ཨ་མདོ་བརྙན་འཕྲིན་གྱི་བགྲང་བྱ40དགའ་སྟོན་དུ། རྒྱ་འདུ་སངས་རྒྱས།

文摘   2024-10-18 09:29   中国  


ང་ཚོ་ཐུན་མོང་ལ་དབང་བའི་རྩོམ་རིག་གི་སྡིངས་ཆ་ཆེན་མོ་ཁྱུང་སྔོན་རྩོམ་རིགས་དྲ་བ།  

琼翁文学网  属于我们共同的文学大舞台



国泰民安!世界和平!

树立中华民族共同体意识,坚定文化自信,促进文化繁荣,为民族复兴,国家强盛而不懈努力

—习近平



ཨ་མདོ་བརྙན་འཕྲིན། 


— ཨ་མདོ་བརྙན་འཕྲིན་གཏོང་མགོ་ཚུགས་ནས་བགྲང་བྱ་བཞི་བཅུ་འཁོར་བའི་དགའ་སྟོན་དུ། 



 རྒྱ་འདུ་སངས་རྒྱས། 


མྱུར་མྱུར་ཚན་རྩལ་འཕྲུལ་གྱི་རྟ་ཕོ་ལ་བཅིབས་ཏེ།།
སྐྱིད་སྐྱིད་གངས་ལྗོངས་འཛིན་མའི་སྣོད་བཅུད་དུ་ལོག་པའི།།
མཛེས་མཛེས་ངོ་མཚར་ལྟད་མོའི་དུས་རབས་ཀྱི་ཕོ་ཉ།།
ཆེམ་ཆེམ་ཨ་མདོ་བརྙན་འཕྲིན་སྐྱེས་སྐར་འདི་བསུ་འོ།། 

ཨ་མདོའི་ཡུལ་དུ་འཁྲུངས་པའི་དུས་རབས་ཀྱི་དབུ་ཁྱུད།།
སྤུན་ཟླའི་སྙིང་དུ་སྡུག་པའི་ཕ་སྐད་ཀྱི་དབྱངས་རྟ།།
འོད་སྣང་གཟུགས་སུ་བསྐྲུན་པའི་ཕ་ཡུལ་གྱི་གཏམ་རྒྱུད།། 
འདི་ནས་འབྲི་མགོ་ཚུགས་པའི་སྐལ་བཟང་གི་དུས་ཚིགས།། 

ཙོང་ལ་རིང་མོའི་རྒྱུད་ཀྱི་ཉེ་འགྲམ་དུ་གཏོགས་ཤིང་།།
ཙོང་ཆུའི་བཞུར་དབྱངས་སྙན་མོའི་གྲོགས་དན་དུ་བྱོན་པའི།།
གནའ་མཁའ་ཟི་ལིང་མཁར་གྱི་ཡང་སྟེང་གི་གློག་འོད།།
ཕྱོགས་བཅུ་དུས་གསུམ་འཕྲོས་པའི་མཚར་སྡུག་གི་ལོ་ཟླ།། 

ལོ་འཁོར་བཞི་བཅུ་ལོན་པའི་འཕྲིན་བཟང་གི་གླུ་སྒྲ།།
སྐབས་གསུམ་ཡུལ་ལས་འཕོས་པའི་ཚངས་དབྱངས་ཀྱི་ང་རོ།།
མཛད་མེད་དངོས་གྲུབ་སྩོལ་བའི་དབང་བོ་ཡི་དགའ་སྟོན།།
གྲགས་པ་དུས་ཀྱི་རྒྱན་དུ་འབར་བ་འདི་མཛེས་སོ།། 

རིག་པའི་གནས་ཀུན་བརྡལ་བའི་ཚན་རྩལ་གྱི་ཐང་མ།།
ལྗོངས་འདིའི་འཕེལ་འགྲིབ་གསལ་བའི་ངོ་མཚར་གྱི་འཆར་རིས།།
འཛིན་མའི་ཁྱོན་དུ་འཕགས་པའི་སྲིད་ཇུས་ཀྱི་བག་མ།། 
མ་བོས་ཕྱོགས་བཅུའི་མགྲོན་པོར་དེངས་པ་འདི་མཚར་རོ།། 

