རྣམ་འགྲེལ་རིགས་ལམ།
རིགས་གཞུང་རྒྱ་མཚོའི་ལྷན་དུ་ཚད་མའི་བསྐྱར་ཞིབ།
ཇ་ཤུལ་ཤེས་རབ་སེང་གེ།
ཐོག་མའི་ཞུ་མཆིད།
“རྣམ་འགྲེལ་རིགས་ལམ”ཟེར་བ་ནི་དེ་ག་ཙམ་གྱི་གླེང་ཐུབ་པ་ཞིག་མིན་ཡང་སྲིད་ལ། ཐ་སྙད་འདི་ལྟར་འདོགས་པའང་གནད་མ་ཟིན་པ་དང་། བཏགས་ནོར་ཐེབས་པ། བརྗོད་བྱ་དང་བརྗོད་བྱེད་འབྲེལ་མ་ཆགས་པ་ཡང་ཡིན་སྲིད་དེ། རྨོངས་འཆར་གྱི་དཔྱད་པ་ལ་ཅི་ཡང་འབྱུང་སྲིད་པས་སོ། ། དེ་ལྟར་ནའང་བག་ཁུམས་དང་ཉམས་ཆུང་གིས་འདུག་པས་ཅི་ཞིག་ཕན་ཨང་། གང་ཞིག་འདུལ་བའི་ཕྱིར་དུ་བྱས་པ་མིན་ལ། གཞན་ཞིག་འདྲེན་བའི་ཆེད་དུ་བྲིས་པ་མིན་ཡང་། དབྱངས་གསལ་གྱི་སྙིང་དཀྱིལ་ན་འཁྱིལ་བའི་ཆོས་རིགས་ཀྱི་ཆབ་ལ་ངོམས་མེད་དུ་ཞུགས་པ་འདོད་པའི་ངར་སེམས་ཀྱིས། རྩོམ་འཆད་རྩོད་པའི་ལས་སུ་ཡུན་དུ་ཞུགས།
ཤེས་རབ་ཀྱི་རྒྱུན་སྲོལ་མི་ལོ་སྟོང་ཕྲག་ལ་སྲིང་ཡོང་བའི་ནང་རིགས་པའི་གཞུང་ལུགས་སུ། གཞི་དངོས་པོའི་གནས་ལུགས་ལ་དཔྱད་པའི་ཐབས་ཚུལ་ལམ་རིགས་ལམ་གྲལ་རྒྱས་ཕུན་ཚོགས་སུ་གསལ་བ་མངོན་པ་འདི་ཡིན་ལ། དེ་ཡང་དཔྱད་ཞིབ་ཀྱི་རྩལ་རབ་ཏུ་ཡངས་པའི་མནའ་དེང་སུ་ཞིག་གི་སྨྲ་ལྕེ་ལ་སྦྱར་རུང་། བརྗིད་ཏིག་ཏིག་གི་རིག་པའི་ལྕི་ཚད་ཞིག་མངོན་ཡོང་བ་ལས། ཡང་སུད་སུད་ཀྱི་སྟོང་གཏམ་ཝུ་བ་ཞིག་མིན་པར་གཟུ་གནས་ཀྱི་རིག་པ་སྨྲ་བ་ཞིག་ཡིན་ན་གསལ་ལེར་ཡོད་དོ། །
ད་ཚོད་གཅིག་ལ་རབ་ཏུ་རྙིང་པའི་ཕྱིར་གོས་ཧྲུལ་བཞིན་དོར་བ་འདོད་དོ་ཞེས་བསམ་ཞིང་སྨྲ་བའི་སྡེ་ཡང་སྲིད་མོད། དེ་ནི་རིག་རྩལ་མ་བྱང་པའི་སྒེར་གྱི་མོས་ཕྱོགས་ཙམ་དུ་ངེས་པས་ཡིད་རྟོན་ཅི། འགྲོས་གཙང་། གཏིང་ཟབ། དཔྱད་ཞིབ་བཟང་། མཁས་པ་བརྒྱ་ཕྲག་དུ་མའི་ཤེས་རབ་ཀྱི་འོད་ཟེར་ལམ་ལམ་དུ་འཚེར་བའི“རྣམ་འགྲེལ་གྱི་རིགས་ལམ”ཞེས་པ་འདི་གླེང་བ་ལ། གཏིང་མི་དཔོག་ཀྱང་སྤྲོ་བ་བརྟན་ལ། དཔྱད་རྩལ་ཡོངས་སུ་མ་རྫོགས་ཀྱང་འདྲིས་པའི་ལོ་ཟླ་རིང་བས། དགའ་སྤྲོ་ཟུང་འཇུག་གིས་བགྱི་བ་ལྷུ་རུ་བླངས་པའོ། །
རྣམ་འགྲེལ་རིགས་ལམ་གྱི་གཞུང་ལུགས།
ཚད་མ་རྣམ་འགྲེལ་གྱི་ལེའུ་མཐོ་ཐ་བར་གསུམ་དུ་རྣམ་འགྲེལ་རིགས་ལམ་གྱི་ཆ་གང་མང་ཞིག་མངོན་པ་ནི་སྨོན་ཅི་དགོས། འོན་ཀྱང་གང་ཞིག་སྒྲུབ་ཆེད་དུ་བཀོད་པ་ཙམ་མིན་པར། རྩལ་དུ་བཏོན་ནས་རིགས་ལམ་རང་གི་རྣམ་བཞག ངོ་བོ། དབྱེ་བ། མཚན་ཉིད་དང་བཅས་པ་ཞིབ་པར་བཀོད་པ་ནི་རང་དོན་ལེའུ་འདི་ཡིན་ལ། དེ་ལས་ཀྱང་། ཕྱོགས་ཆོས་དེ་ཆས་ཁྱབ་པ་ཡི། །གཏན་ཚིགས་དེ་ནི་རྣམ་གསུམ་ཉིད། །མེད་ན་མི་འབྱུང་ངེས་ཕྱིར་རོ། །གཏན་ཚིགས་ལྟར་སྣང་དེ་ལས་གཞན། ། ཞེས་པ་ནས། དེ་ལྟར་མི་དམིགས་འདི་རྣམ་གསུམ། །བཤད་ཀྱང་རྣམ་པ་དུ་མ་སྟེ། །དེ་དང་དེ་འགལ་ལ་སོགས་པ། །མ་རྟོགས་རྟོགས་དབྱེའི་སྦྱོར་སྒོ་ནས། ། ཞེ་པའི་བར་གྱི་ཤླཽ་ཀ་དང་པོ་སུམ་ཅུས་རྣམ་འགྲེལ་རིགས་ལམ་གྱི་རྣམ་བཞག་ཞིབ་པར་སྟོན་མཛད་པ་ཡིན། དེ་འཕྲོའི་རང་ལེའུའི་ལྷག་མ་ནི། ཡིན་པ་རྣམ་འགྲེལ་རིགས་ལམ་དཔྱད་པ་འདི་ལས་འཕྲོས་པ་ཡིན་ནའང་། འཕྲོས་ཀྱིན་འཕྲོས་ཀྱིན་བརྗོད་དོན་གཞན་ཞིག་ཏེ། རྣམ་འགྲེལ་རིགས་ལམ་གྱི་ངོ་བོ་དང་དབྱེ་བ། རྣམ་བཞག་བཅས་ལ་དཔྱད་པར་མ་ཡིན་པར། སྒྲ་བློ་ཡུལ་ལ་འཇུག་ཚུལ་དང་། ཡུལ་གྱི་ངོ་བོ་ངོས་བཟུང་སོགས་བརྗོད་བྱ་གཙོ་བོར་བྱས་པ་ཉིད་དོ། ། གཞན་ལེ་ནི་རྣམ་འགྲེལ་རིགས་ལམ་གྱི་ཆ་ལག་ཉུང་ཤས་ཤིག་རྩལ་དུ་སྟོན་ནས་བཤད་པ་ཞིག་ཡིན་པས། རྣམ་འགྲེལ་རིགས་ལམ་རྣམ་བཞག་ཞིབ་པར་ཤེས་འདོད་མཁན་དག་ལ། ངེས་པར་དུ་དགོས་ངེས་ཀྱི་གཞུང་ཞིག་ཡིན་པ་འདྲ།
