​​​དགེ་ལུགས་དྲ་བའི་རྩོམ་སྒྲིག་པར་ཞུ་བ། ལྡོང་རྒྱུད་དོན་གྲུབ།

文摘   2024-11-13 21:55   甘肃  


   

ང་ཚོ་ཐུན་མོང་ལ་དབང་བའི་རྩོམ་རིག་གི་སྡིངས་ཆ་ཆེན་མོ་ཁྱུང་སྔོན་རྩོམ་རིགས་དྲ་བ།  

琼翁文学网  属于我们共同的文学大舞台



国泰民安!世界和平!

树立中华民族共同体意识,坚定文化自信,促进文化繁荣,为民族复兴,国家强盛而不懈努力

—习近平



དགེ་ལུགས་དྲ་བའི་རྩོམ་སྒྲིག་པར་ཞུ་བ།



ལྡོང་རྒྱུད་དོན་གྲུབ་རྒྱ་མཚོས།


    ཁྱེད་དགེ་ལུགས་དྲ་བ་ཚང་གིས་ལོ་ངོ་དུ་མའི་རིང་དཀའ་ངལ་ལ་མ་འཛེམས་པར་བོད་བརྒྱུད་ནང་བསྟན་སྤྱི་དང་ཁྱད་པར་དཔལ་མཉམ་མེད་རི་བོ་དགེ་ལྡན་པའི་གསེར་སྦྱངས་བཙོ་མ་ལྟ་བུའི་བསྟན་པ་འདི་ཉིད། དུས་དང་མཐུན་པར་རྒྱུན་འཛིན་གོང་སྤེལ་གྱི་ཕྱོགས་ལ་ཕྱག་རྗེས་བླ་ལྷག་ཏུ་བཞག་དང་འཇོག་མུས་སུ་ཡོད་པ་ལ་སྙིང་ནས་ཡི་རང་ཞུ།

     འོན་ཀྱང་འདིར་ཆེད་དུ་ཞུ་བར་བྱ་བ་ནི། ཉེ་སྔོན་ཏེ་2024ལོའི་ཟླ11པའི་ཚེས5ཉིན་ཁྱེད་དགེ་ལུགས་དྲ་བའི་རྒྱུན་ཤེས་ཚན་པ་ལས་༼སྤྲུལ་སྐུའི་མིང་མཛོད༽ཅེས་པར་ཁ་བྱང་ལ་༼ཁ་གྱའི་བླ་མ་དཀར་བོའི་སྐུ་ཕྲེང་རིམ་བྱོན་གྱི་མཚན་ཐོ།༽ཞེས་པ་རྩོམ་པ་བོ་སུ་ཡིན་གྱི་མཚན་ཙམ་ཡང་བྲིས་མེད་པ་དེའི་ཐད་ལ་བསམ་ཚུལ་འགའ་མི་ཞུ་ཐབས་མེད་དུ་གྱུར་སོང་།


གཤམ་ནས་འདིར་དོན་ཚན་འགའ་ཞུ་བར་བྱའོ། །


དང་བོ།

      ངེད་ཁ་གྱ་སྨད་དགོན་པར་གནའ་ནས་ད་བར་བླ་བྲང་བཀྲ་ཤིས་འཁྱིལ་གྱི་ཀུན་མཁྱེན་བླ་མ་ཡབ་སྲས་དང་ཁོང་དགེ་བའི་བཤེས་གཉེན་རྣམ་པས་ཟན་རྟགས་བསྒྲིལ་ཅིང་སྤྲུལ་སྐུ་ངོས་འཛིན་གནང་བའི་བླ་མ་ནི་བཞི་ལས་མེད་དེ་གཤམ་དུ་མཚན་ཙམ་རེ་བཀོད་ན།

    གཅིག་ནི་གུར་དམར་གསེར་ཏོག་ཅན་དང་མཚུངས་མེད་ཆོས་རྗེའམ་ངག་དབང་བསྟན་འཛིན་པ་ནས་སྐུ་འཕྲེང་རིམ་པར་བྱོན་པ། བླ་བྲང་དགོན་པའི་རྒན་རྣམ་པ་བཞིའི་ཡ་གྱལ་བླ་མ་འགྱང་རོ་ཆེ་བའམ་འགྱང་རྒན་ཚང་དང་། 

     གཉིས་ནི་ངེས་པ་དོན་གྱི་མཁས་པའི་དབང་བོ་འཇམ་དཔལ་བསྟན་པའི་སྒྲོན་མེ་སོགས་སྐུ་འཕྲེང་རིམ་པར་བྱོན་པའི་བླ་མ་འགྱང་རོ་ཆུང་བའམ་འགྱང་ཕྲུག་ཚང་།

     གསུམ་ནི་འབྲས་སྤུངས་སྒོ་མང་བྱ་བྲལ་ཁང་ཚན་གྱི་དགེ་བཤེས་རྩེར་སོན་བློ་བཟང་རྒྱལ་མཚན་ནས་སྐུ་འཕྲེང་རིམ་པར་བྱོན་པའི་བླ་མ་ཀླུ་ཚང་ཚང་།

