属于我们共同的文学大舞台
༸ མཛད་ཆེན་བཅུ་གཉིས་ཀྱི་ཚུལ་ལས་བརྩམས་པའི་ཐུབ་པའི་རྟོགས་བརྗོད་པད་དཀར་སྙེ་མ།
དགེ་འདུན་དོན་འགྲུབ། {རོང་བོ།}
འགྲོ་ལ་རྗེས་ཆགས་ཐུགས་རྗེ་ལང་ཚོ་བགྲང་ཡས་སྐྱེ་རྒུའི་མོས་ཁམས་རྒྱ་མཚོར་ཆུ་ཟླའི་གཟུགས་བཞིན་འཆར་བའི་༵སྐུ།།
ཐ་དད་འགྲོ་ཀུན་སྐད་དང་མཐུན་པར་རྟེན་འབྱུང་གཏམ་ཚོགས་སྨྲ་བའི་གདངས་སྙན་རྩོལ་མེད་ཤུགས་ཀྱིས་འབྱུང་བའི་གསུང༵་།།
དོན་དམ་ལེགས་གཟིགས་མཉམ་བཞག་རོལ་བས་ཀུན་རྫོབ་སྒྱུ་མའི་ལྟད་མོ་མ་བཀག་བདེན་གཉིས་གཟིགས་པ་རྫོགས་པའི་ཐུག༵ས།།
སྟོབས་འབྱོར་ཕུན་ཚོགས་སྙེམས་པ་རབ་མཐོ་ལྷ་མི་ཆེ་དགུའི་དྲེགས་པ་བོར་ཏེ་གཙུག་ཏོར་ས་ལ་བསྙིལ་བ་ཅན།།
སྲས་བཅས་རྒྱལ་ཀུན་བསྔགས་བརྗོད་བདེན་ཚིག་ཕྲེང་།།
བསྟར་བའི་ཐུགས་བསྐྱེད་གསེར་གྱི་སྙིང་བོའི་གཞིར།།
འཁྲུངས་པའི་ཟླ་མེད་སྟོན་པ་ཤཱཀྱའི་ཏོག།
སྤྱི་བོའི་རྒྱན་དུ་ལྷམ་མེར་མཛེས་གྱུར་ཅིག།
ཐེག་དཀ༵འ་མ་ལུས་འགྲོ་བ་སྒྲོལ་བའི་ཁུར།།
བྱ་དཀ༵འ་རྒྱལ་སྲས་སྤྱོད་པས་ཉེར་བླངས་ནས།།
གདུལ་དཀ༵འ་སྙིགས་མའི་འགྲོ་བ་འདྲེན་པའི་ཕྱིར།།
རྙེད་དཀ༵འ་གཏན་གྱི་བདེ་བའི་སར་གཤེགས་པ།།
མཁྱེན་པས་ཀུན་རྨོངས་སྲིད་པའི་འཆིང་ཐག་བཅད།།
ཐུགས་རྗེས་ཞི་དབྱིངས་བདེ་དགའི་ངལ་གསོ་བཀག།
སྲིད་ཞིའི་མཐའ་སྤངས་སྲིད་ཞི་མཉམ་ཉིད་དུ།།
འཆར་བའི་ཏིང་འཛིན་རོལ་བ་ཁྱེད་ཀྱིས་བཟུང་།།
ཚོགས་གཉིས་ལྷུན་རྫོགས་དཔག་བསམ་ལྗོན་པའི་རྩེར།།
བསྡུ་བཞི་ཕྱིན་དྲུག་འབྲས་བུས་ཁུར་གྱིས་སྙིམ།
ཐེག་གསུམ་ཆོས་ཚུལ་རོལ་བ་འདིར་ལྟོས་དང་།།
ངོ་མཚར་སྤྲུལ་བའི་བཀོད་པ་སྙིང་ལ་འབབ།།
སྔོན་ཚེ་ཁྱེའུ་བླ་མའི་མཚན་འཆང་ཁྱེད།།
སྣོད་བཅུད་ཡོངས་དག་དགའ་ལྡན་ཞིང་མཆོག་ཏུ།།
