གླང་ཆེན་འགྱིང་རིར་མཇལ་བར་མཐོང་ཐོས། ཅོ་ནེ་ཚུལ་ཁྲིམས། 

文摘   2024-11-19 22:05   甘肃  


ང་ཚོ་ཐུན་མོང་ལ་དབང་བའི་རྩོམ་རིག་གི་སྡིངས་ཆ་ཆེན་མོ་ཁྱུང་སྔོན་རྩོམ་རིགས་དྲ་བ།  

琼翁文学网  属于我们共同的文学大舞台



国泰民安!世界和平!

树立中华民族共同体意识,坚定文化自信,促进文化繁荣,为民族复兴,国家强盛而不懈努力

—习近平

༄༅།།གླང་ཆེན་འགྱིང་རིར་མཇལ་བར་མཐོང་ཐོས་ཡིད་ཀྱི་མྱོང་ཚོར།


ཅོ་ནེ་ཚུལ་ཁྲིམས། 
སྲིད་གསུམ་མཛེས་སྡུག་མ་ལུས་དཔལ་གྱི་སྒེ༵ག།
སྒེ༵ག་པའི་ཉམས་ལྡན་མཛེས་པའི་ཡིད་འཕྲོག་མ༵།།
མ༵་ལྟར་བརྩེ་བའི་རྗེ་བཙུན་སྒྲོལ་མའི་ཞ༵བས།།
ཞ༵བས་ཀྱི་པད་མོར་གུས་པས་འདུད་དོ་ཀྱེ།།
རབ་རྒྱལ་ཤིང་འབྲུག་ཕག་ཟླའི་ཡོས་ཉིན་མོར།།
ཁྲེལ་གཞུང་ཕྱི་ཐག་རིང་བའི་ཆོས་ཀྱི་གྲོགས།།
འགའ་དང་ལྷན་དུ་ཡུལ་གྱི་ཕྱོགས་རྣམས་སུ།།
མཇལ་སྐོར་སོང་བའི་མཐོང་ཐོས་གསལ་བོར་འགོད།།
ཆོས་སྡེ་ཆེན་པོའི་སྲུང་མ་མཐུལ་རྩལ་ཅན།།
མྱུར་མཛད་མགོན་དང་ཐ་འོག་ལ་སོགས་པར།།
ལམ་སྐབས་བདེ་ཞིང་ཕྱི་ནང་བར་ཆད་ཀུན།།
ཞི་ཞིང་འདོད་དོན་འགྲུབ་པའི་འཕྲིན་ལས་བཅོལ།།
དེང་རབས་ངོ་མཚར་འཕྲུལ་གྱི་བང་རྩལ་ཅན།།
མགྱོགས་ཤིང་མྱུར་བའི་རླང་འཁོར་ཞེས་བྱ་བ།།
སྟབས་བདེ་ཆེ་བར་དམིགས་ནས་སྒེར་སྤྱད་ནས།།
ཅོ་ནེ་མེ་འཇུ་སོགས་ཀྱི་ལམ་དུ་སྐྱོད།།
ལམ་ཐག་རིང་མོ་མཚམས་རེར་གླུ་ཡིས་བཅད།།
ལན་རེར་མཚར་གཏམ་ལན་རེར་བགད་ནས་བརྒྱུག།
ན་ཚོད་མཐོ་ཡང་སྤྲོ་བའི་ཉམས་དེ་ལ།།
བསམ་ན་བྱིས་པ་ཞིག་དང་ཕལ་ཆེར་འདྲ།།
མཚན་མོའི་མཁའ་ལ་སྐར་ཚོགས་རྣམ་པར་བཀྲ།།
འོད་དཀར་སྲས་མོ་ཟླ་བས་མདུན་བསུས་ཏེ།།
ང་དང་ཆེས་གྲོགས་ལ་སོགས་བུ་ཏུའོ་༡ཞེས།།
གྲོང་ཁྱེར་དེ་ནས་དགོང་མོར་ངལ་གསོ་བྱས།།
ཕྱི་ཉིན་སྐྱ་རེངས་བུ་མོའི་འཛུམ་མདངས་ཁྲོད།།
གླང་ཆེན་འགྱིང་རིར་དམིགས་ནས་ལམ་ལ་ཆས།།
བར་དུ་ཞིན་ཞིས་དགོན་༢པར་མཇལ་དུ་སོང་།།
བརྗིད་ཆགས་ཐ་གྲུ་ཆེ་ཞིང་ཁོད་རྣམས་ཡངས།།
འགྲོ་བའི་སྡུག་བསྔལ་སེལ་བའི་སྤྱན་རས་གཟིགས།།
ཕྱག་སྟོང་སྤྱན་སྟོང་ལ་སོགས་སྐུ་མདུན་ནས།།
སེམས་ཅན་ཐམས་ཅད་བདེ་ཞིང་ལེགས་ཚོགས་ཀུན།།
ཡར་ངོའི་ཟླ་ལྟར་འཕེལ་བའི་སྨོན་ལམ་བཏབ།།
གཡས་སྐོར་མཇལ་བཞིན་གློ་སྒོ་ཡོན་པའི་འགྲམ།།
གཡས་སུ་འཁྱིལ་བའི་རྫིང་བུའི་དཀྱིལ་དབུས་སུ།།
གཞོན་ནུ་དོན་ཀུན་གྲུབ་པའི་སྐུ་གཟུགས་ལ།།
ཁ་སྤྲོད་འབྲུག་གིས་ཁྲུས་གསོལ་མཛད་པ་སྣང་།།
༡༠
ལྟ་ཞོར་མཇལ་ཞོར་རི་ངོས་རྡོ་སྐས་ཕྲེང་།།
རྡོག་པས་འཇལ་བཞིན་ཡར་ངོས་འཛེག་པ་ན།།
ཟ་ཁང་བདག་མོས་འདིར་ཕེབས་ཇ་བཞེས་དང་།།
དཀར་ཟས་རིན་མེད་ཡིན་ཞེས་ནང་དུ་བསུས།།
༡༡
གུས་པའི་ཉམས་ཀྱིས་བཞེས་སྡེར་ལ་སོགས་པ།།
དགེ་བསྙེན་མ་དེས་ལག་པ་ཟུང་གིས་ཕུལ།།
གང་འདོད་བཞེས་རོགས་བཀྲ་ཤིས་བདེ་ལེགས་ཞེས།།
དགའ་བས་ཉིན་གུང་ཟ་མ་དེ་ནས་ཟོས།།
༡༢
རང་སེམས་ཆུང་ཞིང་ཁོག་པ་དོག་མིན་ན།།
འདི་འདྲ་བོད་ཁམས་ཡུལ་གྱི་དགོན་སྡེ་རུ།།
བཅུ་ཁ་ཕར་ཞོག་གཅིག་ཀྱང་ག་ལ་ཡོད།།
གང་ཇིའི་ཐད་ནས་ད་དུང་རྗེས་ལུས་བསམ།།
༡༣
རྒྱལ་བསྟན་དར་བའི་ཉིང་དགོས་གང་ཞེ་ན།།
འགྲོ་བ་སེམས་ཅན་ཐམས་ཅད་ཡོད་དོ་ཅོག།
