སློབ་ཁྲིད་སྐོར་གྱི་བསམ་ཚུལ་ཐན་ཐུན། གངས་ཆུ།

文摘   2024-10-04 09:40   甘肃  


ང་ཚོ་ཐུན་མོང་ལ་དབང་བའི་རྩོམ་རིག་གི་སྡིངས་ཆ་ཆེན་མོ་ཁྱུང་སྔོན་རྩོམ་རིགས་དྲ་བ།  

琼翁文学网  属于我们共同的文学大舞台



国泰民安!世界和平!

树立中华民族共同体意识,坚定文化自信,促进文化繁荣,为民族复兴,国家强盛而不懈努力

——习近平



སློབ་ཁྲིད་སྐོར་གྱི་བསམ་ཚུལ་ཐན་ཐུན།


གངས་ཆུ།

      ཉེ་སྔོན་གྲོགས་རྫས་ལུང་ཚེ་དར་གྱིས་སྐད་འཕྲིན་ལས་སློབ་ཁྲིད་དཔྱད་གླེང་གི་ཚོགས་འདུ་ཞིག་བསྡུ་འཆར་ཡོད་པས། ཅི་ནས་ཀྱང་ཉམས་མྱོང་རེ་གླེང་དགོས་པའི་རེ་འདུན་བཏོན་བྱུང་། བདག་གིས་རེ་ཞིག་བསམ་མནོ་ཞིག་བཏང་བ་ན། རྣམ་དཀར་དགེ་བའི་ལས་མཐུ་ཡིས་རང་ཉིད་ནི་དགེ་རྒན་ཞིག་གི་མིང་ཙམ་བཟུང་ནས་ལོ་ཟླ་གང་མང་ཞིག་ཕར་ལ་བསྐྱལ་ཞིང་། སློབ་མ་མང་པོ་ཞིག་ཆར་རྗེས་ཀྱི་ཤ་མོ་བརྡོལ་བ་བཞིན་བྱུང་དང་འབྱུང་མུས་སུ་མཆིས་མོད། དགེ་རྒན་ཞེས་པའི་མིང་བརྗིད་པོ་འདི་ཐོས་མ་ཉིད་ནས་དངངས་སྐྲག་ཅིག་ག་ཤེད་ཅིག་ནས་ངམ་ངམ་ཤུགས་ཀྱིས་སྐྱེས་ཡོང་། ཡིན་ན་ཡང་། རང་སེམས་ལ་ཉེས་པ་མེད་ན། གཤིན་རྗེ་ལ་འཇིགས་པ་མེད་ཟེར་བའི་དཔེ་བཞིན། རང་བབས་ཀྱི་བྱ་གཞག་ཡོད་དོ་ཅོག་ལ་ལྷག་བསམ་དཀར་པོས་ཀུན་ནས་བསླངས་ཏེ། མ་རུང་བའི་སྦྱོར་བ་སྣ་ཚོགས་ལ་རིང་དུ་བཀྱེད་ཅིང་བརྩོན་པ་བརྒྱ་འགྱུར་གྱིས་སློབ་གསོ་སློབ་ཁྲིད་ལྷུར་ལེན་བྱས་པ་ཡིན། འོན་ཏང་། རང་བློ་རང་ལ་ལྐོག་ཏུ་མ་གྱུར་པ་བཞིན། གཞན་ལ་ཉམས་མྱོང་གླེང་རྒྱུ་ནི་ཤིན་ཏུ་ནས་ཁག་པོར་གྱུར་ཡོད། རང་ལ་མཚོན་ན། སློབ་ཁྲིད་ཀྱི་ནུས་པ་ཞན་པ་དང་། ཁྲིད་རྩལ་དམན་པས། ལས་ཕྱོད་མཐོ་བའི་ཁྲིད་ཐབས་ཤིག་ད་རག་བར་རྙེད་མ་བྱུང་། དེ་ལ་ལེ་ལན་ཡང་བྱེད་མི་འོས་ཏེ། དུས་ཀྱི་འཕེལ་འགྱུར་དང་བསྟུན་ནས་སློབ་ཁྲིད་ཀྱི་རྣམ་པ་ཡང་འགྱུར་ལྡོག་འགྲོ་བ་ཞིག་ཡིན་པས། སློབ་མའི་བློ་ཁ་དང་འཚམ་པའི་སྣོད་བསྟུན་གྱི་ཁྲིད་ཐབས་ཤིག་ཅིས་ཀྱང་འཚོལ་སྙེག་བྱ་དགོས་ངེས་ཡིན། ཕྱོགས་གཞན་ཞིག་ནས་གླེང་ན། སྐད་ཡིག་སློབ་ཁྲིད་ནི་བསམ་བློ་དང་ཤེས་རྟོགས། འཚོལ་ཞིབ་དང་རིག་ལམ། འཇོན་ནུས་སོགས་སྐྱེད་སྲིང་བྱ་རྒྱུ་དང་ཡ་མ་བྲལ་བ་ཞིག་ཡིན་པར་འདོད་ཡོད།