གོ་ལའི་ཟླུམ་གཟུགས་བཀྲ་བའི་ས་འཛིན་གྱི་ཕང་བར།། 
མང་ཐོས་ཁུར་དུ་ལྕི་བའི་ཡོན་ཏན་གྱི་སྙེ་མ།།
དབྱར་མཚོ་བཞིན་དུ་རྒོད་པའི་ཤེས་བྱ་ཡི་ཟེགས་མ།།
འདྲེན་བྱེད་བྱེ་བ་ཕྲག་བརྒྱའི་ཉིང་བཅུད་དུ་གཏམས་ཡོད།།

སྙན་འཇེབས་ལྷུང་ལྷུང་བཞུར་བའི་ཕ་སྐད་ཀྱི་གཙང་བོ།།
ལྷུག་ལྷུག་འཛུམ་བརྒྱ་གྲོལ་བའི་མ་ཡིག་གི་མེ་ཏོག།
གངས་རིའི་ལྗོངས་ཀྱི་མ་མའི་སྙིང་ཁོངས་ནས་ཆས་པའི།།
བཞི་བཅུའི་ལང་ཚོ་བོད་འབྲེལ་ས་ཁུལ་གྱི་སྐར་ཆེན།།

སྙན་གྲགས་ཕྱོགས་ཀྱི་བུ་མོའི་རྣ་ཆ་ནི་ལྡེམ་ཞིང་།། 
དབང་ཕྱོགས་དགའ་མའི་ཉི་གཞོན་ཟུར་མིག་གིས་གཡོ་བ།།
ལྟ་ན་སྡུག་པའི་བཞི་བཅུའི་འོད་སྣང་གི་རྫོགས་ལྡན།།
ཡིད་ལ་དྲན་པ་ཙམ་གྱིས་བགོ་སྐལ་དུ་རོལ་འདོད།།

མཛའ་སེམས་གསེར་སྐུད་རིང་མོ་རང་རིགས་ལ་བསྲིངས་ཏེ།།
སྲི་ཞུའི་པཉྩའི་གོས་ཀྱི་མཛེས་སྡུག་རང་བསྣམས་ནས།། 
བདེ་སྐྱིད་པདྨའི་ལང་ཚོ་མཆོད་ཡོན་དུ་སྦྲེངས་པ།།
ལུས་ཅན་བདེ་དགའི་དཔལ་དུ་བྲེལ་བ་འདི་རྨད་དོ།། 

ཏང་དང་མི་དམངས་ཕྱོགས་པའི་ཚོགས་ཆེན་གྱི་དགོངས་དོན།། 
ཉེས་ཅན་གཉའ་བར་མནོན་པའི་རྒྱལ་ཁྲིམས་ཀྱི་གཉའ་ཤིང་།། 
དུས་ཀྱི་འཚོ་བ་གསལ་བའི་དམངས་ཚིས་ཀྱི་སྒེའུ་ཁུང་།།
ནད་མེད་ཚེ་བསྲིངས་ཕན་པའི་བདེ་ཐང་གི་གླེང་མོལ།། 

བློ་རིག་མེ་ཏོག་བཞད་པའི་སློབ་ར་ཡི་སྐྱེད་ཚལ།།
འཕུར་ལྡིང་གར་ལ་རོལ་བའི་གངས་ཅན་གྱི་བྱིས་པ།།
རྣམ་རིག་འོད་སྟོང་འབར་བའི་གངས་ལྷ་ཡི་མེ་ཏོག།
ན་ཆུང་བུང་བ་རྩེན་སའི་ཡལ་འདབ་ཀྱི་སྟེགས་བུ།།

བློ་གྲོས་བ་གམ་མཐོན་པོའི་ཁང་བཟང་གི་དབུས་སུ།། 
གཙུག་ལག་འདབ་བརྒྱའི་ཚལ་རབ་སྐྱོང་མཛད་ཀྱི་བཤེས་གཉེན།། 
མ་རིག་མུན་པ་སེལ་བའི་འཆད་ཁྲིད་ཀྱི་སྒྲོན་མེ།།
བློ་གསལ་དགའ་བའི་གཉེན་གཅིག་ལེགས་བཤད་ཀྱི་དགའ་ཚལ།། 