འདི་ཕྱིའི་ཕན་བདེའི་ལེགས་ཚོགས་ཡིན་པ་ལས།།
འབྲོང་གཡག་ཞ་རས་རྩྭ་ཟ་མ་ཡིན་ནོ།།
༡༤
ཕྱི་རུ་ཞི་ཞིང་དུལ་བའི་སྤྱོད་པས་མཛེས།།
ནང་དུ་བླང་དོར་འབྱེད་པའི་ཤེས་རབ་ལྡན།།
ཕྱི་ནང་གཉིས་ཀ་འོད་ཀྱི་མདངས་ཡོད་ན།།
དུས་རབས་གང་དུ་འགྱུར་ཡང་མངོན་པར་མཐོ།།
༡༥
གང་དུ་སོང་ན་བཀུར་ཞིང་དད་གུས་ལྡན།།
གང་དུ་བསྡད་ན་མང་བོས་ཐལ་མོར་སྦྱོར།།
གཞན་ཡིད་འགུགས་པའི་ཤེས་ཡོན་མེད་ན་ཡང་།།
སྤྱོད་གཙང་ན་བཟའི་མདངས་ཀྱིས་ལོས་ཡིན་ནོ།།
༡༦
བྲག་ཐེམ་རེ་རེ་ཤོག་ལྷེ་སློག་པ་བཞིན།།
རིམ་གྱིས་ལྟད་མོར་གཡེང་སྟེ་སོང་བ་ན།།
ཆོས་ཀྱི་ལྷ་ཁང་ཆེན་མོ་མདུན་ས་རུ།།
དགེ་སློང་དགེ་བསྙེན་ཚོགས་ཀྱིས་ཆོས་དབྱངས་གྱེར།།
༡༧
རི་མགོར་སླེབས་ནས་གཡས་སུ་སྐོར་བ་ན།།
དགྲ་བཅོམ་པ་དང་གནས་བརྟན་བཅུ་དྲུག་སོགས།།
ཉམས་འགྱུར་སྟོང་གིས་ཕྱུག་པའི་འཇིམ་པའི་སྐུ།།
ཁྲི་ཁྲག་ལས་ཀྱང་བརྒལ་བ་དལ་གྱིས་མཇལ།།
༡༨
ལ་ལས་ཕྱག་རྒྱ་མཛད་ཅིང་ལ་ལ་བཞེངས།།
འགའ་ཤས་ཁྲོས་ཉམས་བསྟན་ཅིང་ཁ་ཅིག་བཞད།།
མ་བརྟགས་མ་དཔྱད་ལྷོད་ཀྱིས་འགྲོ་བ་ན།།
དམྱལ་ཁམས་བཅོ་བརྒྱད་འགྲིམ་པ་ཨེ་ཡིན་སྙམ།།
༡༩
ཐེ་ལན་ཊ་དང་འབར་མའི་མཆོད་རྟེན་དབྱིབས།།
མང་དུ་ཡོད་པ་སོ་སོར་མཇལ་བཞིན་སོང་།།
མར་ལམ་མཚོན་མདངས་རྣམས་པར་རབ་བཀྲ་བའི།།
ངོ་མཚར་འབུར་སྐུ་སྣ་ཚོགས་ཚར་དུ་དངར།།
༢༠
སྡུག་བསྔལ་རི་བོའི་ཁུར་གྱིས་གནོན་ཡོད་ཀྱང་།།
ཤེས་འཁྲུལ་རྨོངས་པའི་ཚོགས་ཀྱིས་མ་ཤེས་པར།།
འཇིག་རྟེན་འདི་ན་བདེ་བ་འབའ་ཞིག་ལས།།
མེད་པར་འཛིན་པའི་ལོག་ལྟ་ལྡོག་པའི་ཕྱིར།།
༢༡
རིན་ཆེན་རྡོ་འམ་གཡང་ཊི་གང་རུང་གིས།།
བཞེངས་བསྐྲུན་བྱས་པ་གསལ་བོར་མི་ཤེས་ཀྱང་།།
གློ་གཡས་ས་ལ་ཕབ་པའི་བྱམས་པ་མགོན།།
སྐུ་གཟུགས་ཆེན་པོའི་མདུན་ནས་སྨོན་ལམ་བཏབ།།
༢༢
སེམས་དང་བསམ་པའི་གཏིང་ནས་སེམས་ཅན་དོན།།
ཟེར་ན་དཀའ་ཡང་སེམས་ཀྱི་ཟིན་ཚོད་ཀྱིས།།
སྨོན་ལམ་བཏབ་ཏེ་གནས་ཆེན་རི་བོ་ཆེ།།
གླང་ཆེན་འགྱིང་རི་མཇལ་བར་ལམ་ལ་སྐྱོད།།
༢༣
ཆར་བ་ཟིམ་ཟིམ་ཁྲོད་ནས་ལམ་ལ་ཆས།།
སྨྱུར་འགྲོད་གཞུང་ལམ་རིང་མོར་བང་གིས་རྒྱུག།
ཕྱོགས་སྟོན་འཁོར་ལོའི་མདའ་མགོ་ཕུགས་ལམ་བཅོལ།།
ས་སྲོས་མཚམས་སུ་དམིགས་པའི་ཡུལ་༣དེར་འབྱོར།།
༢༤
ཕྱི་ཉིན་སྔ་མོར་ཆབ་རྒྱུན་སྙོམས་པོའི་ཁྲོད།།
རྒྱལ་བས་ལུང་གིས་བསྔགས་པའི་གནས་ཆེན་ཏེ།།
རི་བོ་འོད་ཟེར་ཅན་ཞེས་བྱ་བའི་རྩེར།།
འཛེག་པའི་རྒྱུད་རིམ་ཡོངས་སུ་ལེགས་པར་གྲུབ།།
༢༥
སྨུག་པ་ལང་ལོང་མཁའ་རུ་བག་གཡེང་རྒྱུ།།
སྦྲང་ཆར་གཞོན་ནུ་གར་གྱི་སྟངས་སྟབས་ངོམ།།
ལྕུག་ཕྲན་བུ་མོའི་ལག་པའི་མཉེན་ཆ་མཛེས།།
ཚོར་བ་བཟི་ཁའི་ཁྲོད་ནས་རི་རྩེར་སླེབས།།
༢༦
ན་བུན་གདོང་ཁེབས་སྲབ་མོ་དལ་གྱིས་ཕུད།།
སྔོ་བསངས་བུ་མོའི་ཞལ་རས་འཛུམ་བག་དགོད།།
རྟ་བདུན་དབང་བོའི་ལང་ཚོ་རིམ་གྱིས་ངོམ།།
ངོ་མཚར་ཆེ་འོ་ཕྱོགས་བཅུ་རྣམ་པར་གསལ།།
༢༧
མཐོ་ཞིང་གཟར་བའི་རི་རྩེར་འབྱོར་བའི་དུས།།
ཕྱོགས་བཞི་སྨུག་པས་ཡོངས་སུ་བཟུང་ཡོད་ཀྱང་།།
ཆུ་ཚོད་སྐར་མ་བཞི་ལྔ་འགོར་མ་འགོར།།
དྭངས་ཤིང་གསལ་བའི་རང་བཞིན་ཡོངས་སུ་རྫོགས།།
༢༨
