མདོ་སྔགས་གཞུང་དོན་འབྱེད་པ་ལ་སྨོན་པའི་གཏམ་པདྨ་དཀར་པོའི་ཆུན་པོ།

文摘   2024-11-01 10:28   甘肃  


ང་ཚོ་ཐུན་མོང་ལ་དབང་བའི་རྩོམ་རིག་གི་སྡིངས་ཆ་ཆེན་མོ་ཁྱུང་སྔོན་རྩོམ་རིགས་དྲ་བ།  

琼翁文学网  属于我们共同的文学大舞台



国泰民安!世界和平!

树立中华民族共同体意识,坚定文化自信,促进文化繁荣,为民族复兴,国家强盛而不懈努力

—习近平


མདོ་སྔགས་གཞུང་དོན་འབྱེད་པ་ལ་སྨོན་པའི་གཏམ་པདྨ་དཀར་པོའི་ཆུན་པོ།



ཐབས་མཁས་ཐུགས་རྗེ་ནམ་མཁའི་མཐའ་ལ་བརྐྱངས།། 
སྲིད་པ་ཇི་སྲིད་སྐྱེ་རྒུའི་ལས་ཀྱིས་བྲེལ།། 
བདག་སྙིང་པད་མའི་དབུས་ཀྱི་ཟེའུ་འབྲུ་མཆོག། 
སྐྱབས་གསུམ་དམ་པས་དགེ་ལེགས་ཆར་དུ་བསྙིལ།།

འཕགས་མཆོག་ཕྱག་ན་པདྨོའི་རྣམ་པར་འཕྲུལ།། 
ཁྲོ་རྒྱལ་དྲག་པོའི་སྐུ་རུ་བཞེངས་པའི་ལྷ།།
དབང་ཆེན་རྟ་མཆོག་རོལ་པའི་གསང་གསུམ་གྱིས།། 
ས་ལམ་རྟོགས་པ་སྐྱེ་བའི་སྡོངས་གྲོགས་མཛོད།།

ངག་དབང་ལྷ་མོ་དྲག་ཏུ་ཁྲོས་པའི་གར།།
ཕ་མའི་རང་བསྟེན་བཀའ་སྲུང་མཐུ་རྩལ་ཅན།།
མ་ཅིག་དཔལ་ལྡན་ལྷ་མོ་རེ་མ་ཏིས།།
ཕྱི་ནང་གསང་བའི་བར་ཆད་དབྱིངས་སུ་ཟློགས།།

དམ་པའི་མན་ངག་ལས་འོངས་ལེགས་བཤད་གཏམ།། 
རྣམ་དག་ཀུན་སློང་དཀར་པོའི་ངང་ཉིད་ལས།། 
ཚིག་སྦྱོར་འཁྱོག་པོའི་སྦྱོར་བ་རིང་སྤངས་ཏེ།། 
རང་བཞིན་བརྗོད་པའི་ལས་ལ་འཇུག་པར་བྱ།

གཞལ་བྱའི་གནས་དང་ཁྱད་པར་བྱང་གྲོལ་ལམ།། 
དངོས་སྟོབས་རིགས་པའི་ལམ་ནས་གསལ་མཛད་ཅིང་།། 
མ་རྟོགས་ལོག་རྟོག་ཐེ་ཚོམ་དྲུངས་འབྱིན་པའི།། 
ཕྱོགས་གླང་ཆོས་གྲགས་དགོངས་དོན་རྟོགས་ན་བསམ།།

ཤེར་མདོའི་སྦས་དོན་དངོས་བརྒྱད་དོན་བདུན་ཅུ།། 
ས་འོག་གཏེར་བཞིན་ཤིན་ཏུ་རྟོགས་དཀའི་གནས།། 
མི་ཕམ་མགོན་པོའི་མན་ངག་ཇི་བཞིན་དུ།། 
རྒྱ་ཆེན་ལམ་གྱི་ཟབ་གསང་རྙེད་ན་བསམ།།

འཇིག་རྟེན་རྒུད་ཚོགས་སེལ་བའི་ཆིག་ཐུབ་སྨན།།
ཤེར་མདོའི་དངོས་བསྟན་ཟབ་ལམ་དབུ་མའི་གནད།། 
ཇི་བཞིན་སྟོན་མཛད་ཀླུ་སྒྲུབ་དགོངས་པའི་དོན།། 
རྟོགས་པའི་ཟླ་གྲགས་རྣམ་དཔྱོད་ལྡན་ན་བསམ།།