བསམ་གཞིག་གླེགས་བམ་བརྩིགས་པའི་ཤེས་རབ་ཀྱི་ལྡིང་ཁང་།།
ཀུན་དའི་སྦུབས་བརྒྱ་གྲོལ་བའི་བསིལ་ཟེར་གྱི་ཟླ་འོད།།
ཡིན་མིན་འཁྲུལ་བ་གཅོད་ཕྱིར་དུས་རབས་ཀྱི་གླེང་མོལ།།
བློ་སྐྱེད་སྦྲང་རྩིའི་དགའ་སྟོན་རོལ་པ་འདི་བསྟོད་དོ།། 

མུ་འབྲེལ་ལེའུས་བསྐོར་བའི་གློག་བརྙན་གྱི་ཟློས་གར།།
ཀུན་རྟོག་འགྱུར་བག་རྒོད་པའི་བཀྲ་ཤིས་ཀྱི་གསེར་ཟམ།། 
ཡངས་པའི་ས་ཆེན་བསྐོར་བའི་རྒྱལ་ཁམས་ཀྱི་མེ་ལོང་།།
མི་རྟག་དུས་ཚིགས་སྟོན་པའི་གནམ་གཤིས་ཀྱི་སྔོན་བརྡ།། 

སྣ་ཚོགས་ལས་སུ་རིག་པའི་མེ་ཏོག་གི་ཚལ་ན།། 
སྣ་མང་ཚན་རྩལ་ཤེས་བྱའི་འཇིངས་ངོགས་སུ་ཞུགས་པའི།། 
སྣ་འཛོམས་ལག་ཤེས་སྒྱུ་རྩལ་སྒོ་འཕར་གྱི་བར་གླགས།། 
སྣ་འདྲེན་ལས་ལ་བརྩོན་པའི་དངོས་བྲིས་འདི་སྟོབས་སོ།། 

མངོན་མིན་ཤུལ་བཞག་རིག་གནས་ཕ་ནོར་གྱི་གཏེར་ཁ།།
ལ་གླུ་རྡུང་གསུམ་བསྔོགས་པའི་སྒྱུ་རྩལ་གྱི་རིག་གནས།། 
སྲིད་པའི་ངག་སྒོ་འགྲན་སའི་མཆོངས་སྐྱོད་ཀྱི་སྟེགས་བུ།།
རྨ་འབྲིའི་རླབས་ཀྱི་ཟེགས་མའི་མཆོད་ཆང་འདི་ཞིམ་ཨང་།། 

སྲིད་པའི་མཛེས་སྡུག་གཅིག་ཏུ་བསྡུས་པ་ཡི་ངོགས་ནས།།
ལྷང་ལྷང་སྒྲ་དང་སྒེག་པའི་ཉམས་འགྱུར་གྱི་སྟང་སྟབས།།
ཀུན་གྱི་མིག་གི་དཔྱིད་དུ་རིག་རྩལ་གྱི་སྤྲོ་ཚོགས།།
ལུས་ངག་རྣམ་འགྱུར་རྒོད་པའི་སྒྱུ་རྩལ་གྱི་ཞིང་ཁམས།། 

གང་མཁོ་ཤེས་བྱའི་གཏེར་གྱི་ཉིང་བཅུད་དེ་རྔུབ་ཏེ།།
ཚན་རྩལ་འཕྲུལ་གྱི་བརྙན་མིག་བོད་ཁམས་སུ་གཏད་པས།།
བརྙན་སྐྲུན་ལག་རྩལ་མཐོ་བའི་ལས་བྱེད་དེའི་དཔུང་ཁག།
སྒྲིག་བཟོས་ཉིན་མཚན་བསྐྱལ་བའི་ལོ་རབས་ལ་དགའ་འོ།། 

དབུ་ནི་རོང་འབྲོག་མང་ཚོགས་ཕང་བ་ནས་བརྩམས་ཤིང་།།
སླར་ཡང་རོང་འབྲོག་འཚོ་བའི་ཁྱིམ་གཞིས་སུ་ལོག་སྟེ།།
དྲང་གཞག་རྒྱ་མའི་ཁ་ནས་བདེན་པ་རང་འཚོལ་བ།།
གསར་འགོད་བྱ་བའི་རྩ་དོན་བརྗེད་མེད་དེར་སྨོན་ནོ།། 