རང་ལེའུའི་གཞུང་ཚད་ཀྱི་ཆ་ནས་རིགས་ལམ་གྱི་རྣམ་བཞག་འདི་དང་ཟུར་འཕྲོས་ཀྱི་བཤད་པ་གཉིས་ལས། ཟུར་འཕྲོས་ཀྱི་བཤད་པ་མང་མོད། བརྗོད་བྱའི་གཙོ་གནད་ཀྱི་དབང་དུ་གཏོང་ན། རིགས་ལམ་གྱི་རྣམ་བཞག་འདི་ཉིད་གཙོ་ཆེ་སྟེ། དོན་དང་དོན་མ་ཡིན་པ་རྣམ་པར་འབྱེད་པའི་རྗེས་དཔག་གི་རྟེན་ནི། རྣམ་འགྲེལ་རིགས་ལམ་འདི་ཡིན་པའི་ཕྱིར། དེ་བས་རང་འགྲེལ་ལས། དོན་དང་དོན་མ་ཡིན་པ་རྣམ་པར་འབྱེད་པ་ནི་རྗེས་སུ་དཔག་པ་ལ་བརྟེན་པ་ཡིན་པའི་ཕྱིར་ལ། དེ་ལ་ལོག་པར་རྟོགས་པས་དེ་རྣམ་པར་གཞག་པའི་ཕྱིར་བཤད་པ། ཞེས་གསུང་པའི་ཕྱིར།
རང་ལེའི་རིགས་ལམ་གྱི་རྣམ་བཞག་དང་ཟུར་འཕྲོས་ཀྱི་རྣམ་བཞག་གཉིས་དབྱེ་མཚམས་ཇི་ལྟར་འབྱེད་སྙམ་ན། རྩ་བའི་དབྱེ་མཚམས་ནི་གོང་དུ་སྨོན་པ་ལྟར་ལགས་ལ། འགྲེལ་པའི་དབང་དུ་ན། རིགས་གཞུང་རྒྱ་མཚོའི་ས་བཅད་ཀྱི་མཚམས་ནི། འབྲེལ་བ་ངེས་བྱེད་ཀྱི་ཚད་མ་བཤད་པའི་འགོ་ཡན་ཆད་ནས། བརྟེན་པ་རྗེས་དཔག་བཤད་པའི་ས་བཅད་མིན་པ་ཐམས་ཅད་ནི། རྣམ་འགྲེལ་གྱི་རིགས་ལམ་གྱི་རྣམ་བཞག་སྟོན་པ་ཡིན་ཏེ། དེ་དག་གིས་རྟགས་དང་རྒྱུ་མཚན་གྱི་རྣམ་བཞག སྒྲུབ་བྱེད་ཡང་དག་དང་ལྟར་སྣང་གི་ཁྱད་པ་སོགས་རིག་པའི་འགྲོ་སྟངས་ཉིད་རྩལ་དུ་གཏོན་ནས་འཆད་པ་ཡིན་གྱི། གཞི་ཡུལ་གྱི་གནས་ཚུལ། དེ་རང་སྤྱིའི་ཁྱད་པར་སོགས་འཆད་པ་མ་ཡིན་པས་སོ། ། དེ་མན་ཆད་ཀྱི་རང་ལེའི་གཞུང་ཚིག་གིས་སྔ་མ་དང་འབྲེལ་ནས་ཕྱི་མ་འདི་གཙོ་བོར་འཆད་པའི་ཕྱིར་ཟུར་འཕྲོས་ཀྱི་བཤད་པ་ཞེས་བྱའོ། །
ཊཱིཀ་ཆེན་རིགས་པའི་རྒྱ་མཚོ་ལས། ཕྱོགས་ཆོས་ཞེས་སོགས་ཤོ་ལོ་ཀ་གཅིག་སྟེ། དེ་ལ་རྐང་པ་དང་པོས་རྟགས་ཡང་དག་གི་མཚན་ཉིད་དང་། གཏན་ཚིགས་ཞེས་པས་མཚོན་བྱ་དང་། དེ་ནི་རྣམ་གསུམ་ཉིད་ཅེས་པས་དབྱེ་བའི་གྲངས་ངེས་དང་། དེ་ནས་རྐང་པ་གཅིག་གིས་གྲངས་ངེས་པའི་རྒྱུ་མཚན་དང་། རྐང་པ་ཐ་མས་དེ་དག་གི་བཟློག་ཕྱོགས་སྟོན་པར་བྱེད་ཅིང་། ལྷག་མ་རང་དོན་ལེའུའི་མཐའ་དག་གིས་ཤླཽ་ཀ་གཅིག་པོ་འདི་རྒྱས་པར་འཆད་པ་ཡིན་ནོ། ། ཞེས་གསུང་པ་ནི་རིགས་གཞུང་གི་མཐིལ་རྟོགས་པའི་ཤེས་རབ་ཀྱི་གཏམ་བླ་ན་མེད་པ་ཞིག་ཡིན་ནོ། །
རྣམ་འགྲེལ་རིགས་ལམ་གྱི་ངོ་བོ།
“རྣམ་འགྲེལ་གྱི་རིགས་ལམ”ཞེས་བྱ་བ་ནི་སྒྲ་ཡངས་འཇུག་གི་དབང་དུ་ན། བོད་ཀྱི་རིགས་གཞུང་སྨྲ་བ་ཚོས། ཚད་མའི་རིག་གཞུང་ལས་ཁོང་དུ་འཕྱུང་ཏེ། རྟགས་དང་རྒྱུ་མཚན། རྟགས་ཀྱི་མཚན་ཉིད་དང་རྣམ་གྲངས། ཡང་དག་དང་ལྟར་སྣང་གི་དབྱེ་བསྡུ་དང་བཅས་པ་བཤད་པའི་རྟགས་རིགས་ཅེས་བྱ་བ་དེ་དང་། དེ་ལ་རྟེན་ནས་སྐྱེས་པའི་གང་ཟག་སོ་སོའི་རྒྱུས་ཀྱི་རྟགས་དང་རྒྱུ་མཚན་གྱི་རྣམ་བཞག་ཤེས་པའི་ཤེས་རབ་གཉིས་ཀ་ལ་གོ་ཆོག་པ་ཡིན་ལ། སྒྲ་དོགས་འཇུག་གི་དབང་དུ་ན། ཚུལ་གསུམ་སྒྲུབ་ངག་དང་བཅས་པའི་འགྲོ་སྟངས་ལེགས་པར་ཤེས་ཤིང་། དཔྱོད་ཐབས་དེས་གཞི་དངོས་པོའི་གནས་ལུགས་ལ་དཔྱད་པ་ཞུགས་ཐུབ་པའི་ཤེས་རབ་ཁྱད་པར་ཅན་དེ་ལ་གོ་དགོས་པ་ཡིན་ནོ། ། འདིར་སྒྲ་ཡངས་འཇུག་གི་དབང་དུ་བྱས་ཏེ་འཆད་པ་བྱ་སྟེ། རིག་གཞུང་ནས་བྱུང་བའི་རྟགས་དང་རྒྱུ་མཚན་གྱི་རྣམ་བཞག་དེ་ངོ་མ་འཕྲོད་ན། དེ་ལས་རྟེན་པའི་ཤེར་རབ་ཉིད་སྐྱེ་བ་མི་ནུས་པས་སོ། ། “རྣམ་འགྲེལ་གྱི་རིགས་ལམ”ཞེས་པ་ཡང་ན་“ཚད་མའི་རིགས་ལམ”ཞེས་ཀྱང་བྱ་སྟེ། ཐ་སྙད་ཙམ་ལ་རྨོངས་པ་མ་བྱེད་ཅིག །
འོ་ན་དེ་ལྟ་བུའི“རྣམ་འགྲེལ་གྱི་རིག་ལམ”དཔྱད་ཐབས་ཁྱད་པར་ཅན་དེ། ལེའུ་འདིར་ཇི་ལྟར་འཆད་སྙམ་ན། མདོར་བསྡུས་ན། རྩ་བ། ཕྱོགས་ཆོས་དེ་ཆས་ཁྱབ་པ་ཡི། །གཏན་ཚིགས་དེ་ནི་རྣམ་གསུམ་ཉིད། །མེད་ན་མི་འབྱུང་ངེས་ཕྱིར་རོ། །གཏན་ཚིགས་ལྟར་སྣང་དེ་ལས་གཞན། ། ཞེས་གསུང་པ་འདི་ཉིད་ཀྱིས། རིག་ལམ་དེ་ཡོངས་སུ་སྟོན་ཏེ། དེ་ཡང་འདི་ལྟར་སྒྲུབ་བྱེད་ཀྱི་རྟགས་གང་ཡང་རུང་བ་ཞིག་གིས། ཆོས་གང་ཞིག གཞི་གང་ཡང་རུང་བ་ཞིག་ཡིན་པར་བསྒྲུབ་དགོས་པ་ཡིན་ན། རྒྱུ་མཚན་གཙོ་བོ་གསུམ་ཚང་དགོས་པ་བསྟན་པ་ཡིན་ནོ། །
