ལོག་པར་བཤད་པ་ལ་རྒོལ་བའི་གཏམ། སྒོ་དམར་དགེ་འདུན་དོན་འགྲུབ།

文摘   2024-09-25 11:31   中国  

ང་ཚོ་ཐུན་མོང་ལ་དབང་བའི་རྩོམ་རིག་གི་སྡིངས་ཆ་ཆེན་མོ་ཁྱུང་སྔོན་རྩོམ་རིགས་དྲ་བ།  

琼翁文学网  属于我们共同的文学大舞台



国泰民安!世界和平!

树立中华民族共同体意识,坚定文化自信,促进文化繁荣,为民族复兴,国家强盛而不懈努力

——习近平




༧ ལོག་པར་བཤད་པ་ལ་རྒོལ་བའི་གཏམ།


སྒོ་དམར་དགེ་འདུན་དོན་འགྲུབ།


       ཉེ་ཆར་གནས་སྐོར་ལམ་སྟོན་ཟེར་བའི་དྲྭ་ཚོམས་ཤིག་ཏུ། དྲྭ་མིང་ལ་བདེ་འབྱུང་འཛིན་པ་ཟེར་བ་ཞིག་གིས། མཁས་དབང་ཚེ་ཏན་ཞབས་དྲུང་རིན་པོ་ཆེས་མཛད་པའི་བསྟན་རྩིས་ཀུན་བཏུས་ནང་ལ་རི་བོང་གནམ་བརྡིབ་ཀྱི་དོགས་སློང་ཞིག་སྤེལ་འདུག་པ། བདུན་ཕྲག་སྔོན་མའི་ནང་གྲོགས་པོ་ཞིག་གིས་སྐད་འཕྲིན་ནང་བརྒྱུད་བསྐུར་བྱུང་བར་ལམ་སང་ཅིག་ཉན་པ་ཡིན་ལ། ཁོས་བཤད་པའི་ནང་དོན་དེ་ཕྲན་ལ་ཆེས་རྒྱུས་མངའ་ཡོད་པ་ཞིག་རེད་འདུག་པས། ཐོས་མ་ཐག་ཡི་མུག་པ་དང་འཚིག་པ་ཟ་བ་ཞིག་ཀྱང་བྱུང་། དེ་ནས་སྐད་འཕྲིན་ནམ་ཁ་པར་གང་རུང་བརྒྱུད་དེ་ཁོ་དང་དངོས་སུ་ཁ་བརྡ་ཞིབ་མོ་ཞིག་བྱ་སྙམ་ནས་ག་ས་ག་ལ་རྩད་བཅད་ཀྱང་མ་ཆོད་པར་བརྟེན། ད་ནི་འདི་ལྟར་མི་བཤད་ཀ་མེད་དུ་གྱུར་པས་ནོར་བ་ཡོད་ན་དགོངས་དག་ཞུ། དེ་ཡང་མཁས་དབང་ཚེ་ཏན་ཞབས་དྲུང་རིན་པོ་ཆེས་བརྩམས་ཤིང་། ཕྱི་ལོ༡༩༨༢ལོར་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་ནས་བཏོན་པའི་བསྟན་རྩིས་ཀུན་ལས་བཏུས་པ་ཤོག་ངོས༢༥༣པའི་འགབ་ན་སྡེ་སྲིད་སངས་རྒྱས་རྒྱ་མཚོས་མཛད་པའི་བེེ་ཌཱུརྱའི་བསྟན་བཅོས་སྐོར་ལ་གླེང་སློང་བའི་སྐབས་འདི་ལྟར། ལོ་རྒྱུས་སྐོར་ལ་བེེ་ཌཱུརྱ་ནག་པོ་ཟེར་བ་ཞིག་ཡོད་པར་དངུལ་ཆུ་བློ་བཟང་ཆོས་འཕེལ་རིན་པོ་ཆེའི་ཞལ་ལས་ཐོས་ཀྱང་མཐོང་མ་མྱོང་། ཞེས་གསུངས་འདུག་པ་ལ། བདེ་འབྱུང་འཛིན་པ་ཟེར་བས་བཤད་རྒྱུར། 