ཕན་དང་བདེ་བའི་ལེགས་ཚོགས་མ་ལུས་པ།།
རྒྱལ་བསྟན་རིན་ཆེན་ཡིད་བཞིན་དབང་གི་རྒྱལ།།
དད་པའི་སོར་མོའི་རྩེ་ལ་རབ་བཀོད་དེ།།
འདོད་དོན་ལྷུན་གྱིས་གྲུབ་པའི་དངོས་གྲུབ་སྩོལ།།
༢༩
གླང་ཆེན་ཐལ་དཀར་མཆེ་བ་དྲུག་ལྡན་སྟེང་།།
རྒྱལ་སྲས་བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་།།
འགྱིང་བའི་ཚུལ་གྱིས་བཞུགས་པའི་རྣམ་པ་འདི།།
འགྲོ་ཀུན་བདེ་ལ་འགོད་པར་ཡིན་ངེས་ལགས།།
༣༠
ལག་ཟུང་ཐལ་མོར་སྦྱར་ཞིང་ཕྱག་མང་འཚལ།།
སྐོར་བ་བྱེད་ཅིང་སྨོན་ལམ་ཤེས་ཁུལ་བཏབ།།
མདོར་ན་ཕྱི་ནང་གསང་གསུམ་མ་ལུས་པའི།།
འདོད་དོན་ལྷུན་གྱིས་འགྲུབ་པའི་རེ་བ་ཞུས།།
༣༡
སྐོར་བ་གཡས་སྐོར་ཐེངས་འགའ་བྱས་པའི་རྗེས།།
ཡུལ་དེའི་མཛེས་སྡུག་བཀོད་པ་ལ་སོགས་པ།།
ཐག་རིང་ཕ་མ་གཉིས་ལ་བརྙན་མིག་ལས།།
གསལ་བོར་བསྟན་ནས་རི་བོའི་འདབས་སུ་བབས།།
༣༢
སྤྱིར་ན་མི་འགྱུར་དད་པ་ཡོད་གྱུར་ན།།
འདི་ལས་གནས་གཞན་མཇལ་འགྲོ་མི་དགོས་ཀྱང་།།
གནས་འདིའི་ཐུགས་ཀའི་དགོན་རྙིང་ཝན་ཉན་ཟི༤།།
མཇལ་ན་བཟང་རབས་གོ་བས་དེ་ལའང་སོང་།།
༣༣
དགོན་པ་བདེ་མོ་ཐང་དུ་ཆགས་མེད་པར།།
བགྲོད་ལམ་མི་བདེ་རི་སྐེད་ཙུག་ན་བཞུགས།།
རླངས་འཁོར་འགྲོ་སའི་ལམ་ཡང་མེད་ཙང་ན།།
སྤྱི་ལེའུ་དྲུག་བདུན་ཡས་མས་རྐང་ཐང་སོང་།།
༣༤
རྐང་ལམ་གཡས་ཡོན་མེ་ཏོག་སྣ་ཚོགས་བཞད།།
སྨྱུག་མ་སོམ་སྡོང་ལ་སོགས་མགོ་ལྕོག་ལྡེམ།།
རྒྱ་མོ་ལ་ལ་སྐྱོད་པར་མ་ནུས་པར།།
འགྱོགས་བྱམས་སྟེངས་དུ་ཕེབས་མཁན་ཡོད་པར་སྣང་།།
༣༥
འདྲེ་ལག་མ་བསྲིངས་ལྷ་ཁང་རྙིང་དབུས་སུ།།
བཞུགས་པའི་ཀུན་ཏུ་བཟང་བོའི་སྐུ་མདུན་ནས།།
ཁ་དར་འཐེན་ཞིང་བཟང་སྤྱོད་སྨོན་ལན་དང་།།
དགེ་ལྡན་བསྟན་འབར་མ་ལ་སོགས་པ་བཏོན།།
༣༦
ཕ་ཡུལ་དགུན་རླུང་བཙག་གིས་བསྡམས་པ་དང་།།
ཁ་བ་བུ་ཡུག་འཚུབ་པའི་རྣམ་པ་སོགས།།
དྲན་ཞིང་བསམ་ན་ཡིད་ཀྱི་མེ་ལོང་ངོས།།
ཚོར་བ་ཟ་ཟི་སྣ་ཚོགས་འཚང་ཁ་བརྒྱབ།།
༣༧
ཀླད་ཞེན་རི་བོའི་༥ཕྱོགས་སུ་མདའ་མོ་བཞིན།།
ཁོད་ཡངས་གཞུང་ལམ་དྲང་མོའི་ངོས་སུ་རྒྱུག།
ཁང་བརྩེགས་མཐོན་པོ་མཁའ་ལ་ཟུག་འདྲ་བའི།།
གྲོང་ཁྱེར་དེ་ནས་དགོང་མོ་ངལ་གསོ་བྱས།།
༣༨
ཕྱི་ཉིན་སྔ་མོར་རི་བོའི་འདབ་ལ་སོང་།།
མི་ཚོགས་མང་བོས་སྔར་བཞི་འཚང་ཁ་རྒྱག།
དེར་ཡོད་སྒོ་བྱང་ཉོ་བར་གྲལ་བསྒྲིགས་ཀྱང་།།
ང་ཚོར་དཔང་ཡིག་༦ཡོད་པས་རང་དབང་བྱིན།།
༣༩
གོམ་སྟབས་མྱུར་མོ་ཡར་ནས་ཡར་ལ་སྤོས།།
ངོ་མཚར་ལྟད་མོ་མིག་གིས་ལོངས་སུ་སྤྱོད།།
ཐོས་འཛིན་སྦྲང་ཆུང་སྣེ་ཤན་བུ་མོར་གཏད།།
རྒྱ་སྐད་མ་གོ་བས་ན་མྱུར་མོར་འགོས།།
༤༠
གློ་བུར་འདུ་ཚོགས་རྒོད་པའི་ཚོགས་དབུས་སུ།།
མཐོ་ཞིང་ཆེ་བའི་དབུ་དང་དཔྲལ་བ་འཕགས།།
གཡས་ཡོན་སོང་ནས་བརྙན་པར་འགའ་བཏབ་ནས།།
ནང་མི་ལྷན་འཛོམས་ཚོམས་སུ་མྱུར་མོར་བསྐུར།།
༤༡
བདེ་སྲུང་བ་དང་བཀོད་འདོམས་མི་སྣ་ཡིས།།
ལམ་ཐིག་ནང་བཞིན་སྒྱིད་པ་འདར་འདར་ངང་།།
ཡོན་ནས་མར་བབས་ཞབས་ཟུང་པད་འདབས་སུ།།
བསྟན་དར་འགྲོ་ཀུན་བདེ་བར་སྨོན་ལམ་བཏབ།།
༤༢
འདི་འདྲའི་བྱམས་ཆེན་ཅིའི་ཕྱིར་བཞེངས་དགོས་སམ།།
ཞེ་ན་བདུན་བརྒྱ་བཅུ་གསུམ་ཡར་སྔོན་ལ།།