གསུམ་གང་ཞེ་ན། ཆོས་དེ་སྒྲུབ་བྱེད་དེ་ཡིན་པར་རྟོགས་ན། བསྒྲུབ་ཆོས་དེ་ཡིན་པར་རྟོགས་མི་དགོས་ཤིང་། ཆོས་དང་སྒྲུབ་བྱེད་གཉིས་ཐ་དད་ཡིན་དགོས་པ་དང་གཅིག དང་པོ་དེ་གྲུབ་ཐོག སྒྲུབ་བྱེད་དེ་གཞི་དེ་དང་འབྲེལ་བ་གང་ཞིག དེ་གཉིས་ཐ་དད་གཞི་བཞག་ལ། སྒྲུབ་བྱེད་དེ་ཡིན་ན་གཞི་དེ་ཡིན་པས་ཁྱབ་པ་ཡོད་པ་དང་གཉིས། དང་པོ་དེ་གྲུབ་ཐོག སྒྲུབ་བྱེད་དེ་གཞི་དེ་དང་འབྲེལ་བ་གང་ཞིག དེ་གཉིས་ཐ་དད་གཞི་བཞག་ལ། གཞི་དེ་མ་ཡིན་ན་སྒྲུབ་བྱེད་དེ་མ་ཡིན་པས་ཁྱབ་པ་དང་གསུམ་མོ། ། འདི་ལྟར་སྨྲས་པ་ནི་སྒྲུབ་ཚུལ་ཡིན་སྒྲུབ་འགོད་ཚུལ་ཡིན་འགོད་ཉིད་གཞི་བཞག་གོ ། དེ་ལྟའི་རྒྱུ་མཚན་གསུམ་ཚང་བ་མཐོང་ན། ད་གཟོད་ཁྱོད་ཀྱིས་གཞན་ལ་རྒྱུ་མཚན་དེ་སྨྲས་པས་ཆོག་ཅེས་སོ། ། དེའི་མིང་ལ་རིགས་གཞུང་འདིའི་བརྡ་ཆད་ཀྱི་དབང་དུ་ན་ཚུལ་གསུམ་ཚང་བ་ཞེས་བྱའོ། །
རིགས་གཞུང་རྒྱ་མཚོ་ལས། རྗེས་སུ་དཔག་པ་ནི་ཚུལ་གསུམ་པའི་རྟགས་ལས་སྐྱེས་ཞེས་བརྗོད་ན། རྟགས་དེ་ཉིད་ཇི་ལྟ་བུ་ཞེ་ན། ཚུལ་གསུམ་པ་ཅན་གྱི་གཏན་ཚིགས་ནི་རྟགས་ཡང་དག་གི་མཚན་ཉིད་ཡིན་ལ། ཞེས་གསུངས་པའི་དགོངས་པའི་མཐིལ་ནི་འདི་ཉིད་དོ། །
ཁྱོད་ཀྱིས་ཚོར་སྣང་ཙམ་དང་། ཧམ་བཤད་ཙམ་དང་། ཕྱོགས་རེ་ཙམ་དང་། ཕལ་ཆེར་བ་ཟེར་བ་སོགས་ཀྱིས། དགག་སྒྲུབ་ཀྱི་གཏམ་གང་བགྱིས་པ་དག་ཕྱོགས་སུ་ལྷུང་བའི་འུད་གཏམ་ཙམ་ལས། སྒྲུབ་བྱེད་ཡང་དག་དང་། གནས་ལུགས་བདེན་པ་ཡིན་པའི་རྒྱུ་མཚན་ཚད་ལྡན་ཞིག་ནི་མིན་ནོ། ། རྣམ་འགྲེལ་རིགས་ལམ་དུ་གང་ཞིག་རྒྱུ་མཚན་ཚད་ལྡན་ཞིག་ཏུ་སྨྲ་འདོད་ན། དེ་ཉིད་རྒྱུ་མཚན་དུ་འགྲོ་བ་ལ་ཕལ་ཆེར། མང་ཤོས་དང་། བརྒྱ་ཆ་བརྒྱད་ཅུ་དགུ་ཟེར་བ་ཙམ་གྱིས་གཏན་ནས་མི་ཆོག བརྒྱ་ཆ་བརྒྱ་ཡིན་དགོས་པའོ། །
བལྟས་ཚོད་ལ་རྣམ་གྲངས་མང་ལ་ཆ་རྐྱེན་ཆེ་བའི་དཔྱད་ཐབས་འདི། གཞན་དག་ལྟ་ཅི་རིག་པ་སྨྲ་བར་རློམ་པ་དག་གིས་ཀྱང་གཏིང་མི་དཔོག་ལ། ཡིད་ག་ཆད་ཅིང་། རིན་ཐང་མི་མཇལ་མོད། རིགས་པའི་དཔྱད་ཐབས་འདིར་ཞུགས་མ་ཐུབ་པའི་དཔྱད་བརྗོད་རྩོད་གླེང་ལ་ཞུགས་པ་ཀུན་ཀྱང་ཕྱོགས་རེ་མཐོང་མཁན་ཙམ་ཉིད་དོ། །
རྣམ་འགྲེལ་རིགས་ལམ་གྱི་བརྡ་འགྲེལ།
ཕལ་བའི་གཏམ་དུ། ལ་ཕར་ཀའི་ན་མེད་ལོས་ཡོད། དུ་བ་འཕྱུར་གྱིན་འདུག་ཞེས་པ་ལྟ་བུ་ལ། རྣམ་འགྲེལ་བརྡ་ཆད་དུ། དུ་ལྡན་གྱི་ལ་ལ་ཆོས་ཅན། མེ་ཡོད་དེ། དུ་བ་ཡོད་པའི་ཕྱིར་ཞེས་པ་འདི་ཡིན་ལ། དེ་ནི་ཚུལ་གསུམ་ཚང་བའི་གཏམ་ཚིག་ཅེས་བྱའོ། ། “ཚུལ་གསུམ”གང་ཞེ་ན། རྩ་བར། ཕྱོགས་ཆོས་དེ་ཆས་ཁྱབ་པ་ཡི། ། གཏན་ཚིག ཞེས་པ་སྟེ། གང་གི་སྦྱོར་བ་དེ་དཔེ་དུ་བླངས་ཏེ་བཤད་ན། དུ་ལྡན་གྱི་ལ་ནི་ཆོས་ཅན། མེ་ནི་བསྒྲུབ་བྱའི་ཆོས། དུ་བ་ནི་རྟགས་ཞེས་མིང་འདོགས་ལ། རྟགས་ཆོས་དོན་གསུམ་ཞེས་པའང་འདི་གསུམ་ལ་གོ་དགོས། དུ་ལྡན་གྱི་ལ་ལ་དུ་བ་ཡོད་པ་ནི་ཚུལ་དང་པོ་ཕྱོགས་ཆོས་དང་། དུ་བ་མེ་དང་འབྲེལ་ཞིང་དུ་བ་ཡོད་ན་མེད་ཡོད་པས་ངེས་པ་ནི་ཚུལ་གཉིས་པ་རྗེས་ཁྱབ་དང་། དུ་བ་མེ་དང་འབྲེལ་ཞིང་མེ་མེད་ན་དུ་བ་མེད་པར་ངེས་པ་ནི་ཚུལ་གསུམ་པ་ལྡོག་ཁྱབ་སྟེ། དེ་གསུམ་གྲུབ་པ་ལ་ཚུལ་གསུམ་ཚང་བ་ཞེས་ཟེར།
“ཕྱོགས་ཆོས”ནི། དུ་བ་དུ་ལྡན་གྱི་ལ་ཡི་སྟེང་དུ་ཡོད་པ་དང་། ཡོད་པ་ཙམ་དུ་མ་ཟད་ཡོད་པ་ཉིད་ཡིན་པ་དང་། ཡོད་པ་ཉིད་ཡིན་པ་ཙམ་དུ་མ་ཟད་སྐབས་ཀྱི་རྒོལ་བས་ཡོད་པ་ཉིད་དུ་ཚད་མས་ངེས་པའི་ཆ་ནས་བཞག་པའི་རྟགས་ཀྱི་ཚུལ་ལྟ་བུ་ལ་སྨྲའོ། ། རིགས་གཞུང་རྒྱ་མཚོ་ལས། བསྒྲུབ་པར་བྱ་བའི་ཆོས་ཅན་ལ་ཡོད་པ་ཉིད་དུ་ངེས་པ་ནི་ཕྱོགས་ཀྱི་ཆོས་སོ། ། ཞེས་སོ། །