སྣ་མང་ཐད་གཏོང་ཆོ་འཕྲུལ་བོད་ཡུལ་དུ་དར་དུས།།
ཐེའུ་རང་ཁ་དང་ལག་པ་གང་ས་རུ་བརྐྱངས་ཏེ།།
བློ་ཡང་ཆུ་སྣ་གར་རྒྱུགས་གྲངས་མེད་ཅིག་བྱོན་མོད།།
དགའ་མོས་སྐད་ཅིག་མ་འགྱུར་ཨ་མདོ་ཡི་བརྙན་འཕྲིན།། 

ཐོབ་དང་ཁེ་སྤོགས་བྲལ་བའི་འགྲན་སྡུར་གྱི་རྣམ་གྲངས།།
ཨ་མདོ་བརྙན་འཕྲིན་ལྟ་བུའི་གཅིག་གཉིས་ལས་མི་སྣང་།།
མི་སྒེར་མིང་དང་འཇོན་ནུས་འདི་ག་ནས་བརྩམས་ཏེ།།
འཚར་ལོངས་བྱུང་དང་འབྱུང་བའི་སྒྱུ་རྩལ་པ་མང་ངོ་།། 

དངོས་ཤུགས་བརྒྱུད་གསུམ་གང་དུ་འཇུག་པ་རུ་རྩོམ་ཚེ།།
ལས་ཐོབ་འགན་འཁྲིའི་ནུས་པ་མངོན་གསལ་དུ་ཐོན་པའི།།
ཀྱག་ཀྱོག་ལོ་ངོ་བཞི་བཅུའི་ཨ་མདོ་ཡི་བརྙན་འཕྲིན།། 
ལས་བྱེད་རྒན་དར་གཞོན་གསུམ་བྱས་པ་ནི་བསྔགས་སོ།། 

འཆད་ན་ཁ་ལྕེ་སྨྲ་དག་ཡོན་ཏན་གྱི་མདོ་འཛིན།།
བཟོས་ན་ལག་རྩལ་མཐོ་བའི་བརྙན་མིག་གི་འཐབ་རྩལ།།
འབྲེལ་ན་མཁས་མང་འདུ་བའི་རིག་གཞུང་གི་གར་སྟེགས།།
བསྒྲུབས་ན་ལས་ཕྱོད་མཐོ་བའི་བརྙན་འཕྲིན་གྱི་ལས་ཁུངས།།

བདེན་པའི་བྱ་བཞག་གང་བརྩམ་རང་རིགས་ལ་གཏད་དེ།། 
དགེ་བའི་ལས་ཀྱི་འབྲས་བུ་ཞིང་ཁམས་འདིར་བསྔོ་བ།། 
མཛེས་པའི་སྣང་བརྙན་རེ་རེར་ཕྱི་རབས་སུ་བཞག་པས།། 
རྨད་བྱུང་ལེགས་ཚོགས་ཆར་འདི་ཡང་ཡང་དུ་ཕོབས་ཤིག།

དགའ་ན་བཟའ་མི་ཐམས་ཅད་དགའ་ས་དེ་ཁྱོད་ཡིན།།
དུང་ན་བོད་མི་ཐམས་ཅད་དུང་ས་དེ་ཁྱོད་ཡིན།།
བལྟས་ན་མིག་ཟུང་རིག་རིག་བྱེད་ས་དེ་ཁྱོད་ཡིན།།
ཁྱོད་ནི་ཀུན་གྱིས་ཤེས་པའི་མཐོ་སྒང་གི་གཞོན་ནུ།། 

གོང་གི་གདན་ཁྲི་མཐོན་པོའི་བླ་དཔོན་སུ་ཡིན་ཡང་།།
ཁྱད་མེད་མཁས་བླུན་བར་མ་སུ་དང་གང་ཡིན་ཡང་།།
རྒྱུ་ནོམ་དབུལ་ཕྱུག་ཅི་ཡིན་ལྟོས་མེད་དུ་ཁྱབ་པའི།།
རྩེར་སོན་ཨ་མདོ་བརྙན་འཕྲིན་མ་མཐོང་ནི་མེད་དོ།།