གཙང་བོ་མདོ་གསུམ་ཆུ་འཇིགས་ཐེངས་མང་བྱུང་།།
དགེ་སློང་ཧས་ཐོན་ཞེས་པས་ཐོག་མར་བཞེངས།།
༤༣
སྐུ་ཡི་མཐོ་ཚད་སྨི་ལུ་དོན་གཅིག་དང་།།
དབུ་ཡི་མཐོ་ཚད་བཅུ་བཞི་ཞེང་ལ་བདུན།།
སྙན་གྱི་རིང་ཚད་སྨི་ལུ་བདུན་ཡོད་པས།།
འདི་འདྲའི་རྡོ་སྐུ་ཆེན་པོ་ཧ་ལམ་དཀོན།།
༤༤
ལོ་ངོ་སྟོང་ཕྲག་གོང་གི་གནའ་ཤུལ་རྣམས།།
མཇལ་བཞིན་སེམས་ངོར་གནའ་མིའི་སྙིང་སྟོབས་དང་།།
དད་པའི་དཔལ་ལ་འགྲན་པའི་ཟླ་མ་མཆིས།།
རང་དབང་མེད་པར་ངག་ནས་ཡང་ཡང་ཤོར།།
༤༥
རི་བོའི་སྐེད་ནས་ཕར་ལ་སོང་བ་ན།།
ས་འོག་ཕོ་བྲང་ཞེས་པའི་བྲག་ཕུག་ཡོད།།
ཚངས་པའི་བློ་ངོར་ལས་ཀྱང་ཤོང་དཀའ་བའི།།
འབུར་བརྙན་ལྡེབས་བརྐོས་རི་མོས་ཡོངས་སུ་གཏམས།།
༤༦
དོང་ལམ་རིང་མོ་རེ་རེར་སོང་བ་ན།།
ངོ་མཚར་སྟོང་གིས་ཕྱུག་པའི་འབུར་སྐུ་རྣམས།།
གླིང་གཞན་ཞིག་ནས་གནས་འདིར་བྱོན་པ་འམ།།
ཡང་ན་མིག་འཕྲུལ་ཨེ་ཡིན་དཔྱངས་ཐག་འཛིན།།
༤༧
ཕྱོགས་བཞིར་བཏོན་པའི་གསང་ལམ་རིང་མོ་རུ།།
གསོན་ཉམས་ལྡན་ཞིང་མཛེས་ཆ་མ་ལུས་པ།།
སེམས་ངོར་གཅིག་ཏུ་བསྡུས་ནས་ཡ་མཚར་ངང་།།
མར་བབས་སྤོས་ངད་ལྡན་གྱི་ཕྱོགས་སུ་སྐྱོད།།
༤༨
སྣ་ཚོགས་གློག་གི་འཇོ་སྒེག་རབ་གསལ་པའི།།
གྲོང་ཁྱེར་དཀྱིལ་གྱི་ཐན་ཧྥི་ཐང་ཆེན་༧གྱི།།
རབ་ཏུ་མཐོ་བའི་ཁང་བརྩེགས་ལ་འཛེག་ཏེ།།
གཙང་དག་སྤུས་ལེགས་མགྲོན་ཁང་ཆེན་མོ་བླངས།།
༤༩
དགུན་གྱི་བཅུ་བ་རྒྱ་སྟག་སླེབས་ཡོད་ཀྱང་།།
གནས་འདིའི་སྔོ་ལྗང་རྩྭ་ལོའི་གཞོན་ཚུགས་དོད།།
ཆུ་སྐྱེས་བུ་མོའི་ཞལ་རས་མཆུ་སྒྲོས་འཛུམ།།
ལྷ་ཡུལ་ས་ལ་བབས་འདྲའི་སྣང་བ་ཤར།།
༥༠
ཕྱི་ཉིན་ཞོག་པར་བོད་མིའི་ཁྲིམ་རར་ཕྱིན།།
སྐུ་གཟན་སྟོད་འགག་མེད་པའི་གྲྭ་ཇོ་དང་།།
གཡུར་བྱུར་སྐེ་རྒྱན་བཏགས་པའི་རྒན་གཞོན་སོགས།།
རང་རང་ཕུགས་འདུན་བར་དུ་འདུར་རྒྱུག་རྒོད།།
༥༡
རྒྱུ་སྤུས་བཟང་ངན་བདག་གིས་མི་ཤེས་ཀྱང་།།
ཚོང་ཟོང་སྣ་ཚོགས་འཕྱུར་བུར་ཡོངས་སུ་གཏམས།།
མཆོད་ཆ་ལྷ་སྐུ་གྲྭ་བའི་ན་བཟའ་སོགས།།
སྔོན་ཆད་མ་མཐོང་བ་རྣམས་འདི་ན་སྣང་།།
༥༢
བོད་མིའི་ཁྲོམ་རའི་བོད་ཀྱི་ཚོང་བ་འགར།།
ཕ་སྐད་ལམ་ནས་ཁ་བརྡ་བྱེད་པ་ན།།
གོ་བརྡ་མི་འཕྲོད་རྒྱ་སྐད་བཤད་ན་བདེ།།
ཞེས་པའི་གཟའ་རོ་སྨྱོན་པའི་བོད་པའང་འདུག།
༥༣
གཞན་ཡུལ་འགྲིམ་ན་རང་ཚུགས་བཀན་མོ་དགོས།།
མི་རིགས་ཙུག་གི་ཞབས་འདྲེན་བྱེད་ཉན་ཆེ།།
མ་མཐའ་མགོའི་སྐྲ་སྐེ་ཡི་ཚིལ་དྲེག་སོགས།།
གཙང་ཞིང་ཡག་ན་ཀྱེ་མ་ཅི་མ་རུང་།།
༥༤
ལྷག་ཏུ་གྲྭ་བ་ཇོ་མོས་ཡིད་གཟབ་དགོས།།
གང་དུ་སོང་ན་ལུས་ངག་གཙང་དགོས་ལགས།།
ཤ་ཡི་མིག་གིས་ཀུན་སློང་མི་མཐོང་བས།།
ཞེན་ལོག་སྐྱེ་ན་བསྟན་དང་རིགས་ལ་གནོད།།
༥༥
མི་ཚོགས་ཁྲོད་ཀྱི་གཅིག་དང་གཉིས་ཀྱིས་ཁྱོད།།
གྲྭ་བ་ཡིན་ཞེས་བཀུར་ཞིང་བརྩི་ན་ཐང་།།
བརྒྱ་ཆའི་གོ་དགུས་རིག་ན་འབྲོས་པ་དང་།།
སྡང་མིག་ཐོག་མདའ་འཕེན་ན་སྡུག་གྱོང་ཡིན།།
༥༦
མཐོང་ཐོས་འབྲི་བར་ད་ནི་དཀྱུས་ལ་འཇུག།
དེ་ཡི་དགོང་མོར་མི་རིགས་སློབ་གླིང་གི།།
དགེ་རྒན་ཆེ་གེ་མོ་དང་ལྷན་གཅིག་ཏུ།།
དགོང་ཟས་མཉམ་རོལ་མདོ་མེད་གཏམ་འགའང་ཤོར།།
༥༧