“རྗེས་ཁྱབ”ནི། དུ་བ་དུ་བའི་རྟགས་ཀྱིས་དུ་ལྡན་ལ་ལ་མེ་ཡོད་པར་སྒྲུབ་པའི་མཐུན་ཕྱོགས་ཁོ་ན་ལ་ཡོད་པ་དང་། མཐུན་ཕྱོགས་ཁོ་ན་ལ་ཡོད་པ་ཙམ་དུ་མ་ཟད། སྐབས་ཀྱི་རྒོལ་བ་སྟེ་དུ་བ་མེ་ལ་འབྲེལ་བ་ཤེས་པའི་གང་ཟག་གིས་མཐུན་ཕྱོགས་ཁོ་ན་ལ་ཡོད་པ་ཉིད་དུ་ཚད་མས་ངེས་པའི་ཆ་ནས་བཞག་པའི་རྟགས་ཀྱི་ཚུལ་ལྟ་བུ་ལ་སྨྲའོ། ། རིགས་གཞུང་རྒྱ་མཚོ་ལས། མཐུན་པའི་ཕྱོགས་ཁོ་ན་ལ་ཡོད་པར་ངེས་པ་ནི་ཚུལ་གཉིས་པ་རྗེས་སུ་འགྲོ་བ་ཡིན། ། ཞེས་སོ། །
“ལྡོག་ཁྱབ”ནི། དུ་བ་དུ་བའི་རྟགས་ཀྱིས་དུ་ལྡན་ལ་ལ་མེ་ཡོད་པར་སྒྲུབ་པའི་མི་མཐུན་ཕྱོགས་ལ་མེད་པ་དང་། མེད་པ་ཙམ་དུ་མ་ཟད་མེད་པ་ཉིད་ཡིན་པ་དང་། མེད་ཉིད་ཡིན་པ་ཙམ་དུ་མ་ཟད་སྐབས་ཀྱི་རྒོལ་བ་སྟེ་དུ་བ་མེ་ལ་འབྲེལ་བ་ཤེས་པའི་གང་ཟག་གིས་མི་མཐུན་ཕྱོགས་ལ་མེད་པ་ཡིད་དུ་ངེས་པའི་ཆ་ནས་བཞག་པའི་རྟགས་ཀྱི་ཚུལ་ལྟ་བུ་ལ་སྨྲའོ། ། རིགས་གཞུང་རྒྱ་མཚོ་ལས། མི་མཐུན་པའི་ཕྱོགས་ལ་མེད་པར་ཉིད་དུ་ངེས་པ་ནི་ཚུལ་གསུམ་པ་ལྡོག་པ་ཡིན་ནོ། ། ཞེས་སོ། ། ཚུལ་གསུམ་ཟེར་ན། དུ་བའི་རྟགས་ཀྱི་དུ་ལྡན་ལ་ལ་མེ་ཡོད་པར་སྒྲུབ་པའི་རྟགས་འདི་གཅིག་པུ་ལ་ཟེར་བ་ཡིན་ནམ། རྗེས་ཁྱབ་དུ་བའི་རྟགས་ཀྱི་དུ་ལྡན་ལ་ལ་མེ་ཡོད་པར་སྒྲུབ་པའི་རྗེས་ཁྱབ་ཡིན་ནམ་ཞེས་པ་ལྟ་བུ་ཀླན་ཀ་མི་བྱ་སྟེ། འདི་ནི་གོ་བདེ་བའི་ཕྱིར། རྟགས་སྦྱོར་གཅིག་ཉིད་དཔེ་རུ་བཟུང་ནས་བཤད་པ་ཙམ་ཡིན་ནོ། །
“འབྲེལ་བ”ནི། ཆོས་དེ་ཆོས་གཞན་དེ་དང་ངོ་བོ་གཅིག་ཏུ་གྲུབ་པ་འམ། དེའི་འབྲས་བུ་ཡིན་པ་ལ། ཆོས་གཞན་དེ་མེད་སྟོབས་ཀྱིས་ཆོས་དེ་ཡང་མེད་ངེས་པ་ལ་ཟེར་ཏེ། རིགས་གཞུང་རྒྱ་མཚོར། ཆོས་གང་ཞིག་གང་ལ་མི་འཁྲུལ་བ་དེ་ནི་དེ་ལ་འབྲེལ་བ་ཞེས་བྱ་སྟེ། ཐེ་ཚོམ་མི་ཟ་བར་ངེས་པའི་ཕྱིར་རོ། ། ཞེས་པས་སོ། ། འབྲེལ་བ་འདི་ལ་ནང་སེས་སུ་བདག་གཅིག་པ་དང་རྟེན་བྱུང་འབྲེལ་གཉིས་སུ་དབྱེ་ལ། རྒྱུ་འབྲས་ཀྱི་འབྲེལ་བ་ལ་དེ་བྱུང་དང་། དེ་མིན་གྱི་འབྲེལ་བ་ལ་བདག་གི་འབྲེལ་བས་ཁྱབ་པ་སྟེ། འདི་གཉིས་ལས་གཞན་པའི་འབྲེལ་བ་ནི་ཡོད་པ་མ་ཡིན་ནོ། ། རིགས་གཞུང་རྒྱ་མཚོ་ལས། མི་འཁྲུལ་བའི་འབྲེལ་བ་ནི་གཉིས་ཏེ། བདག་གཅིག་པ་དང་དེ་ལས་བྱུང་བའོ། ། ཞེས་སོ། །
“རྟགས་ལྟར་སྣང”ནི། ཚུལ་གསུམ་མ་ཚང་བ་སྟེ། རྟགས་ཆོས་དོན་གསུམ་དང་ལྡན་པའི་སྦྱོར་བ་དེའི་ཚུལ་གསུམ་པོ་གང་ཡང་རུང་བ་ཞིག་མ་གྲུབ་པ་ལ་ཟེར་ཞིང་། དེ་ཡང་ཞིབ་ཏུ་ཕྱེ་ན། ཚུལ་དང་པོ་མ་གྲུབ་པ་ལ་མ་གྲུབ་པའི་གཏན་ཚིག་དང་། ཚུལ་གཉིས་པ་དང་གསུམ་པ་མ་གྲུབ་པ་ལ་མ་ངེས་པ་དང་འགལ་རྟགས་ཅི་རིགས་སུ་བཤད་དོ། །
“སྒྲུབ་ངག”ནི། སྔར་སྦྱོར་བ་དེའི་བསྒྲུབ་བྱ་རྟོགས་ཤིང་། ཕྱིས་སུ་བརྗེད་ངེས་སུ་སོང་བའི་གང་ཟག་ལ། སྔར་གྱི་དྲན་གསོ་ཆེད་དུ་བརྗོད་པའི་ངག་ཏེ། དཔེ་ན། བྱས་པའི་རྟགས་ཀྱི་སྒྲ་མི་རྟག་པར་སྒྲུབ་པའི་སྒྲུབ་ངག་ལྟ་བུ་ལ་མཚོན་ན། གང་བྱས་ན་མི་རྟག་པས་ཁྱབ། དཔེ་ན་བུམ་པ་བཞིན། སྒྲའང་བྱས་སོ། ། ཞེས་པ་ལྟ་བུ་སྟེ། གཞན་ལའང་རིགས་འགྲེས་ཤེས་པ་བྱའོ། ། འདི་ལའང་ཆོས་མཐུན་སྦྱོར་དང་མི་སྦྱོར་ཞེས་པ་ལྟ་བུ་དབྱེ་བའང་ཡོད་དོ། །
རྣམ་འགྲེལ་རིགས་ལམ་གྱི་དབྱེ་བསྡུ།
རྣམ་འགྲེལ་གྱི་རིགས་ལམ་འདི་མདོར་བསྡུས་ན། དཔྱད་ཐབས་གཞུང་ལུགས་ཀྱི་རྣམ་བཞག་ཞིག་དང་། དེ་ལ་བརྟེན་ནས་སྐྱེས་པའི་གང་ཟག་སོ་སོའི་རྒྱུད་ཀྱི་ཤེས་རབ་སྟེ་གཉིས་ལས། ཕྱི་མ་ཉིད་གཙོ་བོ་ཡིན་ལ་སྔ་མ་ནི་བརྗོད་བྱའི་མིང་བརྗོད་བྱེད་ལ་བཏགས་པའོ། ། འོན་ཏང་སྐབས་འདིར་དཔྱད་པ་བྱ་བ་གཙོ་བོ་ནི་སྔར་མ་ཉིད་ཡིན་པས། དེ་ལ་རྟགས་ཡང་དག་དང་རྟགས་ལྟར་སྣང་གཉིས་སུ་ངེས་སོ། །