    བཞི་ནི་བླ་བྲང་བཀྲ་ཤིས་འཁྱིལ་གྱི་དགེ་བའི་བཤེས་གཉེན་རྟ་རེ་རྡོ་རམས་པ་ནས་སྐུ་འཕྲེང་རིམ་པར་བྱོན་པའི་བླ་མ་རྟ་རེ་ཚང་སྟེ་བླ་མ་བཞིའོ།།

      ངེད་ས་ཆའི་སེར་སྐྱ་མི་དམངས་བརྒྱད་ཅུའི་རྒན་པོ་མན་ཆད་ནས་ལོ་གཅིག་བྱིས་པ་ཡན་ཆད། སྨྲ་ཤེས་དོན་གོ་བའི་མི་ཚང་མའི་སེམས་ཀྱིས་དད་པ་བྱེད་དུས་དང་ངག་གིས་སྐྱབས་འཇུག་ཞུ་དུས། སྐྱིད་སྡུག་གང་ཞིག་གི་སྐབས་སུའང་བླ་མ་འགྱང་རྒན་ཚང་དང་བླ་མ་ཀླུ་ཚང་ཚང་། བླ་མ་འགྱང་ཕྲུག་ཚང་། བླ་མ་རྟ་རེ་ཚང་སྟེ་འདི་རྣམ་པ་བཞི་ལས་མེད་ལ། དམངས་ཁྲོད་རུ་གླུའམ་ཕོ་མོའི་བརྩེ་གཞས་ལས་ཐོན་པའི་ཁ་གྱའི་བླ་མ་དཀར་པོ་ཞེས་པ་ཞིག་ཁྲིད་ཡོང་ནས་ངེད་ཅག་ལ་སྔར་མེད་པའི་ཡང་སྤྲུལ་གསར་བ་ཞིག་འཚོལ་བའི་ངལ་བ་མི་གནང་བར་ཞུ།


གཉིས་པ

       ངེད་ཁ་གྱ་སྨད་དགོན་པའམ་ཁ་གྱའི་སྒར་རྙིང་དགོན་པ་ནི་སྡེ་སྲིད་སངས་རྒྱས་རྒྱ་མཚོའི༼དགའ་ལྡན་ཆོས་འབྱུང་བེེཌཱུརྱ་སེར་པོ་༽ལས་འབྱུང་བའི་ཡུལ་མདོ་སྨད་ཕྱོགས་ཀྱི་དགོན་སྡེ་ཆེས་རྙིང་ཤོས་ཀྱི་གྲས་ཤིག་ཡིན་ལ། འདི་ལ་ཡབ་གཅིག་ཀུན་མཁྱེན་བླ་མ་དང་ཐུགས་སྲས་ངག་དབང་བཀྲ་ཤིས་སོགས་ཀྱི་སྐུ་འཕྲེང་རིམ་བྱོན་དུ་མས་བརྩེ་གཟིགས་ཐོབ་པ་དང་། ཁྱད་པར་དུ་དགོན་པ་འདི་ཐོག་མར་ཁ་གྱའི་དཔོན་པོ་ཨུས་ཇིང་ཐའི་ཇིས། དགོན་པ་འདི་དང་དཔོན་པོའི་མངའ་ཐང་མཚོན་པའི་བ་སོའི་ཐམ་ག་བཅས་འགྱང་རོ་གུར་དམར་གསེར་ཏོག་ཅན་ལ་ཕུལ་ཅིང་དགོན་པ་འདི་དང་ལྷ་སྡེ་མི་སྡེ་བཅོལ་གདམས་གནང་བ་ནས་རིམ་བཞིན་འགྱང་རོ་སྐུ་འཕྲེང་གཉིས་པ་རྗེ་ངག་དབང་བསྟན་འཛིན་རྒྱ་མཚོའམ་མཚུངས་མེད་ཆོས་རྗེ་མཆོག་གིས་༼དགའ་ལྡན་བཤད་སྒྲུབ་འཕེལ་རྒྱས་གླིང་གི་བཅའ་ཡིག་གླང་ཆེན་འདུལ་བའི་ལྕགས་ཀྱུ་༽ཞེས་པ་ལྗགས་རྩོམ་གནང་བ་བཅས་ཁོང་གི་སྐུ་འཕྲེང་རིམ་བྱོན་གྱིས་སྐྱོང་བཀུར་མཛད་ཅིང་ད་ལྟའང་སེམས་ཅན་གྱི་མགོན་དང་སྐྱབས་དང་དཔུང་གཉེན་དམ་པར་སྐུ་འཚོ་ཞིང་བཞུགས་བཞིན་པ་འདི་ལགས་སོ།།

       དེ་མིན་ད་ལྟ་སྐུ་ན་ཧ་ཅང་རྒན་པར་སོན་པའི་བླ་མ་འགྱང་ཕྲུག་ཚང་དང་ཉེ་སྔོན་གསར་དུ་ཁྲི་སར་བཀོད་པའི་བླ་མ་ཀླུ་ཚང་ཚང་། ད་ལོར་ཞིང་གཞན་དུ་གཤེགས་ཟིན་པའི་བླ་མ་རྟ་རེ་ཚང་བཅས། ས་ཐོབ་སེམས་དཔའ་མི་ཡི་རྣམ་པར་བྱོན་པ་ཤ་སྟག་ཏུ་གྱུར་པ་ཁོང་ཅག་གི་ཐུགས་རྗེ་དང་བྱིན་རླབས་ཁོ་ནར་བརྟེན་ནས་ངེད་ཅག་དགོན་པ་དང་ལྷ་སྡེ་མི་སྡེ་སེར་སྐྱ་ཡོངས་མཐུན་སྒྲིལ་དང་རྣམ་དཀར་དགེ་བའི་ལས་ལ་བརྩོན་བཞིན་པ་འདི་མི་ཤེས་མཁན་སུ་ཞིག་ཡོད་དེ་མེད་དོ།།