རྒྱལ་གསུང་ཆོས་མངོན་འབུམ་སྡེའི་གཞུང་གི་དོན།།
རྣམ་དཔྱོད་ཉི་མ་སྟོང་གིས་གསལ་མཛད་པ།། 
འགྲོ་དོན་རྩ་ལག་དབྱིག་གཉེན་མཁས་པའི་གསུང་།། 
མངོན་གཞུང་དོན་རྣམས་མ་འདྲེས་འབྱེད་ན་བསམ།།

ཚངས་སྤྱོད་བསླབ་པའི་བཅོས་པ་ཕྲ་ཙམ་ཡང་།།
མ་ལུས་འབྱེད་ལ་འགྲན་པའི་ཟླ་བྲལ་བ།། 
ཡོན་ཤཱཀ་གཉིས་ཀྱི་འདུལ་གཞུང་དགོངས་པའི་དོན།།
ཚང་བར་རྟོགས་ཤིང་སྲོག་བཞིན་བསྲུང་ན་བསམ།།

ལྷ་དྲུག་སྒོ་ནས་རང་ལྷར་བསྐྱེད་བྱས་ཏེ།། 
བཟླས་བརྗོད་ལམ་ལ་ལྟོས་པའི་བསམ་གཏན་དང་།།
བཟླས་མེད་བསམ་གཏན་གསུམ་གྱི་རྣལ་འབྱོར་བཅས།། 
བྱ་རྒྱུད་རིགས་གསུམ་ས་ལམ་བགྲོད་ན་བསམ།།

ཕྱི་ནང་ཡན་ལག་ཟུང་བཞིའི་བཟླས་བརྗོད་ཀྱི།།
མཚན་བཅས་ལྷ་ཡི་ཏིང་འཛིན་སྔོན་བཏང་སྟེ།།
མཚན་མེད་ཟབ་ལམ་རྣལ་འབྱོར་ལ་བརྩོན་ནས།། 
སྤྱོད་པའི་རྒྱུད་སྡེའི་ཕ་རོལ་སོན་ན་བསམ།།

རགས་པའི་ལྷ་དང་ཕྲ་བ་ཕྱག་མཚན་ལ།།
དམིགས་པའི་མཚན་བཅས་ལྷ་ཡི་རྣལ་འབྱོར་དང་།། 
མཚན་མེད་བདག་མདུན་ལྷ་སོགས་རང་བཞིན་ཤེས།། 
བཞི་ལྡན་ཕྱག་རྒྱའི་རྒྱུད་དོན་མྱོང་ན་བསམ།།

རྣལ་འབྱོར་བླ་ན་མེད་པའི་རྒྱུད་ཀྱི་དོན།།
བཤད་རྒྱུད་ཕྱོགས་མཐུན་གཞུང་གིས་བཀྲལ་བ་བཞིན།། 
གྲུབ་ཆེན་ཀླུ་སྒྲུབ་སོགས་ཀྱི་རྗེས་འབྲངས་ནས།། 
རིམ་གཉིས་ལམ་གྱིས་རང་རྒྱུད་ཕྱུག་ན་བསམ།།

སྦྱངས་གཞི་མ་དག་སྐྱེ་ཤི་བར་དོ་གསུམ།།
སྦྱོང་བྱེད་དང་པོ་ལམ་འཁྱེར་རྣམ་གསུམ་གྱི།།
སྦྱོར་དངོས་མཇུག་གསུམ་ཚང་བའི་ཉམས་ལེན་ལ།། 
ཆུ་བོའི་རྒྱུན་བཞིན་ཐུན་བཞིར་བརྩོན་ན་བསམ།།

རྒྱན་བདུན་མན་ངག་གནས་ལ་ལེགས་བསླབ་ཏེ།། 
མཐའ་དྲུག་ཚུལ་བཞིའི་མདུད་རྒྱ་རབ་གྲོལ་ནས།། 
རྩ་རླུང་རྡོ་རྗེའི་ལུས་ལ་ལེགས་བསྣུན་ཏེ།།
བདེ་ཆེན་འོད་གསལ་ཉིན་བྱེད་ཤར་ན་བསམ།།

རྣམ་དག་འོད་ལྔ་འབར་བ་གཉུག་མའི་རླུང་།།
ཀུན་རྫོབ་སྒྱུ་མའི་སྐུ་རུ་ལེགས་བཞེངས་ཏེ།།
མ་དག་བརྡོས་བཅས་འདི་དང་གཏན་བྲལ་ནས།། 
མི་ཤིགས་རྡོ་རྗེ་སྐུ་དེ་ཐོབ་ན་བསམ།།