      སྤྱིར་ན་དགེ་རྒན་ཞིག་ལ་མཚོན་ནས་བཤད། ས་པཎ་ནས་གཙང་མཁས་གཞན་ལ་ཕན་པར་འདོད་ཅེས་པ་ལྟར། ཡོན་ཏན་ཀུན་ལ་མཁས་པ་ཞིག་དང་སྒོས་སུ་རང་གི་འཁྲིད་བྱའི་ནང་དོན་ལ་ངེས་པར་དུ་ནང་བྱན་ཆུད་པ་ཞིག་ཡིན་དགོས། དགེ་རྒན་ཟམ་ཚའི་ཚེ་རིང་དོན་གྲུབ་ཀྱིས། དགེ་རྒན་རྣམ་པས་མི་ཚེ་གང་པོར་ངེས་པར་དུ་དཔེ་ཀློག་བྱེད་དགོས། ལུས་རྒས་ཀྱང་སེམས་བྱིས་པ་བྱས་ཏེ་བསྡད་ན་བྱིས་པ་ཞིག་གིས་བྱིས་པ་ཞིག་གཉོར་དགོས་པས་སློབ་གསོ་ལ་རེ་བ་མེད་ཅེས་པ་བཞིན། དགེ་རྒན་རང་ཉིད་ཀྱིས་དཔེ་ཀློག་བྱས་ན་ཕྱོགས་གཅིག་ནས་རང་ཉིད་འཕེལ་རྒྱས་སུ་བཏང་བ་མ་ཟད། སློབ་མ་ཚོ་ལའང་བག་ཆགས་ལེགས་པོ་ཞིག་འཇོག་ཐུབ། དེ་བཞིན་སློབ་ཁྲིད་ཀྱི་ཞོར་དུ་ཁ་མཚར་ཀུ་རེ་དང་འབེལ་གཏམ། ངག་རྒྱུན་སོགས་ལས་ཅི་ཐུབ་ཀྱིས་སློབ་ཁྲིད་ལ་སྤྲོ་བ་འདྲེན་དགོས། ད་དུང་དགེ་རྒན་ལ་དཔྱོད་ཤེས་སྒམ་དཀྱེལ་གྱི་བློ་ལྡན་དགོས། རྗེ་ཙོང་ཁ་བས་སློབ་མའི་རྒྱུད་ལ་ཡོན་ཏན་སྣ་གཅིག་སྐྱེས་པ་དང་སྐྱོན་སྣ་གཅིག་འགྲིབ་པ་ཡན་ཆད་བདེ་ལེགས་ཐམས་ཅད་ཀྱི་འབྱུང་གནས་དམ་པ་བཤེས་གཉེན་ཡིན་ཞེས་གསུངས་པ་ལྟར། སློབ་མ་ཚོ་ནི་ལོ་ན་ཕྲ་བས་སྐྱོན་དང་ནོར་འཕྱུགས་མི་འབྱུང་བའི་ངེས་པ་མེད་མོད། དེ་ལ་ཐབས་དང་ཤེས་རབ་ཀྱིས་གདོང་གཏད་ན། ཕྱིས་འབྱུང་གི་ནོར་འཁྲུལ་ལ་ཡང་ཐག་གཅོད་ལེགས་པོ་བྱེད་ཐུབ། ཕྱོགས་གཞན་ནས་གནའ་དེང་གི་ཁྲིད་ཐབས་མང་པོ་ལ་སློབ་སྦྱོང་བྱས་ནས་རང་ཉིད་ལ་འཚམ་པའི་ཁྲིད་ཐབས་ཤིག་ཅིས་ཀྱང་འཚོལ་དགོས་ངེས་ཡིན།