     དེ་ཅིག་རྣ་བར་མི་འགྱོ་ནི་བཟིག་བྲིས་ཡོད་ཀ  དེ་ཡི་གེ་འདྲ་འདྲ་ནོར་སོང་བ་ཡིན་ནམ། ཅི་ཞིག་ཡིན་ནམ། ཡང་ན་ཅིག་ཆད་སོང་ནི་ཡིན་ནམ། ཕལ་ཆེར་ཡི་གེ་ཆད་སོང་ནི་ཡིན་ནམ། ཕལ་ཆེར་དེ་མོ་བཟིག་མིན་ན་དེ་ཐོ་ཐུག་ས་འགྱོ་ནི་མ་རེད་ཡ། དངུལ་ཆུ་བློ་བཟང་ཆོས་འཕེལ་རིན་པོ་ཆེའི་ཞལ་ལས་ཐོས་ཀྱང་ཟེར། མཐོང་མ་མྱོང་ཟེར་ན། ཁོང་ཚང་གིས་དངོས་སུ་ཐོས་དགོས་ཀ ། ཞལ་ལས་ཐོས་ཀྱང་ཟེར་ན། ཅིག་གི་བཤད་ཀོ་ནི་དེར་ཞལ་ལས་ཐོས་ཀྱང་ཟེར་རྒྱུ་མ་རེད། ཅིག་གི་མར་ལ་བཤད་ལེ་ཡོང་ནི་དེར་ཨ་ལགས་ཚེ་ཏན་ཞབས་དྲུང་ཀིས་ཐོས་ནི་ཡིན་རྒྱུ་མ་རེད། དེ་ཐོས་ན་ཞལ་ལས་ཐོས་ཀྱང་ཟེར་དོན་ཡོད་ནི་མ་རེད། དེ་ཡིན་ན་དངུལ་ཆུ་བློ་བཟང་ཆོས་འཕེལ་ཞིང་ལ་ནམ་ཕེབས་བཟིག་ཟེར་ན། རབ་བྱུང་བཅོ་ལྔ་བ་གི་སྤྱི་ལོ༡༨༨༧ལོར་སྐུ་གཤེགས་ནི་རེད། དེ་རེས་ཨ་ལགས་ཚེ་ཏན་ཞབས་ཚང་ད་རུང་འཁྲུངས་ཡོད་ནི་མ་རེད་ཡ། ཁོང་ཚང་རབ་བྱུང་བཅོ་ལྔ་བ་གི་ལྕགས་ཁྱི་སྤྱི་ལོ༡༩༡༠ལོ་གི་ཟླ་༤ཚེས༢༢ཉི་མ། ཟླ༤ཚེས༢༢ཉི་མ་ལ་འཁྲུངས། དགུང་གྲངས་དོན་གཅིག་བཞུགས་བཟིག་མོད། ཨ་ལགས་ཚེ་ཏན།