རང་གི་ཡན་ཞིག་ཡོད་ན་ཕྲག་དོག་གི་མཆེ་བ།།
རང་གི་མན་ཞིག་ཡོད་ན་མཐོང་ཆུང་གི་སྟ་རེ།།
འདྲ་མཉམ་འདུ་ཤེས་ཆུང་བའི་སྤྱི་ཚོགས་ཀྱི་སྣེ་ན།།
མཐོ་རྒྱག་དམའ་རྒྱག་མེད་པའི་ཀུན་ཕན་གྱི་བྱ་བཞག།

ཟླ་ཕོགས་སྟེར་བ་ཁོ་ནས་ཆོག་ཤེས་རང་བསྟེན་མཁན།།
རང་ལ་ཁེ་ཕན་མེད་ཚེ་སྣང་མེད་ཀྱི་སྤྱི་དོན།།
འགྲོ་ཐབས་འདུག་ཐབས་ཙམ་གྱི་གོམས་གཤིས་ཤིག་དར་སྐབས།།
གཞུང་ལ་ཤ་ཚ་སྙིང་ཉེའི་ཚོགས་སྡེ་འདིར་བསྟོད་དོ།། 

ལྟོ་རྒྱབ་ཉི་དྲོས་མང་སར་ཁ་རུབ་དང་ལག་རུབ།།
གལ་ཆེན་ལས་ཚེགས་འཕྲད་དུས་ཁ་ཞ་དང་ལག་ཞ།།
ལས་བྱེད་ལྡུམ་བུ་མང་བོ་གང་ས་རུ་སྐྱེས་དུས།།
དྲོ་འཁྱག་གང་དུ་མི་འཇིགས་འཐབ་འཛིང་གི་རུ་དཔུང་།། 

སྟོང་བསམ་ཁ་ཕོ་སྒྲོག་པའི་ཆུ་ཕྲན་གྱི་ཀུ་ཅོ།།
མཐུན་སྒྲིལ་ཁ་གཡང་གྱུར་པའི་འཇག་རྩྭ་ཡི་ཕོན་པོ།།
ཕྱི་ཚུལ་འཁྲབ་སྟོན་མཁས་པའི་སྤྲེལ་ལད་ཀྱི་རང་གཤིས།།
འདི་འདྲ་མཐོང་ན་ཁྱེད་ཚོའི་འགྲུལ་བཞུད་དེ་སྟོབས་སོ།། 

ཡུལ་ཤུལ་ས་འགུལ་ལྟ་བུའི་འཇིགས་རུང་གི་ཁྲོད་དུ།།
ཞུམ་མེད་སྙིང་སྟོབས་ཅན་གྱི་ཁྱོད་ཚོ་ཡང་འབྱོར་ཡོད།།
ཤེས་རིག་རླབས་ཀྱི་ཟེགས་མ་འཕྱོ་བ་ཡི་ས་རུ།།
དགའ་བའི་འཛུམ་དང་བཅས་ཏེ་བཅར་འདྲི་རུ་བསླེབས་ཡོད།།

འབྱུང་བཞིའི་རུ་དཔུང་འཐབ་ཀྱང་བྱ་བཞག་གི་ཁྲོད་ན།།
སྐྱིད་སྡུག་ཟོ་ཆུན་འཁོར་ཡང་འོས་འགན་གྱི་ཕྲག་ན།།
དུས་ཚོད་ཇི་འདྲ་མྱུར་ཡང་མདུན་སྐྱོད་ཀྱི་ལམ་ན།།
ལོག་ལོག་རྒྱ་རྡོ་འདྲ་བའི་དཔུང་རྡང་ལ་སྨོན་ནོ།། 

བདེན་གཏམ་རྒྱུད་མངས་སྦྲེང་བའི་སེམས་ཚོར་གྱི་གཞས་འདི།།
གནའ་མཁར་ཟི་ལིང་གྲོང་གི་བརྙན་འཕྲིན་ཁང་བླངས་པས།།
དྲི་མེད་ལྷ་དར་དཀར་པོ་ལག་ཟུང་གིས་སྐྱོར་ཏེ།།
བཞི་བཅུའི་འོད་སྣང་དཀར་པོར་རྟེན་འབྲེལ་ནི་ཞུས་སོ།། 