རྫོགས་ལྡན་ཆོས་ཀྱི་སྒོ་བརྒྱ་འབྱེད་པའི་སླད།།
མངོ༵ན་པ༵ར་སྐྱེ་བ༵འི་མཛད་བཟང་ལྷ་ཡིས་བསྒྲགས།།
བསྐལ་བར་གོམས་པའི་ཚོགས་གཉིས་བདུད་རྩིའི་ཆར།།
སྨན་པའི་ཡུལ་དུས་སྐལ་བཟང་ཤར་བའི་མོད།།
གླང་ཆེན་ཐལ་དཀར་ཉམས་ཀྱིས་འཛམ་གླིང་དུ།།
ལྷ༵་ལ༵ས་བབ༵ས་པའི་ངོ་མཚར་དཔལ་དུ་ཤར།།
རིགས་རུས་ཕུན་ཚོགས་སྒྱུ་འཕྲུལ་ལྷ་མོའི་ལྟོར།།
པདྨའི་མཚོ་ལ་པད་དཀར་གཞོན་ནུའི་ཟླར།།
ནོངས་པས་མ་གོས་བྱམས་པའི་ཏིང་འཛིན་བསྐྱངས།།
ལྷུམ༵ས་ཀྱི་༵རྫིང༵་བུར༵་རོལ་བའི་དགའ་སྟོན་ཡིན།།
ཟླ་བ་བཅུ་རྫོགས་ལུམྦིའི་དགའ་ཚལ་དུ།།
ཚངས་དང་རྒྱ་བྱིན་སྙེམས་པ་ཡོངས་བཏང་སྟེ།།
ཁྱེད་སྐུ་བལྟམ༵ས་པ༵འི་བཀྲ་ཤིས་དགའ་སྟོན་ཀྱིས།།
ཤཱཀྱའི་ཏོག་ལྟར་འཕགས་པའི་སྔོན་ལྟས་བསུས།།
སྐྱེས་སྦྱངས་དཔལ་ཀུན་རྫོགས་པའི་གཞོན་ནུ་དེས།།
མངོན་རློམ་སྐྱེ་བོའི་དྲེགས་པ་ཚར་བཅད་དེ།།
མ་ག་ངྷ་ཡི་ས་ཆེན་ཕང་བ་རུ།།
དཔ༵འ་སྤོབ༵ས་བད༵ག་གིར༵་བྱས་པའི་སྙན་པ་བསྒྲེངས།།
ངོ་ཚ་ཁྲེལ་བག་གོས་ཀྱིས་རབ་འཁྱུད་ཅིང་།།
ཞི་དུལ་དཔལ་གྱིས་སྒེག་པའི་ས་འཚོ་མ།།
ཁབ་ཏུ་བསུས་ཤིང་འཁོ༵ར་དགྱེས༵་རོལ་༵བ་ཡིས།།
འཇིག་རྟེན་ཚུལ་དང་བསྟུན་པའི་ཆོ་ག་བསྒྲུབས།།
ཁམས་གསུམ་འཁོར་བ་རྒུད་པའི་མཐའ་ཅན་དུ།།
གཟིགས་ནས་རྒྱལ་སྲིད་ཀླུ་དབང་བང་མཛོད་ཀྱང་།།
མཆིལ་མའི་ཐལ་བར་བསྐྱུར་བའི་ཡིད་འབྱུང་གིས།།
ཁྱིམ་ལས་རབ༵་ཏུ་བྱུང༵་བ༵འི་རྟུལ་ཞུགས་བླངས།།
གཡོ་མེད་ཏིང་འཛིན་སྤྱོམས་པའི་མུ་སྟེགས་ཀྱི།།
ཆོ་གས་མ་ངོམས་ནཻ་ར་ཉྫ་ནའི་འགྲམ།།
ཏིལ་གྱི་འབྲས་བུས་ལུས་ཀྱི་སྟོབས་བསྐྱེད་དེ།།
བརྩོན་པས་བྱང་ཆུབ་སྒྲུབ་ལ་དཀ༵འ་སྤྱད༵་མཛ༵ད།།