     ཞེས་ལབ་འདུག་པ་འདི་ལ་ལྟོས་དང་། ཉོན་དང་། ཁོས་འདི་ལྟར་ལབ་པ་ནི་དངུལ་ཆུ་བློ་བཟང་ཆོས་འཕེལ་ཟེར་ན། ཕྱི་ལོ་༡༨༠༩ལོར་འཁྲུངས་ཤིང་ཕྱི་ལོ༡༨༨༧ལོར་གཤེགས་པའི་དངུལ་ཆུ་དབྱངས་ཅན་གྲུབ་པའི་རྡོ་རྗེ་ཉིད་ཡིན་པས་ཁྱབ་འདོད་ཀྱིས་ལབ་པ་ཡིན་ངེས་ནའང་། དེ་ནི་རང་ལ་བལྟ་རྒྱ་ཐོས་རྒྱ་ཕྱོགས་རེ་ཙམ་ཡོད་པའི་སྒྲོབ་ཚུགས་བསྟན་པ་ཙམ་ལས་གནད་ལ་རེག་པའི་བདེན་གཏམ་ཞིག་ནི་གཏན་ནས་མ་ཡིན་ཏེ། འདིའི་སྐབས་ཀྱི་དངུལ་ཆུ་བློ་བཟང་ཆོས་འཕེལ་ཟེར་བ་ནི་ཕྱིས་སུ་པཎ་ཆེན་སྐུ་ཕྲེང་བཅུ་བའི་ཡོངས་འཛིན་མཛད་པའི་དངུལ་ཆུ་བློ་བཟང་ཆོས་འཕེལ་ཟེར་བ་དེ་ཡིན་པའི་ཕྱིར་ཏེ། དེ་ཡང་ཕྱི་ལོ༡༩༨༧ལོར་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་ནས་བཏོན་པའི་འཇིགས་མེད་རིགས་པའི་བློ་གྲོས་ཀྱི་གསུང་རྩོམ་པོད་དང་པོའི་ཤོག་ངོས༦༩༦དང་། ༢༠༠༧ལོར་མི་རིགས་དཔེ་སྐྲུན་ཁང་ནས་བཏོན་པའི་ཚེ་ཏན་ཞབས་དྲུང་རྗེ་བཙུན་འཇིགས་མེད་རིགས་པའི་བློ་གྲོས་མཆོག་གི་གསུང་འབུམ། གླེགས་བམ་དང་པོ། རང་གི་བྱུང་བ་བརྗོད་པ་བདེན་གཏམ་རྣ་བའི་བདུད་རྩིའི་ཤོག་ངོས༡༩༥བ་གཉིས་ཀའི་འགབ་ན་འདི་ལྟར།