རྩ་བར། རྣམ་གསུམ་ཉིད། ། མེད་ན་མི་འབྱུང་ངེས་ཕྱིར་རོ། ། ཞེས་པས་རྟགས་ཡང་དག་གི་དབྱེ་བ་འཆད་པ་སྟེ། རང་འགྲེལ་དུ། དེ་དག་ནི་འབྲས་བུ་དང་། རང་བཞིན་དང་། མི་དམིགས་པའི་མཚན་ཉིད་ཅན་གྱི་གཏན་ཚིགས་གསུམ་ཡིན་ཏེ། དཔེར་ན་དུ་བ་ལས་ནི་འདི་ན་མེ་ཡོད་དོ། །ཤིང་ཤ་པ་ཡིན་པའི་ཕྱིར་འདི་ནི་ཤིང་ཡིན་ནོ། །ཕྱོགས་ཀྱི་ཁྱད་པར་འགའ་ཞིག་ན་བུམ་པ་མེད་དེ། དམིགས་པའི་མཚན་ཉིད་ཀྱིར་གྱུར་པ་མི་དམིགས་པའི་ཕྱིར་རོ་ཞེས་བྱ་བ་ལྟ་བུ་ཡིན་ནོ། ། ཞེས་པ་ལྟར་རོ། ། རྩ་བ། གཏན་ཚིགས་ལྟར་སྣང་དེ་ལས་གཞན། ། ཞེས་པས་རྟགས་ལྟར་སྣང་བསྟན་ཏོ། ། རྒྱུ་ལ་རང་བཞིན་ཇི་སྙེད་ཅིག ཞེས་པ་ནས། མེད་དོན་ཅན་མི་དམིགས་རྣམ་བཞི། ཞེས་པའི་བར་གྱི་ཤླཽ་ཀ་གསུམ་གྱིས་ཡང་དག་གསུམ་གྱི་ངོ་བོ་དང་ནང་བསེས་ཀྱི་དབྱེ་བ་བསྟན་ཏོ། །
དེ་ལ་འབྲས་རྟགས་ཡང་དག་ནི། སྒྲུབ་རྟགས་ཡང་དག་གང་ཞིག་ལ། རྟགས་དེ་བསྒྲུབ་ཆོས་དེ་ལ་དེ་བྱུང་གི་འབྲེལ་བ་གྲུབ་པ་ཞིག་ལ་ཟེར། དཔེ་ན། དུ་བ་དང་ལྡན་པའི་ཤར་གྱི་གཞི་ན་ཆོས་ཅན། མེ་ཡོད་དེ། དུ་བ་ཡོད་པའི་ཕྱིར་ཞེས་པ་ལྟ་བུ་ཡིན། འབྲས་རྟགས་ལ་ནང་བསེས་དུ་མ་ཡོད་པ་ལས། འདིར་དངོས་སུ་རྒྱུ་དངོས་གྲུབ་དང་རྒྱུ་ཆོས་རྗེས་དཔོག་གཉིས་ལས་མི་མངོན། དགག་སྒྲུབ་རྣམ་དབྱེ་རྒྱས་པ་ནི་གཞུང་དག་ཏུ་གསལ་ལོ། ། འདིར་རིགས་གཞུང་རྒྱ་མཚོ་ལས། སྤྱི་དོན་ཞིག་བྱུང་བ་དེ་འབྲས་རྟགས་ཡང་དག་བཤད་པའི་ས་བཅད་འདིའི་ཁོངས་སུ་བསྡུ་མཛད་མོད། དོན་ལ་སྤྱི་དོན་དེ་ནི་རྟགས་ཡང་དག་གསུམ་ཀའི་སྤྱི་དོན་ཡིན་ནོ། ། རང་བཞིན་གྱི་རྟགས་ཡང་དག་ནི། སྒྲུབ་རྟགས་ཡང་དག་གང་ཞིག་ལ། རང་ཉིད་ཀྱི་རྟགས་ཀྱིས་དངོས་ཀྱི་སྒྲུབ་བྱའི་ཆོས་སུ་གཟུང་བྱ་ཡིན་ན་རང་དང་བདག་ཉིད་གཅིག་ཡིན་པས་ཁྱབ་པ་ཞིག་ལ་ཟེར།
དགག་རྟགས་དང་སྒྲུབ་རྟགས་ཞེས་པ་དེ་གང་ཡིན་སྙམ་ན། སྒྲུབ་ཚུལ་ཡོད་སྒྲུབ་དང་ཡིན་སྒྲུབ་གང་རུང་གི་རྟགས་ལ་སྒྲུབ་རྟགས་དང་། སྒྲུབ་ཚུལ་མེད་སྒྲུབ་དང་མིན་སྒྲུབ་གང་རུང་གི་རྟགས་ལ་དགག་རྟགས་ཞེས་བྱའོ། །
མ་དམིགས་པའི་རྟགས་ཡང་དག་ནི། ཚུལ་གསུམ་པ་ཅན་གྱི་དགག་རྟགས་ལ་བྱའོ།། མ་དམིགས་པའི་རྟགས་ལ་ནང་བསེས་དུ་མ་ཡོད་མོད། མ་དམིགས་པའི་སྐོར་ལ་རྣམ་འགྲེལ་དུ་དངོས་སུ་བསྟན་པ་ནི། མི་སྣང་བའི་འབྲེལ་ཟླ་མ་དམིགས་པ་དང་། སྣང་རུང་གི་རང་བཞིན་དང་འགལ་བའི་རང་བཞིན་དམིགས་པ། རང་བཞིན་དང་འགལ་བའི་འབྲས་བུ་དམིགས་པ། སྣང་རུང་གི་རྒྱུ་མ་དམིགས་པ། རང་བཞིན་མ་དམིགས་པ་དང་ལྔ་ཡིན་ལ། དེའི་ཁར་ཤུགས་བསྟན་ཁྱབ་བྱེད་དང་འགལ་བའི་རང་བཞིན་འགལ་དམིགས་དང། ཁྱབ་བྱེད་མ་དམིགས་པ་དང་། རྒྱུ་དང་འགལ་བའི་རང་བཞིན་དམིགས་པ་དང་། རྒྱུ་དང་འགལ་བའི་འབྲས་བུ་དམིགས་པ་བཅས་དགུ་སྟེ།
རྣམ་འགྲེལ་རང་འགྲེལ་ལས། དགག་པའི་ཡུལ་ཅན་གྱི་མི་དམིགས་པ་འདི་ནི་སྦྱོར་བའི་བྱེ་བྲག་གིས་རྣམ་པ་བཞི་ཡིན་ཏེ། འགལ་བ་གྲུབ་པས་ནི་དཔེར་ན་འདི་ནི་གྲང་བའི་རེག་པ་མེད་དེ། མེ་ཡོད་པའི་ཕྱིར་རོ་ཞེས་བྱ་བ་ལྟ་བུའོ། །འདིས་ནི་ཁྱབ་པར་བྱེད་པ་འགལ་བ་གྲུབ་པ་ཡང་བཤད་པར་རིག་པར་བྱ་སྟེ། དཔེར་ན་འདི་ན་བ་མོའི་རེག་པ་མེད་དེ། མེ་ཡོད་པའི་ཕྱིར་རོ་ཞེས་བྱ་བ་ལྟ་བུའོ། །འགལ་བའི་འབྲས་བུ་གྲུབ་པས་ནི། དཔེར་ན་འདི་ན་གྲང་བའི་རིག་པ་མེད་དེ་དུ་བ་ཡོད་པའི་ཕྱིར་རོ་ཞེས་བྱ་བ་ལྟ་བུའོ། །རྒྱུ་མ་གྲུབ་པས་ནི་དཔེར་ན་འདི་ན་དུ་བ་མེད་དེ་མེད་པའི་ཕྱིར་ཞེས་བྱ་བ་ལྟ་བུའོ། །རང་བཞིན་མ་གྲུབ་པས་ནི་དཔེར་ན། འདི་ན་དུ་བ་མེད་དེ་མི་དམིགས་པའི་ཕྱིར་རོ་ཞེས་བྱ་བ་ལྟ་བུའོ། །འདིས་ནི་ཁྱབ་པར་བྱེད་པའི་རང་བཞིན་མ་གྲུབ་པ་ཡང་བཤད་དེ། དཔེར་ན་འདི་ན་ཤིང་ཤ་པ་མེད་དེ་ཤིང་མེད་པའི་ཕྱིར་རོ་ཞེས་བྱ་བ་ལྟ་བུའོ། ། ཞེས་དང་།