      དེང་གི་ཆར། སློབ་ཁྲིད་ཅེས་པ་ནི་ཁྲིད་ཐབས་དང་སློབ་གཉེར་གཉིས་ལ་གོ་བ་ལེན་པ་ཡིན་པས། དགེ་རྒན་ཞིག་ལ་ཡོན་ཏན་གྱ་ནོམ་ལྡན་པ་གཞིར་བཅས་ཁྲིད་རྩལ་ཡག་པོ་ཞིག་ལྡན་པས་ན། སློབ་མའི་རྒྱུད་ལ་ཤེས་ཡོན་ཡག་པོ་ཞིག་འབྱོར་ཐུབ། དེ་བཞིན་བྱ་བ་ཅི་ཞིག་ཡིན་རུང་ལེགས་གྲུབ་འབྱུང་མིན་ནི་བྱ་བ་གང་དེའི་སྦྱོར་དངོས་རྗེས་གསུམ་ལ་རག་ལས་ཡོད་པས། སློབ་ཁྲིད་ཀྱང་དེ་ལས་མ་འདས། དགེ་རྒན་གྱིས་སློབ་ཁྲིད་ཀྱི་སྦྱོར་བའི་སྐབས་སུ་འཁྲིད་བྱའི་ནང་དོན་ལ་སྟ་གོན་ཚགས་དམ་པོ་བྱས་པས་མི་ཆོག་པར། ངེས་པར་དུ་སློབ་ཁྲིད་ཀྱི་རྩ་འཛུགས་ལ་བསམ་བློ་བཏང་ནས། སློབ་མ་སོ་སོའི་བློ་ཁར་འཚམ་པའི་ཁྲིད་ཐབས་ལ་བསམ་གཞིགས་དཔྱིས་ཕྱིན་སྔོན་དུ་སོང་ན་སློབ་ཁྲིད་ཡག་པོ་ཞིག་འཁྱོངས་ཐུབ་ངེས་ཡིན། དགེ་རྒན་སོ་སོ་ཡིས་ལོ་ངོ་མང་པོའི་སློབ་ཁྲིད་ཀྱི་ཞུན་བརྡར་ཁྲོད་རང་ཉིད་ལ་གང་འཚམ་གྱི་ཁྲིད་ཐབས་རེ་ཆགས་ཡོད་པར་སོམ་ཉི་བྲལ། ཡིན་ན་ཡང་། སློབ་ཁྲིད་ཀྱི་ལས་ཕྱོད་དང་སྤུས་ཚད་ནི་སྲོག་ཤིང་དུ་འཛིན་དགོས་ཤིང་། སློབ་ཁྲིད་གང་ཞིག་ཡིན་རུང་སྐབས་བབ་ཀྱི་ནང་དོན་མ་ཡིན་པ་དག་གིས་དུས་ཚོད་འགོར་འགྱངས་མི་གཏོང་བར་གནད་ཁེལ་འཛིན་སླའི་ཕྱོགས་ལ་གཟབ་ནས་སློབ་མའི་སྐད་ཡིག་གི་ནུས་པ་གཞིར་བྱས། སྐད་ཡིག་ལ་དགའ་བ་དང་དུངས་པའི་འདུན་པ་བསྐྱེད་དགོས་པར་སྙམ། ད་དུང་གླེང་འདོད་པ་ཞིག་ལ། མཚམས་ལན་རེར་དགེ་རྒན་གྱིས་སློབ་ཁྲིད་གྲ་སྒྲིག་གི་ཁོམ་ལོང་བར་འཚང་བྱས་རུང་། སློབ་ཁྲིད་དང་འབྲེལ་མེད་ཀྱི་རེའུ་མིག་དང་ཡིག་ཚགས། ཡང་ན་སློབ་མའི་ཉེས་འགལ་གྱི་དོན་ཕྲན་སོགས་ཀྱི་བར་གསེང་ནས་དུས་ཚོད་བརླག་འགྲོ་བ་མ་ཟད། དགེ་རྒན་གྱི་ནུས་ཤུགས་ཀྱང་ཟད་གྲོན་ཉམས་ཞན་དུ་གྱུར་འགྲོ་བས། སློབ་ཁྲིད་ཀྱི་སྐབས་སུ་ངལ་ཐང་ཆད་ནས་རྣམ་རིག་མི་གསལ་བའང་མང་དུ་མཆིས།