    སྐབས་དེར(ཕྱི་ལོ༡༩༤༡ལོ་ཡིན།) སྣང་བ་མཐའ་ཡས་པཎ་ཆེན་རིན་པོ་ཆེའི་ཡང་སྲིད་འཚོལ་སླད་གཙང་དངུལ་ཆུ་བློ་བཟང་ཆོས་འཕེལ་རིན་པོ་ཆེ་ཨེ་ཝཾ(ཀ་རིང་ལུང་གཡོན་ཐང་དགོན་པ)དུ་ཕེབས། འདི་བ་ལ་ལྷུན་གྲུབ་པཎ྄་ཊི་ཏའི་འཇིགས་བྱེད་རིམ་གཉིས་ཀྱི་ལུང་རྒྱུན་བཞུགས་སྟབས་ཁོང་གི(རྗེ་འཇིགས་མེད་དམ་ཆོས་རྒྱ་མཚོའི)བཀས་དེ་ལས་དར་ཞིང་བློ་བཟང་རྒྱ་མཚོས་ཉན། དེ་ལས་ཀློག་གི་སློབ་དཔོན་དམ་པ་རྗེ་ངག་དབང་ཆོས་འཛིན་གྱིས་གསན། དེ་ལས་བདག་གིས་ཉན། །ཞེས་སོགས་གསལ་བོར་གསུངས་འདུག་པ་ལྟར་རབ་བྱུང་བཅུ་དྲུག་པའི་ལྕགས་སྦྲུལ་ཕྱི་ལོ༡༩༤༡ལོ་སྟེ། ཨ་ལགས་ཚེ་ཏན་ཞབས་དྲུང་ཁོང་དགུང་གྲངས་༣༢པའི་སྟེང་། གཙང་དངུལ་ཆུ་བློ་བཟང་ཆོས་འཕེལ་རིན་པོ་ཆེ་ཟེར་བ་ཁོང་པཎ་ཆེན་སྐུ་ཕྲེང་དགུ་བའི་ཡང་སྲིད་འཚོལ་སླད་མདོ་སྨད་བིས་མདོ་ཕྱོགས་སུ་ཕེབས་སྐབས། པཎ་ཆེན་སྐུ་ཕྲེང་བཅུ་བའི་འཁྲུངས་ཡུལ་བིས་མདོ་དང་ཐག་མི་རིང་བ་སྤྱི་ལེ་བཅུ་ཡས་མས་མཚམས་ན་ཡོད་པའི་ཀ་རིང་ལུང་གཡོན་ཐང་དགོན་པ་ཨེ་ཝཾ་དགའ་ཚལ་དུ་རྗེ་འཇིགས་མེད་དམ་ཆོས་རྒྱ་མཚོ་གཙོས་ཨ་ལགས་ཚེ་ཏན་ཞབས་དྲུང་སོགས་སྐུ་འཁོར་རྣམས་བཞུགས་ཡོད་སར། སྐུ་དངོས་སུ་ཕེབས་འབྱོར་བྱུང་བ་གོང་དུ་རྣམ་ཐར་བྱུང་བ་བརྗོད་པ་ལས་དྲངས་ཟིན་ལྟར་དང་། དེ་གཞིན་དུ་དེབ་དེའི་རང་རྣམ་ཁ་སྐོང་ཤོག་ངོས༣༠༤ན་འདི་ལྟར། སྐུ་བཙལ་བའི་སྐབས་སུ་ཡོངས་འཛིན་དངུལ་ཆུ་རིན་པོ་ཆེ་གདན་ས་འདིར་སྐུ་དངོས་ཕེབས་མཛད་ནས་ཕན་ཚུན་བཀའ་སློབ་གསུང་སྒྲོས་མང་བོ་གནང་མྱོང་བས་ཕན་ཚུན་ཆོས་ཀྱི་འབྲེལ་བ་ཟབ་མོ་ཡོད་པ་དང་། ཞེས་དང་། དུང་དཀར་ཚིག་མཛོད་ནང་པཎ་ཆེན་སྐུ་ཕྲེང་བཅུ་བའི་སྐབས་ཤོག་ངོས༡༢༦༣ན་འདི་ལྟར། སྐུ་ན་ཕྲ་བའི་སྐབས་ནས་དངུལ་ཆུ་རིན་པོ་ཆེ་དང་