         གོང་དུ་ཞུས་པ་འདི་དག་དེབ་ཐེར་རྒྱ་མཚོའམ་༼མདོ་སྨད་ཆོས་འབྱུང༽དང་༼བླ་བྲང་བཀྲ་ཤིས་འཁྱིལ་གྱི་གདན་རས་ལྷའི་རྔ་ཆེན༽༼ཀུན་མཁྱེན་སྐུ་འཕྲེང་རིམ་བྱོན་གྱི་རྣམ་ཐར།༽༼བསེ་སྐུ་འཕྲེང་རིམ་བྱོན་གྱི་རྣམ་ཐར།༽༼སྡེ་ཁྲི་འཇམ་དབྱངས་ཐུབ་བསྟན་ཉི་མའི་རྣམ་ཐར༽ ༼ཁ་གྱའི་སྒར་རྙིང་དགོན་དང་ཁ་གྱ་སྤྱིའི་ལོ་རྒྱུས༽སོགས་ཚད་ལྡན་ཁུངས་ཐུབ་ཀྱི་ལོ་རྒྱུས་དང་རྣམ་ཐར་ཡིག་ཆ་ཁག་ཏུ་གསལ་བོར་བཀོད་འདུག་པ་མ་མཐོང་བ་ག་ལ་ཡིན། དེ་མ་ཟད་ས་གནས་རང་གི་རྒན་གཞོན་ཚང་མས་མགྲིན་གཅིག་དབྱངས་གཅིག་གིས་རང་ཅག་གི་བླ་མ་དམ་པ་འགྱང་རྒན་ཚང་དང་བླ་མ་འགྱང་ཕྲུག་ཚང་། བླ་མ་ཀླུ་ཚང་ཚང་། བླ་མ་རྟ་རེ་ཚང་ཟེར་བ་ལས་ཁ་གྱའི་བླ་མ་དཀར་པོ་ཚང་ཟེར་བ་ཞིག་རྨི་ལམ་དུའང་གོ་མྱང་མེད། འདི་ནི་རྨང་མེད་ས་ནས་ཐོག་དང་། སྐེ་མེད་ས་ནས་མགོ་ཞེས་པའི་དཔེར་སོང་མི་འདུག་གམ། ཕོ་མོའི་བརྩེ་བ་སྟོན་པའི་དམངས་གཞས་ཤིག་ཏུ་ཐོན་པའི་ཁ་གྱའི་བླ་མ་དཀར་པོ་ཞེས་པ་དེ་སུ་དང་གང་ཞིག་ཡིན་མིན་དེ་ཤེས་འདོད་ན། ཁ་གྱ་སྟོད་སྨད་གཉིས་དང་། ཧོར་ཁ་གྱ། ཆགས་ཁ་གྱ། རྒན་གྱའི་ཁ་གྱ། བྱམས་མེ་ཁ་གྱ། རེབ་གོང་ཁ་གྱ། གཅན་ཚའི་ཁ་གྱ། འབའ་རྫོང་ཁ་གྱ། མང་རྫོང་ཁ་གྱ། མགོ་ལོག་ཁ་གྱ། འཛམ་ཐང་ཁ་གྱ་སོགས་གནའ་མིའི་ཁ་དཔེར། ཁ་གྱ་མེད་སའི་ས་མེད། ཁ་ཏ་མེད་སའི་ནགས་མེད་ཅེས་པའི་དཔེ་ལྟར། ཁ་གྱའི་སྤུན་ཟླ་མིང་སྲིང་ཚོས་ཡུལ་མདོ་སྨད་ཁུལ་དུ་མ་ཁྱབ་ས་མེད་པ་དེ་བཞིན་ཁ་གྱའི་དཔོན་པོ་དང་ཁ་གྱའི་བླ་མ་ཡང་མ་ཁྱབ་ས་མེད་པས། དེ་ལ་ཆེད་དུ་དམངས་གཞས་དེར་ཞིབ་འཇུག་བྱེད་མཁན་གྱི་ཆེད་མཁས་པའི་དཔུང་སྡེ་ཆེན་པོ་ཞིག་བཙུགས་ཏེ་དུས་ཡུན་རིང་བོར་ཞིབ་འཇུག་བྱ་དགོས་པའི་ལས་ཀ་ཞིག་ཡིན་པ་ལས་ངེད་ཁ་གྱ་སྨད་དགོན་པའམ་ཁ་གྱའི་སྒར་རྙིང་དགོན་པའི་དགོན་བདག་སུ་ཡིན་དང་འབྲེལ་བ་སྤུ་ཙམ་ཡང་མེད་དོ།།