ཙོང་ཁའི་སྐྱེས་རི་མཐོན་པོའི་གཟི་བྱིན་དང་བསྡོངས་ནས།།
མཚོ་ཆེན་ཁྲི་ཤོར་རྒྱལ་མོའི་ཕུགས་བསམ་དང་འགྲོགས་ཏེ།།
སྲིད་པའི་གངས་རྒན་རྩེ་མོའི་མཐོ་ས་རུ་འགྲེང་བའི།།
མཚར་སྡུག་རྨི་ལམ་རིང་མོ་གོ་ལ་རུ་འཕུར་ཅིག།

མགོ་གཙོ་ནམ་མཁའ་ཐར་ཞེས་ལས་ཡུན་དེ་རླབས་ཆེ།།
ཟུར་པ་མ་ཅིག་རྒྱལ་གྱི་མདོ་འཛིན་དེ་སྔ་ཆེ།།
སྤྱི་ཁྱབ་སྟ་སྐུལ་རྣ་བྷ་ཟེར་བ་དེ་མཐོང་ཆེ།།
རོལ་མོའི་ལྟ་སྐུལ་དབྱངས་མཁན་གསང་བདག་དེ་རྩིས་ཆེ།།

མདོ་འཛིན་བྱས་ན་བཀྲ་ཤིས་དབང་ཕྱུག་དེ་དོན་ཆེ།།
མཁས་པར་དྲིས་ན་ཨ་ཅེ་བཀྲ་ལོ་དེ་ཐབས་ཆེ།།
གླུ་ཞིག་བླངས་ན་ཚེ་རིང་ལྷ་མོ་ཡི་སྐད་ཆེ།།
སློབ་རར་བསྐྱོད་ན་ཨ་ཅེ་ཚེ་སྒྲོན་དེ་ཉམས་ཆེ།།

ཕོ་སར་གྲས་ནས་འཕགས་མོ་རྡོ་རྗེ་དེ་སྟོབས་ཆེ།།
སྨན་ཤར་དབུས་ན་ལྷ་མོ་ཡག་མ་དེ་མངོན་ཆེ།།
སྨྱུག་རྩེ་སྒུལ་ན་འདྲེ་བཞིའི་རྡོ་གྲགས་དེ་མིང་ཆེ།། 
རོལ་མོའི་ཕྱོགས་སུ་འཇམ་དབྱངས་བསྟན་འཛིན་དེ་གྲགས་ཆེ།།

བ་མོའི་མེ་ཏོག་བཞད་པའི་ལས་བྱེད་ཀྱི་རྒན་པ།།
གཞོན་ཤ་དར་ལ་བབས་པའི་དུས་རབས་ཀྱི་གདོང་ལེན།།
ཨ་མདོ་བརྙན་འཕྲིན་འདི་ཡི་ལོ་རྒྱུས་ཀྱི་ཤོག་ལྷེ།། 
བསམ་ཞིང་བསམ་ན་དྲིན་གྱི་ཆེ་བ་ཉིད་ཡིན་ནོ།། 

མཐོང་ཐོས་བློ་ངོར་འཆར་བ་ཚབ་མཚོན་ཞིག་དྲངས་ན།། 
ཁ་ཡག་ངོ་བསྟོད་མིན་པའི་མི་སྣ་འགའ་གླེང་ན།།
རང་སེམས་ངོ་མས་བརྗོད་པའི་ཚིག་ཚོགས་འདི་སྤུངས་པ།།
མ་ཁོག་བྲང་ལས་འཕྱུར་བའི་རླབས་སྒྲ་ཞིག་ཡིན་ནོ།།

སེམས་ཀྱི་རྟ་རྒོད་གནས་སྐབས་འདུལ་སྦྱོང་གི་དོན་དུ།།
གཏམ་གྱི་སྲབ་མདས་ཁ་ལོ་དཀྱུ་ཕྱོགས་ཀྱི་སླད་དུ།།
ཚེགས་མེད་དགའ་བཞིན་གུས་པའི་སོར་རྩེ་ཡི་འཁྱུག་འགྲོས།།
ཨ་མདོ་བརྙན་འཕྲིན་ཁང་གི་སྐྱེས་སྐར་ལ་ཕུལ་ཏོ།། 