      དེ་བཞིན་སློབ་ཁྲིད་དངོས་སུ་ས་པཎ་ནས། ཉན་པའི་སྐྱོན་རྣམས་སྤང་ནས་ནི།། ཤེས་པར་འདོད་པས་ལེགས་པར་ཉན།། ཞེས་གསུངས་པ་ལྟར། བྱ་བ་ཅི་ཞིག་ཡིན་རུང་ཐོག་མར་དེ་ལ་དགའ་ཞེན་དང་དེར་འཇུག་པའི་བློ་བསྐྱེད་བྱུང་ན་ནི། བྱ་བ་དེ་བདེ་ལེགས་ངང་གྲུབ་པའི་རྒྱུ་ཡིན། སློབ་མ་ཞིག་ཡིན་ན་ཤེས་བྱ་གང་དེ་སྦྱང་འདོད་ཀྱི་འདུན་པ་དྲག་པོ་ཡོད་ན། དེ་ལ་དེ་བསྟུན་གྱི་འབྲས་བུ་ཞིག་ཡོད་པ་སྨོས་མེད་རེད། ཤེས་གསལ་ལྟར། སྐད་ཡིག་སློབ་ཁྲིད་ཀྱིས་སློབ་མའི་ཉན་བཤད་འབྲི་ཀློག་གི་ནུས་པ་འཕེལ་རྒྱས་གཏོང་རྒྱུ་གཙོར་བཟུང་ནས། དཔེ་ཀློག་ལ་བརྟེན་ནས་རང་ཉིད་ཀྱི་སྐད་ཡིག་གི་ཆུ་ཚད་ཇེ་མཐོར་བཏང་ནས་མི་ཆོས་ཀུན་སྤྱོད་དང་བསམ་བློའི་སྒོ་མོ་འབྱེད་དགོས། སུའུ་ཧའོ་མུའུ་ལི་སུ་ཇེས། བྱིས་པའི་རིག་སྒོ་འབྱེད་ཐབས་ནི་གསབ་ཁྲིད་མིན་ལ་ལས་བྱ་མང་པོ་བྲི་རུ་འཇུག་རྒྱུའང་མིན་པར། དཔེ་ཀློག་དང་། དཔེ་ཀློག མུ་མཐུད་དཔེ་ཀློག་བྱ་རྒྱུ་དེའོ་ཞེས་གསུངས་ཡོད་དོ།།