བརྟག་དཔྱད་མེད་པར་བབ་ཅོལ་ལབ་པ་ལ།།
བླུན་པོར་ཅི་ཁག་མཁས་པའི་ནང་དུའང་མང་།།
གནས་ལུགས་ཡོད་མེད་དུས་རབས་འཚམ་མིན་ལ།།
མི་བལྟ་ཞེན་ཁོག་དད་མོས་རྗེས་འབྲང་དགའ།།
༥༨
ཕྱི་ཉིན་སྔ་མོར་ས་འོག་ལྕགས་ལམ་བརྒྱུད།།
འཇམ་པའི་དབྱངས་ཀྱི་ལྷ་ཁང་བྱིན་ཅན་མཇལ།།
སྤྱན་རས་གཟིགས་མགོན་ཟུར་ཕུད་ལྔ་བ་དང་།།
ཀུན་ཏུ་བཟང་བོའི་མདུན་ནས་གུས་ཕྱག་ཕུལ།།
༥༩
རྒྱ་མི་མང་བོས་དྲི་ཞིམ་བདུག་སྤོས་དང་།།
ཡིད་འོང་མེ་ཏོག་ཞལ་ཟས་ལ་སོགས་པ།།
མཆོད་ཅིང་གུས་པའི་གསོལ་བ་ལེགས་བཏབ་སྟེ།།
ལྟད་མོར་འགྲོ་བའི་རྣམ་པ་འདི་ན་གསལ།།
༦༠
དེ་ནས་སྔུན་གྱི་ས་འོག་ལམ་དུ་སོང་།།
གང་དུ་སོང་ན་མི་ཚོགས་ཧ་ཅང་རྒོད།།
ཡོད་ཚད་རང་རང་ས་ན་ཕུགས་བསམ་རེ།།
གྲོང་ཁྱེར་འདི་རུ་ཟང་ཟིང་ལང་ལོང་ཆེ།།
༦༡
གྲོང་ཁྱེར་འདི་ལ་རྒྱུས་མངའ་ཆུང་བས་ཕྱིར།།
གནས་ཆེན་སོ་སོ་མཇལ་རྒྱུ་དཀའ་ན་ཡང་།།
འོད་ཀོར་དགོན་༨པ་ཞེས་པ་གོ་བས་ན།།
ལམ་སང་དེ་རུ་མཇལ་བར་ང་ཚོ་ཕྱིན།།
༦༢
སྒོ་ཆེན་ནང་དུ་ཕྱིན་ཏེ་གཡས་སྐོར་སོང་།།
ཕུགས་ཀྱི་སྟེགས་བུ་མཐོན་པོའི་གཡས་ཟུར་ན།།
མཚོན་མདངས་རྣམ་པར་བཀྲ་ཞིང་བརྗིད་ཆགས་པའི།།
འཇམ་མགོན་ཙོང་ཁ་པ་ཡི་ཐང་ག་བཤམས།།
༦༣
བླ་མ་འཇམ་དབྱངས་རྗེ་བཙུན་ཙོང་ཁ་བ།།
རབ་བྱུང་དྲུག་པའི་མེ་བྱར་སྐུ་ཁྲུངས་ཏེ།།
རིག་པའི་དཔའ་བོ་ཆོས་རྗེ་དོན་གྲུབ་ཀྱིས།།
བུ་བཞིན་བསྐྱངས་ཏེ་དབུས་གཙང་ཡུལ་ཏུ་མངགས།།
༦༥
གྲུབ་མཐའ་རིས་མེད་བླ་མ་མང་བོ་བསྟེན།།
ཐོས་བསམ་སྒོམ་སྒྲུབ་ཆད་རྩོད་རྩོམ་གསུམ་མཛད།།
རྟོགས་དཀའི་ཟབ་མོ་དབུ་མའི་ལྟ་བ་རྙེད།།
རི་བོ་དགེ་ལྡན་གྲུབ་མཐའི་སྲོལ་བཟང་མཛད།།
༦༥
རྒྱལ་བའི་གསུང་རབས་ཀུན་གྱི་སྙིང་བོ་བཅུད།།
གཅིག་ཏུ་བསྡུས་བའི་ལེགས་བཤད་ལམ་སྔགས་སོགས།།
མཛད་དེ་རབ་བྱུང་བདུན་པའི་མེ་ཕག་ལོར།།
སྐུ་གཟུགས་བཀོད་པ་བསྡུས་པའི་ཚུལ་བསྟན་དོ།།
༦༦
དད་གུས་སྒོ་ནས་མགོ་བོ་གཏུགས་པ་དང་།།
བྱིན་རླབས་ཆེ་བའི་དམིགས་བརྩེ་མ་ཡང་ཟློས།།
སྒོ་རུ་བུད་ནས་ལྷ་ཁང་གཞན་ཞིག་སྟེ།།
དགྲ་བཅོམ་ལྔ་བརྒྱ་བཞུགས་པ་དེ་རུ་སོང་།།
༦༧
དེ་ན་དད་དང་མི་དད་མི་ཚོགས་མང་།།
ཕར་འགྲོ་ཚུར་འོང་ཁྲོད་ནས་བྱོལ་ནས་སོང་།།
མཚམས་སུ་དཀར་ཟས་ཟ་ཁང་བརྗིད་རྔམ་ཅན།།
དེ་ནས་དྲོས་ཇ་ཚོད་མ་འབྲས་རྣམས་ཟོས།།
༦༨
སྤྱིར་ན་དད་པ་ཡོད་ཀྱང་མེད་ཀྱང་ཆོག།
གཙོ་བོ་ཡ་རབས་མི་ཡི་གཤིས་ཀ་དགོས།།
འཇིག་རྟེན་འདི་ནས་ངོ་ཚ་ཁྲེལ་ཡོད་ན།།
དད་པ་མེད་ཀྱང་སྐྲག་སའི་གནས་མིན་ནོ།།
༦༩
དད་པ་ཡོད་ཅེས་ཕྲེང་བ་འདྲེན་པ་དང་།།
ཕྱག་སྐོར་ལ་སོགས་ཇི་ལྟར་འབད་ན་ཡང་།།
གལ་ལ་ཕྲད་དུས་མི་མངོན་གསང་ལམ་དང་།།
སྤྲེའུ་འདྲ་གར་མཁན་མི་དེ་འཇིགས་སུ་རུང་།།
༧༠
དེ་མིན་གནས་གཞན་ཕིན་ཀྲོའི་༩ཞེས་པ་རུ།།
ལོན་བྱིས་དགོན་ཞེས་༡༠ཡོད་པ་གོ་ནས་ནི།།
ཕྱོགས་སྟོན་འཁོར་ལོ་གནས་དེར་གཏད་པ་ན།།
ཆུ་ཚོད་ཕྱེད་ཀའི་ཡས་མས་དེ་རུ་འབྱོར།།
༧༡
ཅུང་ཙམ་ཐག་རིང་ས་གནས་བལྟས་པ་ན།།
རྡོ་རྗེ་གདན་གྱི་མཆོད་རྟེན་མཇལ་བ་འདྲ།།
མདུན་གྱི་རྡོ་རིང་ངོས་ཀྱི་ཡི་གེ་རུ།།
བྱིན་ཆེན་རིང་བསྲེལ་ཡོད་ཅེས་གསལ་བོར་བཀོད།།
༧༢