ཀུན་རྫོབ་སྒྱུ་ལུས་དོན་དམ་འོད་གསལ་མཆོག།
ཟུང་འཇུག་གསང་གསུམ་རྒྱན་གྱི་འཁོར་ལོའི་སྐུ།། 
དང་པོའི་མགོན་པོའི་གསེར་ཞལ་པདྨའི་གཉེན།། 
མཐའ་དག་སྐྱེ་རྒུའི་མགོན་དུ་ཤར་ན་བསམ།།

ཕྱི་ནང་གཞན་གསུམ་དུས་ཀྱི་འཁོར་ལོའི་རྒྱུད།།
སྦྱོར་བ་དྲུག་གི་ཏིང་འཛིན་ལ་འབད་དེ།།
མཆོག་ཏུ་མི་འགྱུར་སྟོང་གཟུགས་ཕྱག་རྒྱ་མཆོག།
ཚེ་ཐུང་འདི་ལ་མངོན་དུ་གྱུར་ན་བསམ།།

མདོར་ན་རྩ་གསུམ་ལྷ་ཡིས་བྱིན་མཐུ་ལས།།
འཇམ་མགོན་བླ་མའི་མདོ་སྔགས་གཞུང་གི་གནད།། 
ཇི་བཞིན་རྙེད་ནས་གཞན་ལ་འདོམས་པ་ལ། 
རྒྱལ་བ་ཙོང་ཁ་པ་དང་མཉམ་ན་བསམ།།

དེ་ལྟར་སྨོན་པའི་འདོད་དོན་མ་ལུས་པ།།
ལས་བཞི་ལྷུན་གྲུབ་བསྟན་སྲུང་རྒྱ་མཚོ་དང་།།
རྟེན་འབྲེལ་ཆོས་ཉིད་ཟབ་མོའི་བདེན་པ་ལས།།
རིང་མིན་མངོན་དུ་འགྱུར་བར་བྱིན་གྱིས་རློབས།།

འདི་བྲིས་རྣམ་དཀར་ལས་ཀྱི་ཕུང་པོ་དེ།།
རྒྱལ་བསྟན་ཉིན་བྱེད་རིང་དུ་གསལ་བ་དང་།།
ལུས་ཅན་འགྲོ་དྲུག་བདེ་སྐྱིད་ལྡན་པ་སོགས།།
བདེ་དགའ་རྒྱུ་མཚོ་འཕེལ་བའི་རྒྱུ་རུ་བསྔོ།།

ནམ་མཁའི་གར་ཁྱབ་མ་རྒན་སེམས་ཅན་རྣམས།།
ངན་སོང་གནས་སུ་ནམ་ཡང་མི་སྟོང་ཞིང་།།
འཇིགས་རུང་འཁོར་བའི་དུག་མཚོ་ལས་ཐར་ཏེ།།
གཏན་བདེ་ཟད་པ་མེད་པའི་དཔལ་ཐོབ་ཤོག།

       ཅེས་པ་འདི་ནི་རྒྱལ་བ་གཉིས་པ་ཁམས་གསུམ་ཆོས་ཀྱི་རྒྱལ་བོ་ཤར་ཙོང་ཁ་པ་བློ་བཟང་གྲགས་པ་དཔལ་བཟང་པོ་ཡབ་སྲས་བརྒྱུད་པ་དང་བཅས་པ་ལ་མི་ཕྱེད་པའི་དད་པ་སྙིང་ནས་ཐོབ་པ་རི་བོ་དགེ་ལྡན་པའི་བཙུན་གཟུགས་འཆང་བ་སེར་བྱེས་དགེ་བཤེས་རྟོག་གྲོལ་ཡོན་ཏན་རྒྱ་མཚོར་འབོད་པས་༢༠༢༤ལོའི་ཧོར་ཟླ་༡༠ཚེས་༡ལ་བསིལ་ལྡན་གངས་རིའི་ཡུལ་གྱི་རིའི་རྒྱལ་བོ་རི་རབ་གཉིས་པ་ཤར་ཙོང་ཁའི་སྐྱེས་རི་མཐོན་པོའི་ཉེ་འདབས་སུ་བྱིན་རླབས་ཀྱི་གཟི་བྱིན་ལྷུན་ཆགས་པ་དགེ་ལྡན་བསྟན་པའི་ཆུ་མགོ་བྲག་བྱ་ཁྱུང་དགོན་ཆེན་ཐེག་ཆེན་ཡོན་ཏན་དར་རྒྱས་གླིང་གི་རང་ཤག་མི་ཕམ་ཆོས་བཟང་ལྷའི་མདུན་ས་ག་ལ་བར་བྲིས་བ་དགེ་གྱུར་ཅིག།   སརྦ་མངྒ་ལཾ།