       སློབ་ཁྲིད་ཀྱི་སྦྱོར་དངོས་རྗེས་གསུམ་ལས་རྗེས་ཀྱི་དུས་སྐབས་ནི་བསྐྱར་སྦྱོང་གཙོར་འཛིན་དགོས་པ་དེ་ཡིན། དེ་ཡང་ས་པཎ་ནས། སྨྲས་ཤིང་བསྐུལ་བར་གྱུར་པ་ན།། དུད་འགྲོ་ལ་ཡང་གོ་བ་སྐྱེས།། མ་བསྐུལ་གཞན་གྱིས་མ་སྨྲས་པར།། བསམ་པ་ཤེས་ན་མཁས་པ་ཡིན།། ཞེས་གསུངས་པ་ལྟར། འདི་ནི་རང་སྐུལ་གྱི་སློབ་སྦྱོང་གི་བརྒྱུད་རིམ་ཞིག་ཡིན་པས། སློབ་ཁྲིད་སྐབས་ཀྱི་ནང་དོན་མ་གོ་བ་ཁ་གསབ་བྱེད་དགོས་པ་མ་ཟད། ལྷག་པར་དུ་རྗེ་གུང་ཐང་ཚང་གིས། དཀའ་བས་བསགས་པའི་མང་ཐོས་ནོར་བུ་ཡང་།། བརྗེད་ངས་རྐུན་པོས་དལ་གྱིས་འཇོམས་བྱས་ཏེ།། རིན་ཆེན་གླིང་ནས་སྟོང་བར་ལྡོག་སྲིད་པས།། རྒྱུན་དུ་གོམས་འདྲིས་དྲན་ཤེས་བརྟན་པོ་ཡིས།། གང་ཤེས་བརྗེད་པ་མེད་པར་གསོགས་ཤིག་ཨང་།། ཞེས་གསུངས་པ་ལྟར། དཀའ་བས་བསགས་པའི་ཤེས་བྱ་ཐམས་ཅད་ཡང་ཡང་འབྲི་བ་དང་བློར་འཛིན་པ་སོགས་དྲན་པས་མ་བསྐྱངས་ན། བརྗེད་ངེས་ཀྱི་རྐུན་པོས་འཁྱེར་འགྲོ་བས་ཡང་དང་བསྐྱར་དུ་སྦྱངས་ནས་རྡོ་ལ་རི་མོ་བརྐོས་པ་བཞིན་དུ་ཡིད་ལ་འཇགས་པ་བྱ་དགོས།                                                             

       དེ་ལྟར།   སློབ་ཁྲིད་ཀྱི་གཙོ་གནད་ནི་སློབ་མར་ཤེས་བྱ་བརྒྱུད་སྤྲོད་ཙམ་བྱ་རྒྱུ་དེ་མ་ཡིན་པར། སློབ་མས་ཤེས་བྱ་སྦྱང་བའི་རིག་ལམ་འབྱེད་རྒྱུ་དང་ཡང་ན་བློ་སྒོ་ཕྱེས་རྒྱུ་དེ་ཡིན་པར་སྣང་། སྐད་ཡིག་བསླབ་ཚན་གྱི་ཚད་གཞི་རུ། སློབ་མའི་སྐད་ཡིག་གི་ཡོན་ཚད་སྔར་བས་ཇེ་མཐོར་བཏང་སྟེ། སློབ་མར་སྐད་ཡིག་བཀོལ་སྤྱོད་ཀྱི་ནུས་པ་ཅུང་ཆེན་པོ་ཞིག་དང་། མཛེས་དཔྱོད་ཀྱི་ནུས་པ་དང་འཚོལ་དཔྱད་ཀྱི་ནུས་པ་ངེས་ཅན་ཞིག་ལྡན་དུ་འཇུག་དགོས་ལ། བསམ་བློ་ཀུན་སྤྱོད་ཀྱི་སྤུས་ཀ་དང་ཚན་རིག་རིག་གནས་ཀྱི་སྤུས་ཀ་ལེགས་པོ་ཞིག་ཆགས་པར་བྱས་ནས། མི་ཚེ་གང་བོར་སློབ་སྦྱོང་བྱེད་པ་དང་། རང་རྐྱ་ཐུབ་པའི་འཕེལ་རྒྱས་ཡོང་བར་རྨང་གཞི་འདིང་དགོས་ཞེས་བཀོད་ཡོད་པ་ལྟར། སློབ་ཁྲིད་སློབ་གསོའི་དམིགས་ཡུལ་ཡང་ཤེས་ཡོན་ལྡན་པ་དང་ཀུན་སྤྱོད་ལེགས་པའི་སློབ་མ་སྐྱོང་རྒྱུ་ལས་མ་འདས་པར་འདོད་དོ།།