བྱང་ཆུང་ཤིང་དབང་དྲུང་དུ་དཔའ་བོ་ཁྱེད།།
དཔུང་དང་མཚོན་གྱི་གཡུལ་འགྱེད་མ་བརྩམས་པར།།
སྐུ་བཞིའི་རྒྱལ་ས་འཛིན་པའི་ཏིང་འཛིན་གྱིས།།
བདུད༵་སྡེ༵་བཅོ༵མ་པའི་རྒྱལ་རྔ་འཛིན་མས་བརྡུངས།།
ས་གའི་ཉ་ཡི་སྐྱ་རེངས་དང་པོའི་ལྷན།།
རྡོ་རྗེ་གདན་ཞེས་རི་དབང་ལྷུན་པོའི་སྤོར།།
བྱང༵་ཆུབ༵་རྫོ༵གས་པར་བརྙེས་ཚེ་ཁྱེད་སྐུའི་གཟི།།
ཐུབ་བསྟན་གླིང་བཞི་གསལ་བའི་དཔལ་དུ་ཤར།།
བཤད་སྒྲུབ་འཁོ༵ར་ལོ་༵གསུམ་༵གྱི་བདུད་རྩིའི་རོས།།
སྣ་ཚོགས་གདུལ་བྱའི་མོས་ཁམས་གསོས་པའི་མོད།།
ཐེག་གསུམ་སྤངས་རྟོགས་སྨན་གྱི་ལྗོན་བཟང་གིས།།
སྐལ་བཟང་འགྲོ་ཀུན་གཏན་བདེའི་བཙན་སར་བཀོད།།
རྩྭ་མཆོག་ཕང་བར་སྐྱེ་འཆིའི་བརྡ་ཐབས་སུ།།
མི་རྟག་གསུང་མགུར་ཚངས་པའི་དབྱངས་སྙན་གྱིས།།
ཡིད་འོད་གཟུགས་སྐུའི་བཀོ༵ད་པ༵་ཉེར་བསྡུས་༵ཏེ།།
འཁོར་ཚོགས་སྙིང་ལ་རྟག་འཛིན་འཆིང་ཐག་ཀློད།།
དེ་ལྟའི་སྤྲུལ་བའི་གར་བསྒྱུར་སྣ་ཚོགས་པས།།
མཐའ་ཡས་འགྲོ་ཀུན་སྒྲོལ་བའི་ཁུར་བླངས་ཀྱང་།།
བདུད་བཞིའི་རྒུད་པ་སྤངས་པའི་ཆོས་ཀྱི་སྐུ།།
དོན་དམ་དབྱིངས་ལས་གཡོ་བ་ལ་ཞིག།
ཁྱེད་སྐུའི་ངོ་མཚར་ཨུ་དུམ་ཝ་རའི་ཕྲེང་།།
ཚར་དུ་དངར་བའི་ལེགས་བྱས་དབྱིག་གི་མཛོད།།
ཚིག་གི་སྲད་བུར་བགྱིས་པའི་འདུ་བྱེད་ཀྱིས།།
ཉིད་ཀྱི་སྤྱོད་མཆོག་བརྩོན་པས་བསྒྲུབ་ནུས་ཤོག།
ཅེས་ལྷ་དང་བཅས་པའི་འགྲོ་བ་ཡོངས་ཀྱི་མ་འདྲིས་པའི་མཛའ་བཤེས་ཆེན་པོ ༸སྟོན་པ་ཐུབ་པའི་དབང་བོར་མཛད་ཆེན་བཅུ་གཉིས་ཀྱི་སྒོ་ནས་བསྔགས་པའི་སྟངས་ཀར། གནས་བརྟན་སྡེ་བའི་ལུགས་ཀྱི་སྟོན་པ་བདེ་བར་གཤེགས་ནས་བགྲང་བྱ༢༥༦༨སོང་བ། བོད་རབ་རྒྱན་ཤིང་འབྲུག་ལོའི་ཧོར་ཟླ༡པོའི་དཀར་ཕྱོགས་སུ་ཆོ་འཕྲུལ་སྨོན་ལམ་ཆེན་མོ་དང་བསྟུན་ཏེ་འཕྲལ་མར་སྦྱར་བའོ།།