དགོན་པ་དེ་དག་འགའ་རེར་སོང་བ་ན།།
བོད་རྒྱ་མི་རིགས་སུ་དང་གང་གིས་ཀྱང་།།
སྒོ་བྱང་ཉོ་མི་དགོས་པས་རང་ཡུལ་ལ།།
བསམ་གཞིག་མི་བཏང་རང་དབང་ཡེ་ནས་བྲལ།།
༧༣
མཆོད་རྟེན་མདུན་གྱི་ཐང་ཆེན་ཡངས་པོ་རུ།།
ཚོང་བ་མཇལ་བ་བརྒྱ་ཕྲག་སྟོང་འདུས་རྒྱུ།།
རང་ཉིད་གང་དུ་ཡོད་པ་མ་བརྟགས་ན།།
མི་མང་ཁྲོད་ནས་བོར་བར་ཉན་ཁ་ཆེ།།
༧༤
ཤིན་ཏུ་མཐོ་བའི་མཆོད་རྟེན་རྩེ་མོ་རུ།།
འགྲོ་བའི་རྡོ་གཅལ་རིམ་གྱིས་རྡོག་པས་འཇལ།།
མཐོ་བརྩེགས་དྲུག་ཅུ་ཡས་མས་རྩེ་མོ་ནས།།
མར་ལ་བལྟས་ན་མཛེས་པའི་གྲོང་ཁྱེར་བརྗིད།།
༧༥
ལྗོན་ཤིང་གཞོན་ནུས་ལོ་མ་གསར་བ་འཛིན།།
སྣ་ཚོགས་མེ་ཏོག་ཡིད་འོང་འཛུམ་མདངས་ངོམ།།
རྫིང་བུ་མཁའ་ལ་ཆུ་བྱ་སྣ་ཚོགས་རྒྱུ།།
ད་དུང་འདི་ན་དབྱར་ཁའི་བཞིན་རས་གསལ།།
༧༦
དེ་དག་མཇལ་ནས་གཟི་ཚ་སྡེ་དགུ་ཡི།།
ཕྱོགས་སུ་ཕྱོགས་སྟོན་འཁོར་ལོའི་ཞལ་རས་བསྐོར།།
ནུབ་ཁའི་མཚམས་སུ་ལུང་མདོའི་བོན་དད་ཁྱིམ།།
དགོང་མོར་ཡིད་སེམས་བདེ་བར་ངལ་གསོ་མཛད།།
༧༧
ཕྱི་ཉིན་བཅོ་ལྔའི་མཐོ་རེངས་གསལ་བ་ལ།།
ཁྱིམ་བདག་མཛངས་མས་ང་དང་ཆོས་གྲོགས་ཚོར།།
དཀར་ཟས་ཆུར་བ་རྩམ་པས་ཞོགས་ཟས་དྲངས།།
ཉིན་དེར་མོ་ཡང་དཀར་ཟས་ཡིན་ཚུལ་བཤད།།
༧༨
ཤིང་ཁང་གྲུ་བཞི་གཙང་མའི་ཁྱིམ་གྱི་ཕུགས།།
བཀོད་མཛེས་མཆོད་ཁང་འོད་ཀྱིས་ཁེངས་པའི་དབུས།།
ལུག་རྟོགས་བསྟན་པའི་ཉི་མའི་སྐུ་པར་མདུན།།
སིལ་ཏོག་མཆོད་མེ་ཕུལ་ཡོད་དང་བ་འདྲེན།།
༧༩
ཁྱིམ་ཚང་རེ་རེའི་སྒོ་ཁར་བོད་ཀྱི་རྟགས།།
དར་ལྕོག་མཐོན་པོ་བསླངས་པ་མཐོང་བའི་ཚེ།།
དེབ་དཀར་མཁན་པོ་དགེ་འདུན་ཆོས་འཕེལ་གྱི།།
གསུང་དེ་ཡིད་ལ་རང་དབང་མེད་པར་འཁོར།།
༨༠
ད་ལོར་ཡུལ་འདིར་ཡོང་བའི་སྐུ་མགྲོན་ནི།།
ན་ནིང་གཞེས་ནིང་ལས་ཀྱང་མང་བོར་ཕྱིན།།
དེ་བས་ཡོང་འབབ་སྔོན་མའི་ལོ་ལས་ཀྱང་།།
མང་དུ་ཕྱིན་པས་དགའ་ཡོད་ཅེས་སོགས་གླེང་།།
༨༡
ཡུལ་སྐོར་མཛེས་ལྗོངས་ལུང་མདོར་སྒོ་བྱང་ཉོས།།
མི་ཚོགས་ཁྲོད་ལ་ལྟད་མོ་ཡང་ཡང་བལྟས།།
ཀུན་གྱི་ཆ་ལུགས་མི་གཅིག་སོང་ན་ཡང་།།
འཛུམ་མདངས་སྤྲོ་དགའི་རྣམ་པ་གཅིག་འདྲ་ལགས།།
༨༢
སྔོ་བསངས་བུ་མོ་ཐང་ལ་བབས་འདྲ་བའི།།
ངོ་མཚར་ཡིད་འོང་མཚོ་དང་རྫིང་བུ་མང་།།
ཤག་ཤག་འབེབ་པའི་སྟངས་ཀ་མི་འདྲ་བ།།
སྒེའུ་ཁུང་ངོས་སུ་ཡོལ་བ་འཐེན་དང་མཚུངས།།
༨༣
མིག་གིས་ཡུལ་ལྗོངས་མཛེས་སྡུག་ལོངས་སུ་སྤྱོད།།
རྣ་ཡིས་ཆུ་བོ་འབེབ་པའི་ཤག་སྒྲར་ཉན།།
ཤིང་གི་ཐེམ་སྐས་ཕྲེང་བའི་སྣེ་མོ་ལ།།
འཛེག་སྟེ་སོང་ན་ལྷའི་ཡུལ་འགྲོ་བར་མཚུངས།།
༨༤
མཚན་སྙན་ཕྱོགས་སུ་ཁྱབ་པའི་སྒྱུ་རྩལ་མཁན།།
གཡུང་དྲུང་དབང་རྒྱལ་ཞེས་པའི་གླུ་སྐད་ཁྲོད།།
ལྷ་ཡུལ་ཁམས་ལ་ཉེ་བའི་མི་ཡུལ་གང་།།
གཟི་ཚ་སྡེ་དགུ་ཡིན་ཞེས་དོན་ལ་གནས།།
༨༥
རི་སྐེད་རི་མགོ་རི་ཞོལ་ལ་སོགས་པར།།
དོན་གྱི་གླུ་བ་གཡུང་དྲུང་དབང་རྒྱལ་གྱི།།
ཁྱད་མཚར་ཆེ་བའི་གཟི་ཚ་སྡེ་དགུ་ཞེས།།
སྙན་འཇེབས་ལྡན་པའི་གླུ་དབྱངས་དེ་ཡིས་ཁྱབ།།
༨༦
གཟི་ཚ་སྡེ་དགུ་ཞེས་པའི་མཛེས་པའི་ལྗོངས།།
གངས་རིའི་ཁྲོད་དུ་གནས་པ་ངོ་མཚར་ཆེ།།
ཡུལ་འདིའི་གཅེས་པའི་བུ་དང་བུ་མོ་ཚོ།།