版权声明:版权归《卡加琼翁综合文学所有,未经允许任何单位或个人不得转载、复制或以任何其他方式使用排版素材与本文全部或部分,侵犯必究。

བདག་དབང་། ངེད་འཕྲིན་སྟེགས་འདིར་བཀོད་ཟིན་པའི་རྩོམ་ཡིག་དང་འཆད་ཁྲིད། རྒྱུ་ཆ་སོགས་གང་ཡིན་ཡང་ཆོག་མཆན་མེད་པར་རྐུ་འཁྱེར་དང་བཤུ་འགོད། ནང་དོན་དང་རྒྱུ་ཆ་སོགས་བཅད་གཏུབ་ཀྱིས་སྤེལ་ན་ཁྲིམས་ལྟར་རྩད་གཅོད་ཡོད།

དོ་ཁུར་གནང་རོགས།

谢谢关注视频号

དཔེ་ ཀློག

དཔེ་ཀློགཤེས་རབ་ཀྱི་མི་ཚེ།

འཆད་ཁྲིད།|བརྩོན་འགྲུས་ཀྱི་སྟོབས།

རྩོམ་རིག|གཞུང་ལུགས་ཀྱི་འཇིངས།


赞赏



 


ཕྲིན་སྟེགས་སུ་ཚོགས་པ་དང་མི་སྒེར་གང་རུང་གི་ཁེ་དབང་ལ་གནོད་པའི་ནང་དོན་ཅན་ཡོད་ཚེ་མྱུར་དུ་འབྲེལ་གཏུགས་བྱོས་དང་དྲྭ་ལམ་ནས་བསུབ་ཆོག 

རྩོམ་པ་བོ་དག་གིས་ཡིད་གཟབ་གནང་རྒྱུ་ཞིག་ལ། སྐུ་ཉིད་ཀྱི་བརྩམས་ཆོས་གང་ཡིན་གཞན་གྱི་འཕྲིན་སྟེགས་སུ་བསྐུར་ཟིན་པ་དག་འདིར་མི་བསྐུར་བར་ཞུ། རྒྱུ་མཚན་བརྩམས་ཆོས་དེ་སྟེགས་བུ་གཅིག་ལ་དབང་ན་ལེགས་པ་དང་དེ་མིན་འགོད་མི་ཐུབ་པའི་དཀའ་ལས་སུ་འཕྲད་པས་དེའི་ལུགས་ལ་ཡིད་འཇགས་འཚལ།



请输入邮箱 2797610002@qq.com


ནང་དོན་འགོད་ལུགས།


༄༅།།ཁྱུང་སྔོན་བོད་ཡིག་རྩོམ་རིག་སྤྱི་སྟེགས་ནི་བོད་ཀྱི་རྩོམ་པ་པོའི་དཔུང་སྡེའི་ཐུན་མོང་ལ་དབང་བའི་སྣ་འཛོམས་རང་བཞིན་ཅན་གྱི་དྲ་ལམ་རྩོམ་ཡིག་སྤེལ་སའི་སྡིངས་ཆ་ཞིག་ཡིན།དེར་དཔྱད་རྩོམ་དང་འབོལ་རྩོམ་ལྷུག་རྩོམ་སྙན་ངག  འཆད་ཁྲིད།  གླུ་གཞས་དང་གྱེར་འདོན། ཡིག་གཟུགས་དང་དེབ་འཕྲིན་སོགས་འགོད་ཀྱིན་ཡོད་པས་ཁྱེད་ཅག་གིས་རྩོམ་ཡིག་སྤུས་གང་དག་རེ་བསྐུར་གནང་ཡོང་བར་ཞུ། 

琼翁藏文文学平台是属于整个藏族作家的一种多样性的文学平台,在这里你可以阅读到论文、散文、诗歌、随笔、书法及书信;还可以聆听到讲座、歌曲、朗诵。这里无奇不有,应有尽有。也欢迎各位作家前来投稿!



卡加琼翁综合文学网
ནང་དོན། [རྩོམ། འཆད་ཁྲིད། གཏམ་བཤད། གྱེར་འདོན། ཡིག་གཟུཊ།] སྐུ་ཉིད་ཁྱུང་སྔོན་རྩོམ་རིག་སྤྱི་སྟེགས་སུ་འབྱོན་པར་དགའ་བསུ་ཞུ།
 最新文章