གསུམ་པ

       ཡང་གོང་གི་རྩོམ་ཡིག་དེར། ཁ་གྱ་སྨད་ཀྱི་ཆོས་སྲིད་གཉིས་ཀྱི་བདག་པོ་ཡིན་ཞེས་བཀོད་འདུག འདི་ནི་ཆོས་དང་སྲིད་ཅེས་པ་ཡང་སྙིང་ཅི་འདྲ་ཞིག་ལ་གོ་བ་ལེན་དགོས་པའང་མི་ཤེས་པའི་གཏམ་དུ་འདུག ཆོས་ཞེས་པ་ནི་རྣམ་བཤད་རིག་པར། ཆོས་ནི་ཤེས་བྱ་ལམ་དང་ནི། །སོགས་དོན་དུ་མ་ལ་འཇུག་ཀྱང་། འདིར་སྤྱིའི་ཆ་ནས་གོ་བདེ་བར་བཤད་ན། ཆོས་ཀྱི་བདག་པོ་ཞེས་པ་ནི་ཆོས་དེ་སྟོན་མཁན་བདག་ཅག་གི་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་དང་རྗེ་ཙོང་ཁ་བ་སོགས་སྐྱེས་བུ་རེ་གཉིས་ལ་སྦྱོར་ཆོག་པ་ལས་གང་དྲན་དྲན་ཐམས་ཅད་ལ་ཆོས་ཀྱི་བདག་པོ་ཞེས་པའི་མཚན་དེ་སྦྱོར་རྐྱང་ག་ལ་ཡིན། ལྷག་པར་སྲིད་ཀྱི་བདག་པོ་ཞེས་པ་དེ་སུ་ཞིག་གིས་སྲིད་ཀྱི་དབང་ཆ་བྱིན་པ་ཡིན། དེང་སྐབས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ཆེན་མོའི་སྒྲོམ་གཞི་འདིའི་འོག་ན། མི་རིགས་ང་དྲུག་པོ་ཚང་མ་འདྲ་མཉམ་གྱི་ངང་དུ་གནས་ཤིང་། གོང་རྒྱལ་ཁབ་ཀྱི་གཙོ་འཛིན་ཆེན་མོ་ཞི་ཅིན་ཕེན་ནས་བཟུང་འགབ་གྲོང་ཚོའི་སྡེ་དཔོན་ཡན་ཆད་ཚང་མ། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་ནས་ས་གནས་ཡུལ་ཚོའི་བར་གཅིག་གྱུར་གྱི་སྲིད་ཀྱི་དབང་ཆ་དེ། དབུས་ནས་མཐའ་བར་འོས་ཐོབ་ཀྱིས་གནང་བ་མ་གཏོགས། གང་ཟག་སྒེར་བ་སུ་ཞིག་ལ་སྲིད་ཀྱི་བདག་པོ་ཞེས་པའི་ཆོ་ལོ་སུ་ཞིག་གིས་གནང་བ་ཡིན། ངེད་ཅག་ནི་ཏང་དང་རྒྱལ་ཁབ་ཀྱི་ཡང་དག་པའི་སྲིད་ཇུས་བཟང་བོ་བརྩི་ཞིང་བཀུར་བའི་སྤྱི་དམངས་ཚད་ལྡན་ཞིག་ཡིན་པ་མ་གཏོགས། ཏང་དང་ས་གནས་སྲིད་གཞུང་ཡལ་བར་དོར་ཏེ་གནའ་བོའི་ཆོས་སྲིད་གཉིས་ཀྱི་བདག་པོ་ཞེས་པའི་ལམ་དང་ལུགས་སྲོལ་ངན་པའི་རྩ་འཛུགས་དེ་འདྲ་ཞིག་གི་འོག་ཏུ་ཡོད་པ་མི་ཤེས། འདི་ནི་རང་རེའི་རྒྱལ་ཁབ་ཀྱི་ངོ་བོ་སྟེ་༼ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ནི་མི་མང་དམངས་གཙོས་སྲིད་དབང་སྒེར་འཛིན་བྱེད་པའི་སྤྱི་ཚོགས་རིང་ལུགས་ཀྱི་རྒྱལ་ཁབ་ཅིག་ཡིན།༽ཞེས་པའི་རྩ་དོན་དང་རྒྱབ་འགལ་དུ་ལངས་པ་མ་ཡིན་ནམ།