རང་གཤིས་དད་པ་སྔར་བཞིན་གནས་པར་སྨོན།།
༨༧
ཕྲན་གྱི་སེམས་ངོར་གཟི༵་ཚ༵་སྡེ༵་དགུ༵་ཞེས།།
བག་ཆགས་མཐུག་པོ་འཇོག་མཁན་ལྷ་མ་ཡིན།།
རྒྱུ་ཆེན་མི་དང་དབང་ཆེན་དཔོན་པོ་མིན།།
ལ་རྒྱའི་གླུ་བ་གཡུ༵ང་དྲུ༵ང་དབ༵ང་རྒྱ༵ལ་ཡིན།།
༨༨
དེ་བས་མཚན་སྙན་ཕྱི་ནང་ཐམས་ཅད་དུ།།
འབྲུག་སྒྲ་ཇི་བཞིན་གྲགས་པའི་གླུ་བ་ཁོར།།
ཁམས་འདྲི་བྱེད་པར་རབ་དཀར་ཁ་བཏགས་ཙུག།
འཐེན་འདོད་ཆེ་ཡང་ཉིན་དེར་མེད་པས་སྐྱོ།།
༨༩
གནས་འདི་ལོ་ངོ་ཉི་ཤུའི་ཡར་སྔོན་ནས།།
ལྗོངས་རྒྱུ་སྤྲོ་གསེང་ཡུལ་ཞེས་གཏན་ཁེལ་བྱས།།
ཕྱོགས་ཀྱི་མགྲོན་པོ་ཁྲི་འབུམ་ཡོང་ན་ཡང་།།
ཡུལ་མིའི་གཤིས་བཟང་འགྱུར་མེད་ཀྱེ་མ་དགའ།།
༩༠
བློ་ངོར་རྟོག་བཏགས་འདྲ་མིན་སྣ་ཚོགས་ཙུག།
བསམ་ཞིང་དྲན་བཞིན་རང་ཡུལ་ཕྱོགས་སུ་སྐྱོད།།
ཡུལ་དེའི་དོན་སྤྱི་ཁ་བརྡ་ལབ་གླེང་ཁྲོད།།
བཙན་པོ་དམག་རྒྱུད་ཐེ་བོ་རྫོང་ལ་སླེབས།།
༩༡
ལམ་གྱི་འགྲམ་ནས་ཁ་པ་དགོན་པ་ཞེས།།
སྒོར་བྱང་མཐོང་བས་ཨ་ཁུ་གྲགས་པ་ལ།།
འབྲེལ་གཏུགས་བྱེད་དགོས་བསམ་ཡང་འགོར་ཆེ་བས།།
ཁུ་སིམ་དལ་མོར་གཞུང་ལམ་བསྐྱོད་ནས་སོང་།།
༩༢
ཕྱི་ཉིན་སྔ་མོར་ལོ་ཁུ་བརྒྱུད་ལམ་༩དེད།།
བྲག་སྒོམ་སྡེ་ནང་སྐྱེ་ཡག་འབྲུག་མིང་ཅན།།
བྲོ་མངར་ལྡན་པའི་ཞོགས་ཟས་དྲངས་པའི་ཞོར།།
ལྷ་སར་རྐང་འགྲོས་སོང་བའི་དོན་རྣམས་ལབ།།
༩༣
ཁ་བརྡའི་ཁྲོད་ནས་བརྩེ་བའི་སེམས་རྩ་འཕར།།
མིག་མདངས་བར་ནས་སེམས་ཀྱི་ཟློས་གར་ཁྲབ།།
རྐང་སྟབས་གསེང་ནས་དབུས་ལམ་གནའ་རྫས་གླེང་།།
དེ་ལྟར་ལོས་ཡིན་ཇོ་བོ་མཇལ་གྲོགས་ཡིན།།
༩༤
གཡང་གཟར་ཆེ་ཞིང་རི་བོ་གནམ་ལ་ཟུག།
འགག་འཕྲང་དོག་ཅིང་ཁུག་ཀྱོག་ཧ་ཅང་མང་།།
གནམ་གཤིས་གྲང་ཞིང་ཁངས་ཆར་འདྲེས་མ་བྱོ།།
འགྲམ་དར་ཆགས་པའི་ལམ་ནས་དལ་གྱིས་སྐྱོད།།
༩༥
ལ་གཟར་ལ་ཐུང་བརྒྱུད་ནས་ཡོང་བ་ན།།
རྫ་མགོ་མཐོན་པོས་དབུ་ཞྭ་མནབས་པ་དང་།།
རྫ་རི་དམའ་མོས་ན་བུན་ཀླུབ་པ་སོགས།།
ཁྲིན་ཏུ་རང་ཡུལ་བར་ན་ཧེ་བག་ཆེ།།
༩༦
སྣུམ་ལམ་ས་ལམ་མང་བོ་བརྒྱུག་བརྒྱུག་ནས།།
ཁ་ཚ་སྔོ་ཚོད་འབྲས་ཆེན་ཟོས་ཟོས་ནས།།
ད་ནི་ཁ་ལ་འདྲིས་ཤིང་ཁོག་བདེ་བའི།།
ཕྱེ་ཐུག་ཞིམ་པོ་འཐུང་བའི་ཡུལ་ལ་སླེབས།།
༩༧
རང་ཡུལ་སྐྱིད་པོ་བདེ་ཐང་མར་རུ་ནས།།
བྲོ་བ་ལྡན་པའི་ཟ་ཁང་བདེ་མོར་སོང་།།
ཕྱེ་ཐུག་དཀར་རྒན་རེ་རེ་འཐུང་བ་ན།།
བདེ་ཞིང་ཡང་བའི་ཚོར་བ་སྣུམ་པོ་སྟེར།།
༩༨
དེ་རུ་སིལ་ཏོག་འགའ་དང་སྔོ་ཚོད་རེ།།
ཉོས་ནས་རང་དགོན་ཆོས་ཀྱི་ཞིང་དུ་ཡོང་།།
གྲང་ངར་བསམ་ན་ཁྲིན་ཏུ་སྐྱིད་སྣང་ཤར།།
ལྷིང་འཇགས་མཁའ་དབུགས་གཙང་མ་རང་ཡུལ་རེད།།
༩༩
དེ་ལྟར་དུས་ཐུང་ཡུལ་སྐོར་མཐོང་ཐོས་འགའ།།
མི་བརྗེད་དྲན་ཐོའི་ཚུལ་དུ་བྲིས་པ་འདི།།
མངོན་བརྗོད་བརྡ་རྙིང་གོས་ཀྱིས་མ་སྤུད་པར།།
གོ་སླའི་ཐང་ཆེན་ཡངས་པོར་བཀྲམ་ལགས་སོ།།
༡༠༠
སངས་རྒྱས་བསྟན་པ་དར་ཞིང་རྒྱས་པ་དང་།།
བསྟན་འཛིན་སྐྱེས་བུ་རྣམས་ཀྱི་ཞབས་པད་བརྟན།།
འགྲོ་བ་སེམས་ཅན་འདི་བདེ་ཕྱི་མ་སྐྱིད།།
མདོར་ན་བདེ་སྐྱིད་ལྡན་པར་སྨོན་ལམ་འདེབས།།
——
༡ 武都
༢圣水寺
༣零公里停车场
༤万年寺
༥乐山
༦དགེ་འདུན་པའི་དཔང་ཡིག
༧ 天府广场
༨宝光寺
༩彭州
༡༠龙兴寺
༡༡洛克之路