བཀའ་ཆེན་ཨང་ཉི་མ་སོགས་ཡོངས་འཛིན་དུ་བསྟེན་ནས། ཞེས་གསུང་འདུག་པ་འདི་ཉིད་ཡིན་པ་ལས་དངུལ་ཆུ་དབྱངས་ཅན་གྲུབ་པའི་རྡོ་རྗེ་མིན་པས་ན། ད་གཟོད། བདེ་འབྱུང་འཛིན་པ་ཟེར་བའི་བཤད་སྟངས་དེ་ཚོ་ནི་རྟོག་དཔྱོད་མེད་པའི་འོལ་ཚོད་འབའ་ཞིག་ཡིན་པ་ཤེས་པར་བྱ་ལ། དེར་མ་ཟད་ཁོ་རང་གིས་མཁས་དབང་ཚེ་ཏན་ཞབས་དྲུང་རིན་པོ་ཆེ་དགུང་གྲངས་ག་ཚོད་བཞུགས་ཡོད་མེད་ཙམ་ལའང་རྒྱུས་མངའ་མེད་བཞིན་དུ། ཨ་ལགས་ཚེ་ཏན་ཞབས་དྲུང་ཚང་དགུང་གྲངས་དོན་གཅིག་བཞུགས་བཟིག་མོད། ཅེས་ཚོགས་མི་ལྔ་བརྒྱའི་དབུས་སུ་སྐད་གསང་མཐོན་པོས་ཁ་ཚོན་བཅད་ནས་ལབ་འདུག་པ་འདི་ཡང་བྱུང་རྒྱལ་དུ་སྨྲ་བ་ཁོ་ན་སྟེ། ཁོང་གི་འཁྲུངས་ལོ་ཕྱི་ལོ༡༩༡༠ཡིན་པར་ཉིད་ནས་ཀྱང་འདོད་པ་ལྟར་ལ། འདས་ལོ་དེ་ཕྱི་ལོ༡༩༨༥ལོའི་ཟླ༦ཚེས༣༠ཉིན (བོད་ཟླ༥ཚེས༡༣ཉིན)བླ་བྲང་བཀྲ་ཤིས་འཁྱིལ་དུ་སྐུ་གཤེགས། ཞེས་དུང་དཀར་ཚིག་མཛོད་ཤོག་ངོས་༢༣༨༣ན་གསལ་བོར་གསུང་པ་ལྟར་ཡིན་པས། ཁོང་དགུང་གྲངས་ག་ཚོད་བཞུགས་ཡོད་མེད་ལ་ལག་པའི་སོར་མོ་བགྲངས་ནས་ཡང་བསྐྱར་ཞིབ་རྩིས་ཤིག་གནོངས་དང་། ཁོང་དགུང་གྲངས་དོན་གཅིག་བཞུགས་བཟིག་མོད་ཟེར་བ་དེ་ཡང་རྫུན་གཏམ་རང་རེད་མི་འདུག་གམ། དེས་ན་རང་ལ་ཁ་སྟབས་དེ་ལས་མེད་བཞིན་དུ་ཅི་ཞིག་འཇོན་མདོག་གིས་དམ་པ་དག་ལ་མངོན་སུམ་འཛེམས་མེད་ཀྱིས་སྙོན་བཙུགས་པ་དེ་ནི་ཆེས་མ་རུང་བའི་བྱ་སྤྱོད་ཅིག་ཡིན་པས། དེ་ལས་ཆོས་རྗེས་པཎ་མཆོག་གི་གསུང་ལྟར་སྨྲ་བ་ཉུང་ན་མཛེས་པའི་གྲལ་དུ་རང་གི་འཇོན་ཚོད་དང་བསྟུན་ནས་ཁུ་སིམ་མེར་བསྡད་ན་རང་གཞན་གཉིས་ཀར་འཚེང་བའི་གནས་ཤིག་དེ་ན་གདའོ་ཞུ། ། ཞེས་ཕྱི་ལོ༢༠༢༤ལོའི་བོད་ཟླ༨ཚེས༢༠ཉིན་རེབ་གོང་རོང་པོ་དགོན་ཆེན་ནས་སྒོ་དམར་དགེ་འདུན་དོན་འགྲུབ་ཀྱིས་ཕུལ།  །