བཞི་བ

       རྩོམ་ཡིག་དེ་ནི་འབྲི་མཁན་སུ་ཡིན་གྱི་དངོས་མིང་འགོད་རྒྱུ་ཕར་ཟད། ཐ་ན་སྨྱུག་མིང་ངམ་ཡང་ན། དེང་རབས་ཀྱི་དྲ་མིང་ཙམ་ཡང་བཀོད་མེད་པར་བསམ་ན། བསམ་བཞིན་དུ་ཕུང་དཀྲུག་དང་དབྱེན་སྦྱོར། ཁྲིམས་འགལ་གྱི་བྱ་སྤྱོད་སྤེལ་བ་ཁོ་ན་ལས་མ་འདས་སྙམ། འདི་འདྲའི་ཐད་ལ་ཁྱེད་དྲ་བའི་རྩོམ་སྒྲིག་ཁང་ལའང་འགན་ཁུར་ཞིག་ལོས་ཡོད། ཁྱེད་དྲ་བས་མི་ལོ་གསུམ་གྱི་ཡར་སྔོན་ཞིག་ཏུ་དྲ་སྟེང་དུ། སྤེལ་དུས། 2021ལོའི་ཟླ་10པའི་ཚེས་13 ཉིན། རྩོམ་པ་བོ། ཁ་གྱ་བསམ་འཕེལ་ཟེར་བ་ཞིག་གིས་བྲིས་པའི་༼འགྱང་རོ་སྐུ་འཕྲེང་རིམ་བྱོན་གྱི་མཚན་ཐོ།༽ཞེས་པའི་རྩོམ་ཡིག་ཁུངས་དག་ཅིག་སྤེལ་པ་དེ་ཁྱེད་རྩོམ་སྒྲིག་པས་ཞིབ་ཏུ་གཟིགས་རྗེས་བཀོད་པ་ལོས་ཡིན། ཐེངས་འདིར་ཡང་དེ་དང་རྒྱབ་འགལ་གྱི་རྩོམ་ཡིག་ཁ་མ་ཚང་ཞིང་ཁུངས་ལུང་མེད་པའི་ཡིག་ཉོག་ཅིག་སྤེལ་པར་དགོངས་ཚུལ་ཅི་ཞིག་ཡོད་ལགས། རྩོམ་པ་བོའི་མིང་མེད་པའི་རྩོམ་ཡིག་འདི་ནི་ཁྱེད་རྩོམ་སྒྲིག་པ་ཞིག་གིས་གང་འདོད་ལྟར་བྲིས་ཏེ་སྤེལ་པ་ཡིན་ནམ། ཡང་ན་རང་མིང་ཙམ་ཡང་འབྲི་མི་ཕོད་པའི་སྡར་མ་ཕུང་དཀྲུག་དབྱེན་སྦྱོར་མཁན་ཞིག་གིས་ཁྱེད་ཅག་ལ་ཞུ་བ་བྱས་ཏེ་སྤེལ་པ་ཡིན། རྩོམ་སྒྲིག་པ་ཞིག་ལ་མཚོན་ན་དཔེ་དེབ་དང་ཡིག་ཆ་རྩོམ་སྒྲིག་དང་འགྲེམ་སྤེལ་བྱེད་པ། དེང་རབས་དྲ་བ་དོ་དམ་སོགས་བྱེད་སྐབས་དེ་དང་དེ་འབྲེལ་གྱི་ཁྲིམས་ལུགས་དང་སྲིད་ཇུས་རྩ་དོན་མང་དུ་བཟོས་ཡོད་པ་ཁྱེད་ཅག་ལ་སངས་རྒྱས་ལ་ཀ་ཁ་ཡིན་པས་ཞུ་ག་ལ་དགོས། བླ་མ་དང་སྐྱེས་བུ་དམ་པ་ཚོའི་རྣམ་ཐར་ནི་འདི་ལྟར་ཁུངས་ལུང་གང་ཡང་མེད་པར་རང་གི་འདོད་མོས་བཞིན་བྲིས་ན་བཟང་བའི་དགེ་མཚན་ལས་ངན་པའི་སྐྱོན་དུ་ཆེ་ཞིང་། འདི་རིགས་དྲ་ལམ་དུ་སྤེལ་ནའང་རིག་གནས་དར་སྤེལ་གྱི་བཟང་ཆ་ཕར་ཟད། དབྱེན་སྦྱོར་ཕུང་དཀྲུག་གི་མཇུག་འབྲས་ངན་པ་འབྱུང་བའི་རྒྱུ་ཁོ་ན་ལས་མ་འདས་སོ།།