2024 10 17ཉིན་བྲིས།



版权声明:版权归《卡加琼翁综合文学所有,未经允许任何单位或个人不得转载、复制或以任何其他方式使用排版素材与本文全部或部分,侵犯必究。

བདག་དབང་། ངེད་འཕྲིན་སྟེགས་འདིར་བཀོད་ཟིན་པའི་རྩོམ་ཡིག་དང་འཆད་ཁྲིད། རྒྱུ་ཆ་སོགས་གང་ཡིན་ཡང་ཆོག་མཆན་མེད་པར་རྐུ་འཁྱེར་དང་བཤུ་འགོད། ནང་དོན་དང་རྒྱུ་ཆ་སོགས་བཅད་གཏུབ་ཀྱིས་སྤེལ་ན་ཁྲིམས་ལྟར་རྩད་གཅོད་ཡོད།

དོ་ཁུར་གནང་རོགས།

谢谢关注视频号

དཔེ་ ཀློག

དཔེ་ཀློགཤེས་རབ་ཀྱི་མི་ཚེ།

འཆད་ཁྲིད།|བརྩོན་འགྲུས་ཀྱི་སྟོབས།

རྩོམ་རིག|གཞུང་ལུགས་ཀྱི་འཇིངས།


赞赏



 


ཕྲིན་སྟེགས་སུ་ཚོགས་པ་དང་མི་སྒེར་གང་རུང་གི་ཁེ་དབང་ལ་གནོད་པའི་ནང་དོན་ཅན་ཡོད་ཚེ་མྱུར་དུ་འབྲེལ་གཏུགས་བྱོས་དང་དྲྭ་ལམ་ནས་བསུབ་ཆོག 

རྩོམ་པ་བོ་དག་གིས་ཡིད་གཟབ་གནང་རྒྱུ་ཞིག་ལ། སྐུ་ཉིད་ཀྱི་བརྩམས་ཆོས་གང་ཡིན་གཞན་གྱི་འཕྲིན་སྟེགས་སུ་བསྐུར་ཟིན་པ་དག་འདིར་མི་བསྐུར་བར་ཞུ། རྒྱུ་མཚན་བརྩམས་ཆོས་དེ་སྟེགས་བུ་གཅིག་ལ་དབང་ན་ལེགས་པ་དང་དེ་མིན་འགོད་མི་ཐུབ་པའི་དཀའ་ལས་སུ་འཕྲད་པས་དེའི་ལུགས་ལ་ཡིད་འཇགས་འཚལ།



请输入邮箱 2797610002@qq.com


ནང་དོན་འགོད་ལུགས།


༄༅།།ཁྱུང་སྔོན་བོད་ཡིག་རྩོམ་རིག་སྤྱི་སྟེགས་ནི་བོད་ཀྱི་རྩོམ་པ་པོའི་དཔུང་སྡེའི་ཐུན་མོང་ལ་དབང་བའི་སྣ་འཛོམས་རང་བཞིན་ཅན་གྱི་དྲ་ལམ་རྩོམ་ཡིག་སྤེལ་སའི་སྡིངས་ཆ་ཞིག་ཡིན།དེར་དཔྱད་རྩོམ་དང་འབོལ་རྩོམ་ལྷུག་རྩོམ་སྙན་ངག  འཆད་ཁྲིད།  གླུ་གཞས་དང་གྱེར་འདོན། ཡིག་གཟུགས་དང་དེབ་འཕྲིན་སོགས་འགོད་ཀྱིན་ཡོད་པས་ཁྱེད་ཅག་གིས་རྩོམ་ཡིག་སྤུས་གང་དག་རེ་བསྐུར་གནང་ཡོང་བར་ཞུ། 

琼翁藏文文学平台是属于整个藏族作家的一种多样性的文学平台,在这里你可以阅读到论文、散文、诗歌、随笔、书法及书信;还可以聆听到讲座、歌曲、朗诵。这里无奇不有,应有尽有。也欢迎各位作家前来投稿!


卡加琼翁综合文学网
ནང་དོན། [རྩོམ། འཆད་ཁྲིད། གཏམ་བཤད། གྱེར་འདོན། ཡིག་གཟུཊ།] སྐུ་ཉིད་ཁྱུང་སྔོན་རྩོམ་རིག་སྤྱི་སྟེགས་སུ་འབྱོན་པར་དགའ་བསུ་ཞུ།
 最新文章