版权声明:版权归《卡加琼翁综合文学网》所有,未经允许任何单位或个人不得转载、复制或以任何其他方式使用排版素材与本文全部或部分,侵犯必究。

བདག་དབང་། ངེད་འཕྲིན་སྟེགས་འདིར་བཀོད་ཟིན་པའི་རྩོམ་ཡིག་དང་འཆད་ཁྲིད། རྒྱུ་ཆ་སོགས་གང་ཡིན་ཡང་ཆོག་མཆན་མེད་པར་རྐུ་འཁྱེར་དང་བཤུ་འགོད། ནང་དོན་དང་རྒྱུ་ཆ་སོགས་བཅད་གཏུབ་ཀྱིས་སྤེལ་ན་ཁྲིམས་ལྟར་རྩད་གཅོད་ཡོད།

དོ་ཁུར་གནང་རོགས།

谢谢关注视频号

དཔེ་ ཀློག

དཔེ་ཀློགཤེས་རབ་ཀྱི་མི་ཚེ།

འཆད་ཁྲིད།|བརྩོན་འགྲུས་ཀྱི་སྟོབས།

རྩོམ་རིག|གཞུང་ལུགས་ཀྱི་འཇིངས།


赞赏



 


ཕྲིན་སྟེགས་སུ་ཚོགས་པ་དང་མི་སྒེར་གང་རུང་གི་ཁེ་དབང་ལ་གནོད་པའི་ནང་དོན་ཅན་ཡོད་ཚེ་མྱུར་དུ་འབྲེལ་གཏུགས་བྱོས་དང་དྲྭ་ལམ་ནས་བསུབ་ཆོག 

རྩོམ་པ་བོ་དག་གིས་ཡིད་གཟབ་གནང་རྒྱུ་ཞིག་ལ། སྐུ་ཉིད་ཀྱི་བརྩམས་ཆོས་གང་ཡིན་གཞན་གྱི་འཕྲིན་སྟེགས་སུ་བསྐུར་ཟིན་པ་དག་འདིར་མི་བསྐུར་བར་ཞུ། རྒྱུ་མཚན་བརྩམས་ཆོས་དེ་སྟེགས་བུ་གཅིག་ལ་དབང་ན་ལེགས་པ་དང་དེ་མིན་འགོད་མི་ཐུབ་པའི་དཀའ་ལས་སུ་འཕྲད་པས་དེའི་ལུགས་ལ་ཡིད་འཇགས་འཚལ།



请输入邮箱 2797610002@qq.com


ནང་དོན་འགོད་ལུགས།


༄༅།།ཁྱུང་སྔོན་བོད་ཡིག་རྩོམ་རིག་སྤྱི་སྟེགས་ནི་བོད་ཀྱི་རྩོམ་པ་པོའི་དཔུང་སྡེའི་ཐུན་མོང་ལ་དབང་བའི་སྣ་འཛོམས་རང་བཞིན་ཅན་གྱི་དྲ་ལམ་རྩོམ་ཡིག་སྤེལ་སའི་སྡིངས་ཆ་ཞིག་ཡིན།དེར་དཔྱད་རྩོམ་དང་འབོལ་རྩོམ་ལྷུག་རྩོམ་སྙན་ངག  འཆད་ཁྲིད།  གླུ་གཞས་དང་གྱེར་འདོན། ཡིག་གཟུགས་དང་དེབ་འཕྲིན་སོགས་འགོད་ཀྱིན་ཡོད་པས་ཁྱེད་ཅག་གིས་རྩོམ་ཡིག་སྤུས་གང་དག་རེ་བསྐུར་གནང་ཡོང་བར་ཞུ། 

琼翁藏文文学平台是属于整个藏族作家的一种多样性的文学平台,在这里你可以阅读到论文、散文、诗歌、随笔、书法及书信;还可以聆听到讲座、歌曲、朗诵。这里无奇不有,应有尽有。也欢迎各位作家前来投稿!


卡加琼翁综合文学网
ནང་དོན། [རྩོམ། འཆད་ཁྲིད། གཏམ་བཤད། གྱེར་འདོན། ཡིག་གཟུཊ།] སྐུ་ཉིད་ཁྱུང་སྔོན་རྩོམ་རིག་སྤྱི་སྟེགས་སུ་འབྱོན་པར་དགའ་བསུ་ཞུ།
 最新文章