ཡང་དྲྭ་ཚོམས་གཞན་ཞིག་ན་ལོག་བཤད་འདི་འདྲ་ཞིག་རྒྱུ་བཞིན་འདུག་པ་གཤམ་གསལ།

༄༅།  ། སྐྱེ་རྒུ་དང་སྐྱེ་དགུའི་ཁྱད་པར།
      སྐྱེ་རྒུ་ནི་ཡོད་ཚད་ཐམས་ཅད་ཀྱི་དོན་ཏེ་སྐྱེས་བུ་ཡོད་ཚད་ཐམས་ཅད་དམ་སྐྱེ་བ་ཡོད་ཚད་ཐམས་ཅད་ལ་ཁྱབ་པའི་དོན་ཡིན། སྐྱེ་དགུ་ནི་ཁམས་གསུམ་ལ་ཟེར་བ་ཡིན་ལ། འདོད་ཁམས་ནས་འདོད་ཁམས་ལ་སྐྱེ་བ་ལེན་པ་དང་། འདོད་ཁམས་ནས་གཟུགས་ཁམས་སུ་སྐྱེ་བ་ལེན་པ། འདོད་ཁམས་ནས་གཟུགས་མེད་ཁམས་སུ་སྐྱེ་བ་ལེན་པ་བཅས་གསུམ་དང་།