རྒྱུ་མཚན་དག་འགལ་བ་ན་ནི་གོ་བར་བྱེད་པ་ཁོ་ན་ཡིན་ཏེ། དཔེར་ན་འདི་ན་བ་སྤུ་ལངས་པ་ལ་སོགས་པའི་ཁྱད་པར་མེད་དེ། མེའི་ཁྱད་པར་ཉེ་བ་ཅན་ཉིད་ཡིན་པའི་ཕྱིར་རོ་ཞེས་བྱ་བ་ལྟ་བུའོ། །འདིས་ནི་དེའི་འབྲས་བུ་ལས་ཀྱང་དེ་དང་འགལ་བའི་འབྲས་བུ་མེད་པར་རྟོགས་པར་བཤད་པ་ཡིན་ཏེ། དཔེར་ན་ཕྱོགས་འདི་ན་བ་སྤུ་ལངས་པ་ལ་སོགས་པ་དང་ལྡན་པའི་སྐྱེས་བུ་ཅན་ཡིན་ཏེ། དུ་བ་ཡོད་པའི་ཕྱིར་རོ་ཞེས་བྱ་བ་ལྟ་བུའོ། །དེ་དང་འགལ་བ་གྲུབ་པ་དེ་ཡང་གོང་དུ་རྒྱུ་མ་གྲུབ་པ་ཁོ་ནས་བསྟན་པ་ཡིན་ནོ། །དེ་ལྟར་ན་མི་དམིགས་པ་འདི་ནི་སྦྱོར་བའི་བྱེ་བྲག་གིས་རྣམ་པ་བརྒྱད་དོ། ། ཞེས་གསུངས་པས་སོ། ། འོ་ན་དྲངས་མ་ཐག་པའི་ལུང་དེས་མི་དམིགས་པའི་གཏན་ཚིག་བརྒྱད་བཅས་འཆད་པ་མིན་ནམ། ཁྱོད་ཀྱི་དགུ་ཞེས་སྨྲས་པ་ནོར་རོ་ཟེར་ན། མིན་ཏེ། ལུང་འདིས་འདི་སྣང་རུང་མི་དམིགས་པ་གཞི་བཞག་ཏུ་གསུངས་ལ། ངས་ནི་སྣང་མི་སྣང་གཉིས་ཀའི་མ་དམིགས་པ་ལ་ཟེར་རོ། །
མ་དམིགས་པའི་རྟགས་ཀྱི་དབྱེ་བསྡུ་རྒྱས་འབྲིང་བསྡུས་གསུམ་ལས་སྟོན་ཚུལ།རང་བཞིན་རྟགས་ཀྱི་ཁྱད་པར་དག་བལྟོས་ཀྱི་ཁྱད་པ། རྒྱུ་ཆོས་རྗེས་དཔོག་གི་འབྲས་རྟགས་ཀྱི་མཚན་གཞི་སོགས་ཀྱི་སྐོར་ནི་ཆོས་རར་འཁྲུག་ཆ་དོད་པའི་བརྩད་མཚན་འགའ་ཡིན་ཡང་། འདིར་ཞིབ་པ་བྲིས་པའི་ངལ་བ་མ་ནུས་སོ། །
སྦྱོར་བ་སྐོར་གཅིག་གི་རྟགས་ལྟར་སྣང་ངམ་རྒྱུ་མཚན་ལོག་པ་དེ་ལ། མ་གྲུབ་པ་དང་། མ་ངེས་པ་དང་། འགལ་རྟགས་ཏེ་རྩ་བའི་དབྱེ་བ་གསུམ་དུ་འདུ་ལ། དང་པོ་མ་གྲུབ་པ་ནི་ཡིན་འགོད་ཀྱི་སྦྱོར་བ་སྐོར་གཅིག་ལ་མཚོན་ན། རྩོད་གཞི་དེ་རྟགས་དེ་མ་ཡིན་ན་མ་གྲུབ་པ་ཡིན་པ་མ་ཟད། རྩོད་གཞི་དེ་རྟགས་དེ་ཡིན་ཡང་། རྩོད་གཞི་དང་རྟགས་གཉིས་ལྡོག་པ་གཅིག་པ་ཡིན་པ། རྟགས་དང་གསལ་བ་གཉིས་ལྡོག་པ་གཅིག་པ་ཡིན་པ། གསལ་བ་དང་རྩོད་གཞི་གཉིས་ལྡོག་པ་གཅིག་པ་ཡིན་པ་ཀུན་ཀྱང་མ་གྲུབ་པའི་རྟགས་ཚིགས་ཡིན། མ་ཚད་སྐབས་ཀྱི་ཕྱི་རྒོལ་གྱིས་བསྒྲུབ་བྱ་རྟོགས་པ་དང་། རྩོད་གཞི་རྟགས་དེ་ཡིན་པར་མ་རྟོགས་པ་བཅས་ཡིན་ཚེ། རྒྱུ་མཚན་ནམ་རྟགས་དེ་སྦྱོར་བ་དེའི་མ་གྲུབ་པའི་རྟགས་སུ་འགྱུར་བ་ཡིན། མ་ངེས་པ་ནི། སྦྱོར་བ་དེའི་ཕྱོགས་ཆོས་གྲུབ་པ་ཙམ་གྱིས་རྟགས་ཡང་དག་ཏུ་འགྲོ་འམ་ཞེ་ན། མི་འགྲོ་སྟེ་ཕྱོགས་ཆོས་གྲུབ་ཐོག་ཏུ་རྟགས་དང་སྒྲུབ་ཆོས་ལ་འབྲེལ་བ་མེད་པ་དང་། རྟགས་དེ་ལ་གསལ་བ་དེ་ཡིན་མིན་གྱི་ཆ་གཉིས་ཡོད་པ་དང་། སྐབས་བབས་ཀྱི་ཕྱི་རྒོལ་གྱིས་རྟགས་ཚུལ་དང་པོ་རྟོགས་ན། སྒྲུབ་བྱ་རྟོགས་པས་ཁྱབ་པ་བཅས་ཡིན་ན། རྒྱུ་མཚན་ནམ་རྟགས་དེ་སྦྱོར་བ་དེའི་མ་ངེས་པ་་པའི་རྟགས་སུ་འགྱུར་བ་ཡིན། འགལ་རྟགས་ནི། སྦྱོར་བ་དེའི་ཕྱོགས་ཆོས་གྲུབ་ཅིང་། རྟགས་དེ་ཡིན་ན་གསལ་བ་དེ་མ་ཡིན་པས་ཁྱབ་ན། རྒྱུ་མཚན་ནམ་རྟགས་དེ་སྦྱོར་བ་དེའི་འགལ་རྟགས་སུ་འགྱུར་བ་ཡིན།
ཡང་དག་གསུམ་གྱི་རྣམ་དབྱེ་འཆད་པའི་འོག་ཏུ་ལྟར་སྣང་གསུམ་ཡང་མདོ་བསྡུས་ཤིང་ངོས་སྦྱོར་བྱས་ན་ཡག་གོ་སྙམ་ཏེ། འདིར་ཞུས་པ་ལས། རྣམ་འགྲེལ་ལྟར་ན་བར་བར་དག་ཏུ་འདིའི་སྐོར་འགའ་ཞིག་མངོན་པས་ལས། འདི་ཉིད་ཆེད་གཏད་ཀྱིས་ངོ་བོ་དབྱེ་བ་དང་བཅས་པར་བཤད་པ་ནི་མེད་དོ། །
རྣམ་འགྲེལ་རིགས་ལམ་གྱི་འཕྲོས་བཤད།