ལྔ་བ།

       དེང་སང་བོད་མདོ་དབུས་ཁམས་གསུམ་གྱི་ས་ཆ་གང་སར་བླ་མ་མིན་ན་བླ་མ་ཡིན། སྤྲུལ་སྐུ་མིན་ན་སྤྲུལ་སྐུ་ཡིན། དགོན་བདག་མིན་ན་དགོན་བདག་ཡིན། མཁན་པོ་དང་དགེ་བཤེས་མིན་ན་མཁན་པོ་དང་དགེ་བཤེས་ཡིན། སངས་རྒྱས་བཅོམ་ལྡན་འདས་ཀྱི་ཡང་སྤྲུལ་ཡིན། སྐུ་འཕྲེང་བཅུ་ཕྲག་ཁ་ཤས་དང་བརྒྱ་ཕྲག་ཁ་ཤས་སོང་ཡོད་ཚུལ་སོགས་གཡོ་སྒྱུ་དང་རྫུན་བཟོའི་སྒྲུང་རིང་ཐུང་སྣ་ཚོགས་བཤད་རྒྱུར་དགའ་བའི་ནད་ཡམས་ཤིག་མཆེད་བཞིན་འདུག ཡམས་ནད་འདི་རིགས་ཀྱི་འབྱུང་ཁུངས་དངོས་ནི་ནང་ལོགས་ནས་དར་ལ། བོད་ཀྱི་བླ་སྤྲུལ་མཁན་གསུམ་གཙོ་བྱས་གྲྭ་ཆས་གྱོན་པའི་སྐྱ་མིན་སེར་མིན་གྱི་ཟོག་པོའི་རིགས་དེ་དག་གིས་ནང་ལོགས་ས་ཁུལ་གྱི་དད་ལྡན་མང་ཚོགས་ཚོར་བཤད་རྒྱུར་གོམས་ལོབས་སུ་སོང་བའི་ངོ་ཚ་ཁྲེལ་མེད་ཀྱི་གཤིས་ལུགས་ངན་པ་དེ་བོད་དུ་ཁྱེར་ཡོང་བའི་ངན་རྟགས་ཁོ་ན་ཡིན། རང་ཅག་བོད་ལ་མཚོན་ན། སྤྲུལ་སྐུའི་བཟང་ངན་ནི་དགོན་བདག་ཡིན་མིན་ཙམ་དང་སྐུ་འཕྲེང་མང་བོ་བྱོན་མིན་གྱི་ཆ་ནས་འཇོག་རྒྱུ་མ་ཡིན་པར། རྗེ་བསྟན་པའི་སྒྲོན་མེས། སྤྲུལ་སྐུ་བསྟན་དོན་དུ་བྱོན་ན།། བཤད་སྒྲུབ་ལག་རྗེས་རེ་འཇོག་དགོས།། གསུངས་པ་ནང་བཞིན་བསྟན་པ་དང་འགྲོ་བའི་དོན་སྤྱི་དང། ཁྱད་པར་དུ་རང་བཞུགས་སའི་དགོན་པ་གྲྭ་ཚང་གང་དེའི་འཆད་ཉན་བཤད་སྒྲུབ་ཡར་རྒྱས་དང་། ཐུགས་མཐུན་ཁྲིམས་གཙང་གི་ཕྱོགས་ལ་མཛད་པ་ཧུར་ཐག་གནང་ཞིང་། དེ་བཞིན་དགོན་པ་གང་དེའི་མཆོད་གཞིས་སུ་གྱུར་ཅིང་རང་ལ་དད་པ་དང་དག་སྣང་། གསོལ་འདེབས་དང་སྐྱབས་འཇུག་ཞུ་ཞིང་། ལྷག་བསམ་གཙང་བའི་དད་ལྡན་པ་དེ་དག་གི་རྒྱུད་ལ་དམ་པའི་ཆོས་དང་མཐུན་པར་སྡིག་སྤོང་དགེ་སྒྲུབ་དང་ཡ་རབས་བཟང་སྤྱོད། ལེགས་ཉེས་བླངས་དོར་གྱི་ཆ་ཕྲ་མོ་རེ་འབྱེད་པའི་ཤེས་རབ་དང་གོ་རྟོགས་རེ་སྤེལ་ཐུབ་ན། དེ་ནི་ངེས་པ་དོན་གྱི་བླ་མ་ཡིན་ལ་སྤྲུལ་སྐུའང་ཡིན་པར་མ་ཟད། དད་ལྡན་པའི་སེམས་ནང་གི་བདག་པོ་ངོ་མའང་དེ་ཡིན་པ་མ་གཏོགས། དགོན་བདག་ཡིན་མིན་དང་། རྒྱུ་དཔལ་འབྱོར་ཡོད་མེད།  སྐུ་འཕྲེང་གི་མང་ཉུང་སོགས་ལ་འབྲེལ་བ་གཏན་ནས་མེད་དོ། །དགོན་བདག་གི་མཚན་བྱང་མེད་ཀྱང་བསྟན་པ་ཕྱོགས་མཐར་སྤེལ་བའི་སྐྱེས་ཆེན་གསེར་གྱི་རི་འདྲ་བ་བཞུགས་ཡོད་པ་ཁྱེད་ཀྱིས་མཁྱེན་ཡོད་དམ། འཆད་ཉན་དབྱར་མཚོ་བཞིན་འཕེལ་ཞིང་གྲྭ་མང་སྟོང་ཕྲག་གིས། ཐོས་བསམ་འཆད་ཉན་ལ་བརྩོན་པའི་དགོན་སྡེ་གང་ཞིག་ལ་གང་ཟག་སྒེར་བ་སུ་ཞིག་དང་བདག་པོ་འདི་ཡིན་ཞེས་གླེང་རྒྱུ་མེད་པའི་དགོན་སྡེ་ཅི་ཙམ་ཡོད་པ་ཁྱེད་ཀྱིས་ཤེས་ཡོད་དམ། བླ་མ་ཡིན་ན་ངེས་པར་དགོན་བདག་ཡིན་དགོས་པ་དང་དགོན་བདག་ཡིན་ན་སྐུ་འཕྲེང་མང་དགོས་པའི་གནས་ལུགས་གཏིང་ཟབ་མོ་འདི་འདྲ་བ་ཞིག་ཁྱེད་ཀྱིས་རྒྱ་བོད་ཕྱི་ནང་གི་རིག་གཞུང་གང་གི་ནང་ནས་རྟོགས་སོང་བ་ཡིན་ནམ་ཞེས་ཀྱང་དྲིའོ།།