     གཟུགས་ཁམས་ནས་གཟུགས་ཁམས་སུ་སྐྱེ་བ་ལེན་པ་དང་། གཟུགས་ཁམས་ནས་འདོད་ཁམས་སུ་སྐྱེ་བ་ལེན་པ། གཟུགས་ཁམས་ནས་གཟུགས་མེད་ཁམས་སུ་སྐྱེ་བ་ལེན་པ་བཅས་གསུམ།
      གཟུགས་མེད་ཁམས་ནས་གཟུགས་མེད་ཁམས་སུ་སྐྱེ་བ་ལེན་པ། གཟུགས་མེད་ཁམས་ནས་གཟུགས་ཁམས་སུ་སྐྱེ་བ་ལེན་པ། གཟུགས་མེད་ཁམས་ནས་འདོད་ཁམས་སུ་སྐྱེ་བ་ལེན་པ་བཅས་ཁྱོན་བསྡོམས་དགུ་ཡོད་པར་བརྟེན་སྐྱེ་དགུ་ཞེས་གྲངས་ཀྱི་དགུ་བྲིས་པའོ།།

    ཞེས་བཤད་འདུག་པ་འདི་ཡང་མ་དག་རྒྱུན་འབྱམས་སུ་སོང་བའི་ལོག་བཤད་ཉག་གཅིག་ཡིན་ལ། འདི་དང་ཆ་འདྲ་བ་ཞིག་དག་ཡིག་ངག་གི་སྒྲོན་མའི་འགྲེལ་བ་འགའ་རེ་ནའང་བཤད་འདུག་མོད་ཀྱང་། དེ་དག་ནི་ཁུངས་ལུང་གང་ཡང་མེད་པར་བྱུང་རྒྱལ་དུ་སྨྲ་བ་ཁོ་ན་སྟེ། དེ་ཡང་སྔོན་དུས་ཀྱི་ཐོན་མི་བཀའ་དྲིན་ཅན་ནས་བཟུང་སྟེ་ཀ་ཅོག་ཞང་གསུམ་སོགས་དང་ཕྱི་དར་ལོ་ཆེན་རིན་བཟང་སོགས་སྐད་གཉིས་སྨྲ་བ་ཆེན་པོ་དག་གིས་ཡོད་ཚད་དམ་མཐའ་དག་བསྡུ་བའི་དོན་ལ་སྐྱེ་དགུ་དང་ཡོད་དགུ་ཞེས་ད་དགུ་ཁོ་ན་བཀོད་འདུག་པ་ལས་ར་རྒུ་བཀོད་པ་ཞིག་གཞར་ཡང་མེད་པ་ལ། བར་སྐབས་སུ་མི་ཤེས་ཤེས་རྫུ་མཁན་འགའ་རེས་སྐྱེ་དགུ་ཞེས་པ་ལ་གོང་གི་ལོ་བཤད་ལྟར་གྲངས་ཀྱི་དགུས་ལོག་འགྲེལ་བསྐྱོན་པར་བརྟེན། ད་གཟོད། ཕྱི་ལོ༡༢༧༦ནས ༡༣༤༢བར་བྱོན་པའི་དཔང་ལོ་ཆེན་པོས་ར་རྒུ་འདི་བཏོན་ནས་གསར་དུ་བཀས་བཅད་མཛད་པ་ཞིག་སྟེ། དེ་ཡང་སྒྲུབ་ཁང་པའི་གསུང་འབུམ་ནང་དྲི་བ་དྲིས་ལན་འགའ་འདུག་པའི་ནང་གི་དྲི་བ་གསུམ་པ་སྐྱེ་རྒུའི་ལན་ལ་འདི་ལྟར། གསུམ་པ་བཀའ་བསྟན་བཅོས་མང་པོ་ལས་འབྱུང་པའི་སྐྱེ་རྒུ་ཞེས་པའི་དོན་གང་ཡིན་ཞེས་པ་ནི། འདི་ལ་སྔོན་གྱི་དག་ཡིག་གི་ལུགས་ལ། སྔོན་འཇུག་ད་ཡིག་གིས་མིང་གཞིའི་གུ་ཞེས་པ་ཕུལ་པའི་དགུ་ཞེས་པ་གྲངས་སུ་རྩི་བའི་དགུ་དང་ཚིག་མཐུན་པ་འདི་འབྱུང་བ་ལ། ལེགས་པར་སྦྱངས་པའི་མཁས་པ་རྣམས་ལ་འཁྲུལ་པ་མི་མངའ་ཡང་མི་ཤེས་བཞིན་དུ་མཁས་པར་འཆོལ་བ་མང་པོས་གྲངས་ཀྱི་དགུ་ཡིན་པར་བསམ་ནས། སྐྱེ་དགུ་ནི་ཟླ་བ་དགུ་ནས་སྐྱེ་བའི་མི་ཡིན་ནོ་ཟེར་བ་སོགས་བྱུང་ཞིང་། བླུན་པོའི་ཚིག་དེ་འདྲས་བསྟན་པ་ལ་གནོད་པར་དགོངས་ནས། པང་ལོ་ཙཱ་བ་དཔལ་ལྡན་བློ་གྲོས་བརྟན་པས། འདིའི་དོན་འཁོར་གྱི་དཀྱིལ་འཁོར་ཡོད་དགུར་ཡང་ཞེས་པ་ལྟར་མཐའ་དག་བསྡུ་བའི་ཚིག་ཡིན་པར་མི་ཤེས་པར། གྲངས་ཀྱི་དགུ་རུ་འཛིན་པའི་འཁྲུལ་གཞི་ཤིན་ཏུ་ཆེ་བར་འདུག་པས་ཕྱིན་ཆད་ར་མགོ་ཅན་གྱི་རྒུ་ཞེས་པ་བྲིས་ཤིག་ཅེས་བཀའ་བཅད་མཛད་པ་ནི་མཁས་པའི་ལེགས་བཤད་ཡིན་པས་སྐྱེ་རྒུ་ཞེས་པ་འདི་ལྟར་འབྲིའམ། སྔོན་གྱི་ལྟར་སྐྱེ་དགུ་ཞེས་པ་གང་བྱུང་ཡང་དོན་གྱིས་རིགས་མཐའ་དག་གམ། ཐམས་ཅད་དམ་མ་ལུས་པར་སྡུད་པའི་ཚིག་ཡིན་པ་མཁྱེན་པར་མཛོད། ཅེས་གསལ་ཐག་བཅད་ནས་གསུངས་འདུག་པ་འདི་ལྟར་ཡིན་པའི་ཕྱིར་ན། ཁུངས་ལུང་མེད་པའི་ལོག་བཤད་གད་སྙིགས་སུ་མི་སྤུངས་པའི་རེ་བ་དང་བཅས། རེབ་གོང་རོང་པོ་དགོན་ཆེན་ནས་༢༠༢༤ལོའི་བོད་ཟླ༨ཚེས༢༠ཉིན་ལ་སྒོ་དམར་དགེ་འདུན་དོན་འགྲུབ་གྱིས་ཕུལ། །  ། །



版权声明:版权归《卡加琼翁综合文学所有,未经允许任何单位或个人不得转载、复制或以任何其他方式使用排版素材与本文全部或部分,侵犯必究。

བདག་དབང་། ངེད་འཕྲིན་སྟེགས་འདིར་བཀོད་ཟིན་པའི་རྩོམ་ཡིག་དང་འཆད་ཁྲིད། རྒྱུ་ཆ་སོགས་གང་ཡིན་ཡང་ཆོག་མཆན་མེད་པར་རྐུ་འཁྱེར་དང་བཤུ་འགོད། ནང་དོན་དང་རྒྱུ་ཆ་སོགས་བཅད་གཏུབ་ཀྱིས་སྤེལ་ན་ཁྲིམས་ལྟར་རྩད་གཅོད་ཡོད།