版权声明:版权归《卡加琼翁综合文学网》所有,未经允许任何单位或个人不得转载、复制或以任何其他方式使用排版素材与本文全部或部分,侵犯必究。

བདག་དབང་། ངེད་འཕྲིན་སྟེགས་འདིར་བཀོད་ཟིན་པའི་རྩོམ་ཡིག་དང་འཆད་ཁྲིད། རྒྱུ་ཆ་སོགས་གང་ཡིན་ཡང་ཆོག་མཆན་མེད་པར་རྐུ་འཁྱེར་དང་བཤུ་འགོད། ནང་དོན་དང་རྒྱུ་ཆ་སོགས་བཅད་གཏུབ་ཀྱིས་སྤེལ་ན་ཁྲིམས་ལྟར་རྩད་གཅོད་ཡོད།

དོ་ཁུར་གནང་རོགས།

谢谢关注视频号

དཔེ་ ཀློག

དཔེ་ཀློགཤེས་རབ་ཀྱི་མི་ཚེ།

འཆད་ཁྲིད།|བརྩོན་འགྲུས་ཀྱི་སྟོབས།

རྩོམ་རིག|གཞུང་ལུགས་ཀྱི་འཇིངས།


赞赏



 


ཕྲིན་སྟེགས་སུ་ཚོགས་པ་དང་མི་སྒེར་གང་རུང་གི་ཁེ་དབང་ལ་གནོད་པའི་ནང་དོན་ཅན་ཡོད་ཚེ་མྱུར་དུ་འབྲེལ་གཏུགས་བྱོས་དང་དྲྭ་ལམ་ནས་བསུབ་ཆོག 

རྩོམ་པ་བོ་དག་གིས་ཡིད་གཟབ་གནང་རྒྱུ་ཞིག་ལ། སྐུ་ཉིད་ཀྱི་བརྩམས་ཆོས་གང་ཡིན་གཞན་གྱི་འཕྲིན་སྟེགས་སུ་བསྐུར་ཟིན་པ་དག་འདིར་མི་བསྐུར་བར་ཞུ། རྒྱུ་མཚན་བརྩམས་ཆོས་དེ་སྟེགས་བུ་གཅིག་ལ་དབང་ན་ལེགས་པ་དང་དེ་མིན་འགོད་མི་ཐུབ་པའི་དཀའ་ལས་སུ་འཕྲད་པས་དེའི་ལུགས་ལ་ཡིད་འཇགས་འཚལ།



请输入邮箱 2797610002@qq.com


ནང་དོན་འགོད་ལུགས།


༄༅།།ཁྱུང་སྔོན་བོད་ཡིག་རྩོམ་རིག་སྤྱི་སྟེགས་ནི་བོད་ཀྱི་རྩོམ་པ་པོའི་དཔུང་སྡེའི་ཐུན་མོང་ལ་དབང་བའི་སྣ་འཛོམས་རང་བཞིན་ཅན་གྱི་དྲ་ལམ་རྩོམ་ཡིག་སྤེལ་སའི་སྡིངས་ཆ་ཞིག་ཡིན།དེར་དཔྱད་རྩོམ་དང་འབོལ་རྩོམ་ལྷུག་རྩོམ་སྙན་ངག  འཆད་ཁྲིད།  གླུ་གཞས་དང་གྱེར་འདོན། ཡིག་གཟུགས་དང་དེབ་འཕྲིན་སོགས་འགོད་ཀྱིན་ཡོད་པས་ཁྱེད་ཅག་གིས་རྩོམ་ཡིག་སྤུས་གང་དག་རེ་བསྐུར་གནང་ཡོང་བར་ཞུ། 

琼翁藏文文学平台是属于整个藏族作家的一种多样性的文学平台,在这里你可以阅读到论文、散文、诗歌、随笔、书法及书信;还可以聆听到讲座、歌曲、朗诵。这里无奇不有,应有尽有。也欢迎各位作家前来投稿!


卡加琼翁综合文学网
ནང་དོན། [རྩོམ། འཆད་ཁྲིད། གཏམ་བཤད། གྱེར་འདོན། ཡིག་གཟུཊ།] སྐུ་ཉིད་ཁྱུང་སྔོན་རྩོམ་རིག་སྤྱི་སྟེགས་སུ་འབྱོན་པར་དགའ་བསུ་ཞུ།
 最新文章