དྲུག་པ།

      མདོར་ན་དེང་གི་དུས་འདིར་འཛམ་གླིང་སྤྱི་ཡོངས་ཀྱི་ཆ་ནས་དཔལ་འབྱོར་དང་རིག་གནས་གསར་བའི་རླབས་རྒྱུན་དྲག་པོས་ས་ཆེན་པོ་འདི་ཡང་ཡོངས་སུ་སྐྱོམ་བཞིན་པའི་དུས་འདིར། རང་ཅག་ལ་མཚོན་ན་རིན་ཐང་བྲལ་བའི་དངོས་ཡོད་དང་དངོས་མིན་གྱི་རིག་གནས་མང་བོ་ཞིག་རྒྱ་མཚོའི་ནང་དུ་ཁ་བ་བབས་པ་བཞིན་ཤུལ་མེད་དུ་འགྲོ་བཞིན་འདུག་པ་ཇི་འདྲའི་ཕངས་པ་ལ། སྐབས་འདི་འདྲ་ཞིག་ཏུ་རྩ་ཆེ་བའི་རིག་གཞུང་ཆེན་པོ་ཞིག་རྒྱུན་འཛིན་དར་སྤེལ་གཏོང་མ་ཐུབ་རུང་། རྒྱ་ཆུང་ས་ནས་བཤད་ན་རང་ཉིད་གནས་སའི་ཉེ་འཁོར་གྱི་སྐྱེས་བུ་རླབས་ཆེན་དང་མི་སྣ་འཇོན་ཐང་ཅན་དེ་དག་གི་ཕྱག་ལས་གནང་སྟངས་ཀྱི་མཛད་པའི་ཆ་ཕྲ་མོ་ཙམ་རེ་ཡིག་ཐོག་ཏུ་འགོད་ཐུབ་ན་དེ་ལས་རིན་ཐང་ཆེ་བའི་བྱ་བ་ཞིག་གང་ན་ཡོད། དེ་བཞིན་གོང་དུ་གླེང་ཟིན་པའི་རྩོམ་པ་བོ་མིང་མེད་པ་ཁོང་གིས་ཀྱང་དེ་ལྟར་བསམ་པ་ཀུན་སློང་ཡག་པོ་ཞིག་གིས་བྲིས་ཤིང་། དྲ་བདག་གིས་ཀྱང་བསམ་པ་ཡག་པོས་དྲ་སྟེང་དུ་སྤེལ་བ་ཡིན་ན་ཁག་མི་འདུག་གོ། མི་ཚང་མ་ཐམས་ཅད་མཁྱེན་པ་མ་ཡིན་ཕྱིར་ནོར་འཁྲུལ་མི་སུ་ལའང་འབྱུང་སྲིད། ཡང་ཅིག་བཤད་ན་ཀུན་སློང་གཙང་མས་ཆེད་བརྗོད་ཙམ་གྱི་ཕྱིར་བྲིས་པ་ཡིན་ན་འདི་ནས་ཆེད་དུ་དགོངས་དག་ཞུས་པ་ཡིན། འོན་ཀྱང་ལོ་རྒྱུས་ནི་ལོ་རྒྱུས་རང་ཡིན་པས། དོན་དངོས་དང་བདེན་པ་གཙུག་ཏུ་བཀུར་རྒྱུ་ནི་ལོ་རྒྱུས་འབྲི་མཁན་ཞིག་ལ་ཚང་དགོས་པའི་ཆེས་རྩ་བའི་ཆ་རྐྱེན་ནོ། །དེ་མིན་པར་གང་བྱུང་དུ། དཔེར་ན། ངའི་ཨ་ཕ་ནི་སྔོན་ཆད་གོང་མ་རྒྱལ་བོ་བྱས་མྱངས། ངའི་ཕུ་བོ་ཞིག་གིས་ད་ལྟ་རྒྱལ་ཁམས་དབང་དུ་བསྡུས་ཡོད་ཅེས་ལབ་ན། དེ་ནི་རྟོག་བཟོའི་སྒྲུང་ཞིག་གམ་ཡང་ན་སྨྱོན་པའི་ཁ་ནས་ཐོན་པའི་ལབ་རྡོལ་ཞིག་ལས་ཡང་དག་པའི་ལོ་རྒྱུས་ཤིག་ཏུ་འདོད་མཁན་སུ་ཞིག་ཡོད་དེ་མེད་དོ། །རྒྱུ་མཚན་ནི། ཡང་དག་པའི་ཁུངས་ལུང་གང་ཡང་མེད་པས་སོ།། 

        མཇུག་མཐར།

མ་དཔྱད་མི་ཤེས་མུན་སྟུག་ཁྲོད་ན་ཅོལ་ཆུང་སྲིན་བྱས་ཐན་སྐད་འབྱིན།།

ཁ་འཇམ་ཁེ་བཟང་ཁོག་བཅུག་ཅན་ཚོའི་གཡོ་སྒྱུའི་བསྟན་པ་གོང་དུ་འཕེལ།།

ཡང་དག་ཡག་པོའི་ཡ་རབས་ཞིང་འདི་ལོག་པའི་ལམ་དུ་འཁྲིད་དུས་འདིར།།

ལགས་དང་ལེགས་སོའི་སྤྲེལ་ལད་ཅན་ཚོར་ངོ་སོ་སྦྱིན་པའི་དུས་མ་ཡིན།།


ཉེས་བཤད་ཝ་མོའི་ངུ་ཟུག་འབྱིན་ལ་གནམ་ལྕགས་ཐོག་མདའ་སྤྲད་པ་འདི།།

མཁས་པས་མ་ཡིན་གྲགས་ཕྱིར་མ་ཡིན་ཆགས་སྡང་ཕྱོགས་རིས་དེ་བས་མིན།།

བདེན་པའི་གནས་ལུགས་བདེན་པར་སྨྲ་ལ་སྤོབས་པའི་སྐད་གསེང་མཐོན་པོ་འདི།།

ཀུན་སློང་གཙང་མས་དྲང་བོར་བརྗོད་པ་དམག་ཟོར་རྒྱལ་མོ་དཔང་བོར་འཇོག།

                     ཅེས་ཀྱང་སྨྲ་ཞིང་རེ་ཞིག་དེ་ཙམ་གྱིས་ངལ་གསོ་བར་བྱའོ།།

 

