་སྐུ་རྒྱུ་དྲུག་བརྒྱན་པའི་མཚོར།།

སྙིང་སྟོབས་དྲི་བཞོན་འགྲོས་ཀྱིས་བསྐུལ་བ་ལས།།

གཞན་ཕན་འགྲོ་དོན་རླབས་འཕྲེང་དགུང་འཕྱུར་ལ།།

རྗེས་འཇུག་ངང་མོས་ནམ་ཡང་རྩེ་དགར་རོལ།།


དེ་ལྟར་གང་གི་མཛད་པ་ཆུ་གཏེར་ཆེ།།

བློ་ཆུང་སྦལ་བའི་སྤྱོད་ཡུལ་མ་ཡིན་མོད།།

སློབ་བུའི་དད་གུས་གངས་རིའི་མདངས་འཛིན་པའི།།

ལྷག་བསམ་དག་པས་རྗེས་དྲན་འདི་ཕུལ་ལོ།།


       ཞེས་ཡོངས་ཀྱི་བཤེས་གཉེན་ཆེན་པོ་ངེས་པ་དོན་གྱི་མཁས་པའི་གཙུག་རྒྱན་རྗེ་བསྟན་འཛིན་དོན་གྲུབ་བམ་ཡོངས་གྲགས་སུ་སྨན་པ་བསྟན་ཁོར་ཞུ་བ་མཆོག་གིས་ཀན་ལྷོའི་ཕྱོགས་སུ་གནང་བའི་མཛད་རྗེས་རགས་ཙམ་ལ་སྦྱར་ནས་རྗེས་དྲན་གྱི་ཚུལ་དུ་ཕུལ་བ་འདི་ནི་མཆེད་གྲོགས་དམ་པ་མཛོད་དགེ་རྫོང་བོད་ལུགས་སྨན་ཁང་གི་ཧྲོའུ་ཅེ་རྒན་སྒྲོལ་ཁོ་ལགས་ཀྱི་སྐུལ་ངོར་དམ་པ་གང་གི་སློབ་བུའི་གྲལ་མཐའ་བ་བསང་ཆུ་རྫོང་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་དང་རྫོང་བོད་ལུགས་སྨན་ཁང་གི་དབུ་འཛིན་སོགས་ནས་ལས་འཁྱུར་ངལ་གསོ་ཟིན་པའི་འབུམ་རམས་སྨན་པའི་མིང་ཙམ་འཛིན་པ་ཁ་གྱ་བ་སངས་རྒྱས་དོན་འགྲུབ་བམ་སངས་ལོས་བོད་རབ་བྱུང་བཅུ་བདུན་པའི་ཤིང་ཕོ་འབྲུག་ལོའི་གྲོ་ཞུན་ཟླ་བའི་ཡར་ངོའི་ཚེས་བཟང་ལ་བྲིས་པ་དགེའོ།།


版权声明:版权归《卡加琼翁综合文学所有,未经允许任何单位或个人不得转载、复制或以任何其他方式使用排版素材与本文全部或部分,侵犯必究。

བདག་དབང་། ངེད་འཕྲིན་སྟེགས་འདིར་བཀོད་ཟིན་པའི་རྩོམ་ཡིག་དང་འཆད་ཁྲིད། རྒྱུ་ཆ་སོགས་གང་ཡིན་ཡང་ཆོག་མཆན་མེད་པར་རྐུ་འཁྱེར་དང་བཤུ་འགོད། ནང་དོན་དང་རྒྱུ་ཆ་སོགས་བཅད་གཏུབ་ཀྱིས་སྤེལ་ན་ཁྲིམས་ལྟར་རྩད་གཅོད་ཡོད།

དོ་ཁུར་གནང་རོགས།

谢谢关注视频号

དཔེ་ ཀློག

དཔེ་ཀློགཤེས་རབ་ཀྱི་མི་ཚེ།

འཆད་ཁྲིད།|བརྩོན་འགྲུས་ཀྱི་སྟོབས།

རྩོམ་རིག|གཞུང་ལུགས་ཀྱི་འཇིངས།


赞赏



 


ཕྲིན་སྟེགས་སུ་ཚོགས་པ་དང་མི་སྒེར་གང་རུང་གི་ཁེ་དབང་ལ་གནོད་པའི་ནང་དོན་ཅན་ཡོད་ཚེ་མྱུར་དུ་འབྲེལ་གཏུགས་བྱོས་དང་དྲྭ་ལམ་ནས་བསུབ་ཆོག 

རྩོམ་པ་བོ་དག་གིས་ཡིད་གཟབ་གནང་རྒྱུ་ཞིག་ལ། སྐུ་ཉིད་ཀྱི་བརྩམས་ཆོས་གང་ཡིན་གཞན་གྱི་འཕྲིན་སྟེགས་སུ་བསྐུར་ཟིན་པ་དག་འདིར་མི་བསྐུར་བར་ཞུ། རྒྱུ་མཚན་བརྩམས་ཆོས་དེ་སྟེགས་བུ་གཅིག་ལ་དབང་ན་ལེགས་པ་དང་དེ་མིན་འགོད་མི་ཐུབ་པའི་དཀའ་ལས་སུ་འཕྲད་པས་དེའི་ལུགས་ལ་ཡིད་འཇགས་འཚལ།



请输入邮箱 2797610002@qq.com


ནང་དོན་འགོད་ལུགས།


༄༅།།ཁྱུང་སྔོན་བོད་ཡིག་རྩོམ་རིག་སྤྱི་སྟེགས་ནི་བོད་ཀྱི་རྩོམ་པ་པོའི་དཔུང་སྡེའི་ཐུན་མོང་ལ་དབང་བའི་སྣ་འཛོམས་རང་བཞིན་ཅན་གྱི་དྲ་ལམ་རྩོམ་ཡིག་སྤེལ་སའི་སྡིངས་ཆ་ཞིག་ཡིན།དེར་དཔྱད་རྩོམ་དང་འབོལ་རྩོམ་ལྷུག་རྩོམ་སྙན་ངག  འཆད་ཁྲིད།  གླུ་གཞས་དང་གྱེར་འདོན། ཡིག་གཟུགས་དང་དེབ་འཕྲིན་སོགས་འགོད་ཀྱིན་ཡོད་པས་ཁྱེད་ཅག་གིས་རྩོམ་ཡིག་སྤུས་གང་དག་རེ་བསྐུར་གནང་ཡོང་བར་ཞུ། 

琼翁藏文文学平台是属于整个藏族作家的一种多样性的文学平台,在这里你可以阅读到论文、散文、诗歌、随笔、书法及书信;还可以聆听到讲座、歌曲、朗诵。这里无奇不有,应有尽有。也欢迎各位作家前来投稿!


卡加琼翁综合文学网
ནང་དོན། [རྩོམ། འཆད་ཁྲིད། གཏམ་བཤད། གྱེར་འདོན། ཡིག་གཟུཊ།] སྐུ་ཉིད་ཁྱུང་སྔོན་རྩོམ་རིག་སྤྱི་སྟེགས་སུ་འབྱོན་པར་དགའ་བསུ་ཞུ།
 最新文章