རྩ་བ། དེ་དང་འགལ་བ་ཡི་ནི་རྒྱུ། ། ཞེས་པས་ནས། དེ་ལ་ལྷག་མ་ལྡན་ཞེས་བརྗོད། །ཞེ་བའི་བར་གྱི་ཤླཽ་ཀ་དགུས་འཕྲོས་བཤད་དམ་རྩོད་སྤང་སྐོར་འདི་སྟོན་པ་ཡིན། དེ་ཡང་དཔེ་ན་མ་དམིགས་པའི་སྐབས་སུ། ཤར་ཕྱོགས་ཀྱི་དུ་བ་དྲག་ཏུ་འཕྱུར་བ་ཆོས་ཅན། གྲང་རེག་དང་གནོད་མེད་དུ་ལྷན་ཅིག་ཏུ་མི་གནས་ཏེ། དུ་བ་དྲག་ཏུ་འཕྱུར་བ་ཡིན་པའི་ཕྱིར་ཞེས་པ་ལྟ་བུ་རྟགས་ཡང་དག་ཡིན་ན། བུད་ཤིང་ཀྱང་གྲང་རེག་འགོག་པའི་རྟགས་ཡང་དག་ཡིན་ཏེ། དུ་བ་མེའི་འབྲས་བུ་ཡིན་པས་གྲང་རེད་འགོག་ནུས་ན། བུད་ཤིང་མེའི་རྒྱུ་ཡིན་པས་ཀྱང་གྲང་རེག་འགོག་ནུས་སོ་ཞེ་ན། བུད་ཤིང་གིས་གཞི་དེར་གྲང་རེག་མེད་པ་སྒྲུབ་པ་ནི་རྟགས་ཡང་དག་མིན་ཏེ། རྟགས་དང་དགག་བྱའི་ཆོས་ལ་འགལ་བ་མེད་པའི་ཕྱིར་ཞེས་པ་སྟེ། དོན་དུ་སྐབས་དེའི་རྟགས་ནི་བུད་ཤིང་དང་དགག་བྱའི་ཆོས་ནི་གྲང་རེག་ཡིན་པ་གང་ཞིག དེ་གཉིས་ལྷན་གཅིག་མི་གནས་འགལ་མ་ཡིན་པའི་ཕྱིར་ཞེས་པའི་དོན་ཏེ། ཁྱོད་གཞི་དེར་གྲང་རེག་ཡོད་པ་འགོག་ཅིང་མེད་པར་སྒྲུབ་པའི་རྟགས་ཡང་དག་ཡིན་ན། ཁྱོད་དང་གྲང་རེག་གཉིས་ལྷན་གཅིག་མི་གནས་འགལ་ཡིན་དགོས་པའི་ཕྱིར། དེ་ཡང་རང་འགྲེལ་དུ། རྒྱུ་མཚན་དག་དང་འགལ་ན་ནི་གོ་བར་བྱེད་པ་ཁོ་ན་ཡིན་ཏེ། དཔེར་ན་འདི་ན་བ་སྤུ་ལངས་པ་ལ་སོགས་པའི་ཁྱད་པར་མེད་དེ། མེའི་ཁྱད་པར་ཉེ་བ་ཅན་ཉིད་ཡིན་པའི་ཕྱིར་རོ་ཞེས་བྱ་བ་ལྟ་བུའོ། ། ཞེས་གསུང་པས་སོ། །
ཞིབ་ཏུ་བཤད་ན། གཞི་དེར་གྲང་རེག་མེད་པར་སྒྲུབ་པ་ལ་དུ་བ་རྟགས་སུ་བཀོད་པའི་ཚེ་ནའང་། ཡུལ་དུས་ཁྱད་པ་ལ་སོགས་པ་ལྟོས་ནས་བཀོད་དགོས་པ་ཡིན་གྱི། གཞི་དེར་གྲང་རེག་མེད་དེ། ན་ནིང་དུ་བ་ཡོད་པའི་ཕྱིར། ཤར་ཕྱོགས་ན་གྲང་རེག་མེད་དེ། ལྷོ་ཕྱོགས་ན་དུ་བ་ཡོད་པའི་ཕྱིར། གཞི་དེར་གྲང་རེག་མེད་དེ། དུ་བ་ཡོད་པའི་ཕྱིར། ཞེས་པ་ཀུན་ཀྱང་རྟགས་འཁྲུལ་བ་ཅན་ཡིན་ཏེ། དཔེ་ན་གཞི་དེར་གྲང་རེག་མེད་དེ། མེ་འབྲས་ཐལ་བ་ཡོད་པའི་ཕྱིར་ཞེས་པ་ལྟ་བུའོ། ། དུ་བའི་རྟགས་ཀྱིས་གྲང་རེག་འགོག་པའི་ཚེ། ཡུལ་གྲང་རེག་འགོག་པའི་གཞི་དེར་དུ་བ་དང་ལྡན་པ་ཡིན་པ། དུས་དུ་བ་ཡོད་མྱོང་བ་ཙམ་མ་ཡིན་པར་ད་ལྟ་ལྡན་བཞིན་པ་ཡིན་པར། ཁྱད་པར་དུ་བ་ཡོད་པ་ཙམ་མ་ཡིན་པར། དུ་བ་དྲག་ཏུ་འཕྱུར་བ་ཡོད་པ། རྒོལ་བའི་ཁྱད་པར། ཕྱི་རྒོལ་དེས་དུ་མ་དྲག་ཏུ་འཕྱུར་བ་མངོན་སུམ་གྱིས་མཐོང་ནུས་ཤིང་། དེར་གྲང་རེག་ཡོད་ན་མངོན་སུམ་གྱིས་མཐོང་མི་ནུས་པའི་སྐབས་ཡིན་དགོས་སོ། །
རྟགས་ཡང་དག་ལ་འབྲས་རང་མ་དམིགས་པའི་རྟགས་གསུམ་དུ་ངེས་ཞེས་པ་ལ། འདི་ལྟར་རྒྱུ་ཚོགས་པའི་རྟགས་ལས་འབྲས་བུ་དཔོག་པ་དང་། རོ་ཡིས་གཟུགས་དཔོག་པ་ལྟ་བུ་རྟགས་ཡང་དག་ཡིན་ཡང་། ཡང་དག་གསུམ་པོ་གང་རུང་མིན་ནོ་ཞེ་ན། རྒྱུ་ཚོགས་པས་འབྲས་བུ་སྐྱེ་རུང་ཙམ་དཔོག་པ་ནི་གསུམ་པོ་གང་རུང་མིན་པར་མ་གྲུབ་ཏེ། རང་བཞིན་གྱི་རྟགས་ཡིན་ནོ། ། སྐྱེ་ངེས་དཔོག་པ་ནི་རྟགས་ཡང་དག་མིན་ཏེ། མ་ངེས་པའི་རྟགས་སོ། ། དཔེ་ན། མྱུ་གུ་རྒྱུ་ཚོགས་གྲངས་ཚོགས་དང་ལྡན་པའི་ཤར་གྱི་གཞི་ཆོས་ཅན། མྱུ་གུ་སྐྱེ་ངེས་ཡིན་ཏེ། མྱུ་གུ་རྒྱུ་ཚོགས་གྲངས་ཚོགས་ཡིན་པའི་ཕྱིར་ཞེས་པ་ལྟ་བུ་ནི་ཁྱབ་པ་མ་ངེས་པ་སྟེ། དེ་འདྲའི་རྒྱུ་ཚོགས་གྲངས་ཚོགས་དེས་མྱུ་གུ་སྐྱེ་རུང་ཡིན་ཡང་། རྒྱུ་ལ་གཞན་གྱི་གེགས་བྱས་ན་མི་སྐྱེ་པ་ཡང་སྲིད་པས་སོ།། དངོས་རྒྱུ་ནུས་པ་ཐོག་མེད་ལས་གཞན་པའི་རྒྱུ་གང་ཡིན་ཡང་རང་འབྲས་དེ་སྐྱེ་པ་ལ་གེགས་སྲིད་དེ། དེས་འབྲས་བུ་དེ་སྐྱེ་པ་ལ་ནུས་པ་གོང་འཕེལ་དུ་འགྲོ་དགོས་པ་ཡིན་པའི་ཕྱིར། དེ་ཡང་རང་འགྲེལ་དུ། རྒྱུའི་ཚོགས་པ་དག་ཁོ་ནས་རང་གི་འབྲས་བུ་སྐྱེད་པར་བྱེད་པ་ནི་མ་ཡིན་ནོ་ཏེ། འབྲས་བུ་སྐྱེ་བ་ནི་ཚོགས་པ་ལས་སྐྱེ་བ་ཅན་གྱི་ནུས་པ་རྣམས་ཀྱི་འགྱུར་བ་ལ་ལྟོས་པའི་ཕྱིར་རོ། ། བར་འདིར་གེགས་བྱེད་པ་སྲིད་པའི་ཕྱིར་འབྲས་བུ་རྗེས་སུ་དཔག་པ་མ་ཡིན་ནོ། ། ཞེས་གསུང་སོ། ། ཁ་ནང་གི་བུ་རམ་གོང་བུ་སྟེང་ན་ཆོས་ཅན། བུ་རརོ་སྔ་མས་བུར་གཟུགས་ཕྱི་མ་སྐྱེད་པའི་ནུས་པ་ཡོད་དེ། བུ་རོ་ད་ལྟ་བ་ཡོད་པའི་ཕྱིར་ཞེས་པ་ལྟ་བུ། རོ་ལས་གཟུགས་དཔོག་པའི་རྟགས་ནི་འབྲས་རྟགས་ཡང་དག་ཡིན་ནོ་ཞེས་སོ། །