    ཞེས་ལྡོང་རྒྱུད་དོན་འགྲུབ་རྒྱ་མཚོར་འབོད་པས་ཆོས་སྡེ་ཆེན་པོ་ནས་སྤྱི་ལོ་2024ལོའི་ཟླ་11པའི་ཚེས་12ལ་ཕུལ།


版权声明:版权归《卡加琼翁综合文学网》所有,未经允许任何单位或个人不得转载、复制或以任何其他方式使用排版素材与本文全部或部分,侵犯必究。

བདག་དབང་། ངེད་འཕྲིན་སྟེགས་འདིར་བཀོད་ཟིན་པའི་རྩོམ་ཡིག་དང་འཆད་ཁྲིད། རྒྱུ་ཆ་སོགས་གང་ཡིན་ཡང་ཆོག་མཆན་མེད་པར་རྐུ་འཁྱེར་དང་བཤུ་འགོད། ནང་དོན་དང་རྒྱུ་ཆ་སོགས་བཅད་གཏུབ་ཀྱིས་སྤེལ་ན་ཁྲིམས་ལྟར་རྩད་གཅོད་ཡོད།

དོ་ཁུར་གནང་རོགས།

谢谢关注视频号

དཔེ་ ཀློག

དཔེ་ཀློགཤེས་རབ་ཀྱི་མི་ཚེ།

འཆད་ཁྲིད།|བརྩོན་འགྲུས་ཀྱི་སྟོབས།

རྩོམ་རིག|གཞུང་ལུགས་ཀྱི་འཇིངས།


赞赏



 


ཕྲིན་སྟེགས་སུ་ཚོགས་པ་དང་མི་སྒེར་གང་རུང་གི་ཁེ་དབང་ལ་གནོད་པའི་ནང་དོན་ཅན་ཡོད་ཚེ་མྱུར་དུ་འབྲེལ་གཏུགས་བྱོས་དང་དྲྭ་ལམ་ནས་བསུབ་ཆོག 

རྩོམ་པ་བོ་དག་གིས་ཡིད་གཟབ་གནང་རྒྱུ་ཞིག་ལ། སྐུ་ཉིད་ཀྱི་བརྩམས་ཆོས་གང་ཡིན་གཞན་གྱི་འཕྲིན་སྟེགས་སུ་བསྐུར་ཟིན་པ་དག་འདིར་མི་བསྐུར་བར་ཞུ། རྒྱུ་མཚན་བརྩམས་ཆོས་དེ་སྟེགས་བུ་གཅིག་ལ་དབང་ན་ལེགས་པ་དང་དེ་མིན་འགོད་མི་ཐུབ་པའི་དཀའ་ལས་སུ་འཕྲད་པས་དེའི་ལུགས་ལ་ཡིད་འཇགས་འཚལ།



请输入邮箱 2797610002@qq.com


ནང་དོན་འགོད་ལུགས།


༄༅།།ཁྱུང་སྔོན་བོད་ཡིག་རྩོམ་རིག་སྤྱི་སྟེགས་ནི་བོད་ཀྱི་རྩོམ་པ་པོའི་དཔུང་སྡེའི་ཐུན་མོང་ལ་དབང་བའི་སྣ་འཛོམས་རང་བཞིན་ཅན་གྱི་དྲ་ལམ་རྩོམ་ཡིག་སྤེལ་སའི་སྡིངས་ཆ་ཞིག་ཡིན།དེར་དཔྱད་རྩོམ་དང་འབོལ་རྩོམ་ལྷུག་རྩོམ་སྙན་ངག  འཆད་ཁྲིད།  གླུ་གཞས་དང་གྱེར་འདོན། ཡིག་གཟུགས་དང་དེབ་འཕྲིན་སོགས་འགོད་ཀྱིན་ཡོད་པས་ཁྱེད་ཅག་གིས་རྩོམ་ཡིག་སྤུས་གང་དག་རེ་བསྐུར་གནང་ཡོང་བར་ཞུ། 

琼翁藏文文学平台是属于整个藏族作家的一种多样性的文学平台,在这里你可以阅读到论文、散文、诗歌、随笔、书法及书信;还可以聆听到讲座、歌曲、朗诵。这里无奇不有,应有尽有。也欢迎各位作家前来投稿!


卡加琼翁综合文学网
ནང་དོན། [རྩོམ། འཆད་ཁྲིད། གཏམ་བཤད། གྱེར་འདོན། ཡིག་གཟུཊ།] སྐུ་ཉིད་ཁྱུང་སྔོན་རྩོམ་རིག་སྤྱི་སྟེགས་སུ་འབྱོན་པར་དགའ་བསུ་ཞུ།
 最新文章