དོ་ཁུར་གནང་རོགས།

谢谢关注视频号

དཔེ་ ཀློག

དཔེ་ཀློགཤེས་རབ་ཀྱི་མི་ཚེ།

འཆད་ཁྲིད།|བརྩོན་འགྲུས་ཀྱི་སྟོབས།

རྩོམ་རིག|གཞུང་ལུགས་ཀྱི་འཇིངས།


赞赏



 


ཕྲིན་སྟེགས་སུ་ཚོགས་པ་དང་མི་སྒེར་གང་རུང་གི་ཁེ་དབང་ལ་གནོད་པའི་ནང་དོན་ཅན་ཡོད་ཚེ་མྱུར་དུ་འབྲེལ་གཏུགས་བྱོས་དང་དྲྭ་ལམ་ནས་བསུབ་ཆོག 

རྩོམ་པ་བོ་དག་གིས་ཡིད་གཟབ་གནང་རྒྱུ་ཞིག་ལ། སྐུ་ཉིད་ཀྱི་བརྩམས་ཆོས་གང་ཡིན་གཞན་གྱི་འཕྲིན་སྟེགས་སུ་བསྐུར་ཟིན་པ་དག་འདིར་མི་བསྐུར་བར་ཞུ། རྒྱུ་མཚན་བརྩམས་ཆོས་དེ་སྟེགས་བུ་གཅིག་ལ་དབང་ན་ལེགས་པ་དང་དེ་མིན་འགོད་མི་ཐུབ་པའི་དཀའ་ལས་སུ་འཕྲད་པས་དེའི་ལུགས་ལ་ཡིད་འཇགས་འཚལ།



请输入邮箱 2797610002@qq.com


ནང་དོན་འགོད་ལུགས།


༄༅།།ཁྱུང་སྔོན་བོད་ཡིག་རྩོམ་རིག་སྤྱི་སྟེགས་ནི་བོད་ཀྱི་རྩོམ་པ་པོའི་དཔུང་སྡེའི་ཐུན་མོང་ལ་དབང་བའི་སྣ་འཛོམས་རང་བཞིན་ཅན་གྱི་དྲ་ལམ་རྩོམ་ཡིག་སྤེལ་སའི་སྡིངས་ཆ་ཞིག་ཡིན།དེར་དཔྱད་རྩོམ་དང་འབོལ་རྩོམ་ལྷུག་རྩོམ་སྙན་ངག  འཆད་ཁྲིད།  གླུ་གཞས་དང་གྱེར་འདོན། ཡིག་གཟུགས་དང་དེབ་འཕྲིན་སོགས་འགོད་ཀྱིན་ཡོད་པས་ཁྱེད་ཅག་གིས་རྩོམ་ཡིག་སྤུས་གང་དག་རེ་བསྐུར་གནང་ཡོང་བར་ཞུ། 

琼翁藏文文学平台是属于整个藏族作家的一种多样性的文学平台,在这里你可以阅读到论文、散文、诗歌、随笔、书法及书信;还可以聆听到讲座、歌曲、朗诵。这里无奇不有,应有尽有。也欢迎各位作家前来投稿!


卡加琼翁综合文学网
ནང་དོན། [རྩོམ། འཆད་ཁྲིད། གཏམ་བཤད། གྱེར་འདོན། ཡིག་གཟུཊ།] སྐུ་ཉིད་ཁྱུང་སྔོན་རྩོམ་རིག་སྤྱི་སྟེགས་སུ་འབྱོན་པར་དགའ་བསུ་ཞུ།
 最新文章