版权声明:版权归《卡加琼翁综合文学网》所有,未经允许任何单位或个人不得转载、复制或以任何其他方式使用排版素材与本文全部或部分,侵犯必究。
བདག་དབང་། ངེད་འཕྲིན་སྟེགས་འདིར་བཀོད་ཟིན་པའི་རྩོམ་ཡིག་དང་འཆད་ཁྲིད། རྒྱུ་ཆ་སོགས་གང་ཡིན་ཡང་ཆོག་མཆན་མེད་པར་རྐུ་འཁྱེར་དང་བཤུ་འགོད། ནང་དོན་དང་རྒྱུ་ཆ་སོགས་བཅད་གཏུབ་ཀྱིས་སྤེལ་ན་ཁྲིམས་ལྟར་རྩད་གཅོད་ཡོད།
དཔེ་ ཀློག
དཔེ་ཀློག| ཤེས་རབ་ཀྱི་མི་ཚེ།
འཆད་ཁྲིད།|བརྩོན་འགྲུས་ཀྱི་སྟོབས།
རྩོམ་རིག|གཞུང་ལུགས་ཀྱི་འཇིངས།
འཕྲིན་སྟེགས་སུ་ཚོགས་པ་དང་མི་སྒེར་གང་རུང་གི་ཁེ་དབང་ལ་གནོད་པའི་ནང་དོན་ཅན་ཡོད་ཚེ་མྱུར་དུ་འབྲེལ་གཏུགས་བྱོས་དང་དྲྭ་ལམ་ནས་བསུབ་ཆོག
རྩོམ་པ་བོ་དག་གིས་ཡིད་གཟབ་གནང་རྒྱུ་ཞིག་ལ། སྐུ་ཉིད་ཀྱི་བརྩམས་ཆོས་གང་ཡིན་གཞན་གྱི་འཕྲིན་སྟེགས་སུ་བསྐུར་ཟིན་པ་དག་འདིར་མི་བསྐུར་བར་ཞུ། རྒྱུ་མཚན་བརྩམས་ཆོས་དེ་སྟེགས་བུ་གཅིག་ལ་དབང་ན་ལེགས་པ་དང་དེ་མིན་འགོད་མི་ཐུབ་པའི་དཀའ་ལས་སུ་འཕྲད་པས་དེའི་ལུགས་ལ་ཡིད་འཇགས་འཚལ།
ནང་དོན་འགོད་ལུགས།
༄༅།།ཁྱུང་སྔོན་བོད་ཡིག་རྩོམ་རིག་སྤྱི་སྟེགས་ནི་བོད་ཀྱི་རྩོམ་པ་པོའི་དཔུང་སྡེའི་ཐུན་མོང་ལ་དབང་བའི་སྣ་འཛོམས་རང་བཞིན་ཅན་གྱི་དྲ་ལམ་རྩོམ་ཡིག་སྤེལ་སའི་སྡིངས་ཆ་ཞིག་ཡིན།དེར་དཔྱད་རྩོམ་དང་འབོལ་རྩོམ་ལྷུག་རྩོམ་སྙན་ངག འཆད་ཁྲིད། གླུ་གཞས་དང་གྱེར་འདོན། ཡིག་གཟུགས་དང་དེབ་འཕྲིན་སོགས་འགོད་ཀྱིན་ཡོད་པས་ཁྱེད་ཅག་གིས་རྩོམ་ཡིག་སྤུས་གང་དག་རེ་བསྐུར་གནང་ཡོང་བར་ཞུ།
琼翁藏文文学平台是属于整个藏族作家的一种多样性的文学平台,在这里你可以阅读到论文、散文、诗歌、随笔、书法及书信;还可以聆听到讲座、歌曲、朗诵。这里无奇不有,应有尽有。也欢迎各位作家前来投稿!