ཡང་ཕྱོགས་ཆོས་གྲུབ་ཅིང་རྟགས་མི་མཐུན་ཕྱོགས་ལ་མ་མཐོང་ཙམ་གྱིས་རྟགས་ཡང་དག་ཏུ་འགྲོ་བ་དང་། རྒྱུ་མ་ཚོགས་པའི་རྟགས་ལས་འབྲས་བུ་དཔོག་པ་རྟགས་སུ་འདོད་དོ་ཞེ་ན། དེ་ནི་རྟགས་ཡང་དག་ཡིན་པར་མི་འདོད་དེ། ལྷག་ལྡན་གྱི་མ་ངེས་པའི་གཏན་ཚིགས་ཡིན་ནོ་ཞེས་སོ། །
རྣམ་འགྲེལ་རིགས་ལམ་གྱི་ཡན་ལག་རྟགས་ཆོས་ཀྱི་འབྲེལ་བ།
རྟགས་ཆོས་ཀྱི་འབྲེལ་བ་ནི། རྩ་བ། གཏན་ཚིགས་ཀྱི་ནི་ཚུལ་གསུམ་ལའང་། ། ཞེས་པ་ནས། མ་རྟོགས་རྟོགས་དབྱེའི་སྦྱོར་སྒོ་ནས། ། ཞེས་པའི་བར་གྱི་ཤླཽ་ཀ་བཅུ་དྲུག་གིས་བསྟན་ཏོ། །
དེ་ཡང་ཀུན་བཏུས་ལས། གཉིས་ཀ་ལ་རབ་ཏུ་གྲུབ་པ་ནི་སྒྲུབ་པ་ཡིན་ནོ། ། ཞེས་དང་། རྣམ་འགྲེལ་རང་འགྲེལ་ལས། འབྲེལ་བ་མེད་པ་ནི་རྗེས་སུ་འགྲོ་བ་དང་ལྡོག་པ་ངེས་པ་མེད་དེ། དེས་ན་དེ་ཉིད་སྟོན་པར་མཛད་པ་ན་ངེས་པ་བཤད་པ་ཡིན་ནོ། ། ཞེས་པ་སྟེ། ཕྱོགས་ཆོས་གྲུབ་ཅིང་རྟགས་མི་མཐུན་ཕྱོགས་ལ་མ་མཐོང་ཙམ་གྱིས་སྒྲུབ་བྱེད་ཡང་དག་ཡིན་པས་མ་ཁྱབ་ཏེ། སྒྲུབ་བྱེད་ཡང་དག་ཡིན་པར་ལ་ངེས་པར་ཕྱོགས་ཆོས་གྲུབ་པའི་ཐོག་ལ། རྟགས་དང་སྒྲུབ་ཆོས་ལ་འབྲེལ་བ་ཡོད་དགོས་པ་ཡིན་ནོ་ཞེས་པ་ནི་ངེས་དགོས་པའི་གནད་དམ་པ་དེའོ། །
དེ་ཡང་རང་སྡེ་འགས་ཕྱོགས་ཆོས་གྲུབ་ཅིང་རྟགས་མི་མཐུན་ཕྱོགས་ལ་མ་མཐོང་ཙམ་གྱིས་ལྡོག་ཁྱབ་གྲུབ་པ་འདོད་དོ་ཞེ་ན། དེ་ནི་མི་འཐད་ཅེས་རྣམ་འགྲེལ་དུ་ལུང་དྲུག་གིས་བསྒྲུབས་པ་དང་། ཡང་དེ་ལྟར་འདོད་པའི་རང་དང་གཞན་གྱི་སྡེ་བ་གཉིས་ཀ་ལ་མཐུན་མོང་དུ་རིག་པས་དགག་པ་སྟེ། སྐྱུ་རུ་ར་ཐམས་ཅད་ཆོས་ཅན། རོ་ནུས་དང་ལྡན་པར་ཡིན་པར་ཐལ། སྐྱུ་རུ་ར་གཅིག་རོ་ནུས་དང་ལྡན་པ་མཐོང་བའི་ཕྱིར། ཁྱབ་པར་ཐལ་རྟགས་མི་མཐུན་ཕྱོགས་ལ་མ་མཐོང་ཙམ་ཡིན་པའི་ཕྱིར། ཞེས་པའི་སྒོ་ནས་བསྒྲུབས་སོ། ། ཡང་གཞན་སྡེ་མུ་སྟེགས་པ་ལྟ་བུས། ཕྱོགས་ཆོས་གྲུབ་ཅིང་རྟགས་མི་མཐུན་ཕྱོགས་ལ་མ་མཐོང་བ་ཙམ་གྱིས་མེད་ངེས་སུ་སྒྲུབ་ནུས་སྙམ་ན། དེ་ནི་མི་འཐད་དེ། འོ་མའི་དུས་ལ་ཞོ་མ་མཐོང་བ་དེ། འོ་མའི་དུས་སུ་ཞོ་མེད་པར་རབ་ཏུ་སྒྲུབ་བྱེད་ཡང་དག་མ་ཡིན་པའི་ཕྱིར། ཞེས་པ་སྟེ་ཁྱེད་ཅག་གི་ལུགས་ལའང་སྒྲུབ་བྱེད་ཡང་དག་མིན་པའི་ཕྱིར་རོ། ། ཞེས་སོ། །
བྱས་མ་མི་རྟག་པར་འབྲེལ་བ་དང་། དུ་བ་མེར་འབྲེལ་བའི་སྟོབས་ཀྱིས། མི་རྟག་པ་ལྡོག་ན་བྱས་པ་དང་མེ་ལྡོག་ན་དུ་བ་ལྡོག་པ་ཡིན་གྱི། དེ་ལྟར་མིན་ན་ཅིའི་ཕྱིར་ལྡོག་ཏེ། དཔེ་ན། མི་ལྡོག་ན་རྟ་ལྡོག་མི་དགོས་པ་བཞིན་ནོ། ། དེའི་ཕྱིར་བྱས་མི་རྟག་པའི་འབྲེལ་བ་ཤེས་པའི་རྒོལ་བ་དག་ལ་ནི། གནོད་པ་ཅན་གྱི་རིག་པས་མཐའ་གཅིག་ཏུ་ལྡོག་ཚུལ་སྒྲུབ་དགོས་པ་མིན་ཏེ། གང་མེ་དང་མི་རྟག་མེད་ན་ན་དུ་བ་དང་བྱས་པ་མེད་པས་ཁྱབ། དཔེ་ན་རྒྱ་མཚོ་དང་ནམ་མཁའ་བཞིན་ཞེས་བརྗོད་པ་ཙམ་གྱིས་ཀྱང་ལྡོག་ཚུལ་གོ་ཐུབ་པ་ཡིན་ནོ། ། རྟགས་ཆོས་ཀྱི་འབྲེལ་བ་ཤེས་ཤིང་ཁྱབ་ཚུལ་གཉིས་དྲན་ལམ་དུ་མེད་པའི་རྒོལ་བ་ལ་ནི། ཁྱབ་ཚུལ་གང་རུང་བརྗོད་པས་དྲན་པ་ཡང་དག་སྐྱེ་བར་འགྱུར་རོ། ། འབྲས་རང་གི་རྟག་ཆོས་ཀྱི་འབྲེལ་བ་ཤེས་པའི་རྒོལ་བ་ལ་རྗེས་འགྲོ་དངོས་སུ་བརྗོད་པས་ལྡོག་པ་ཡང་དྲན་པ་སྐྱེ་བ་དེའི་ཕྱིར། སྒྲུབ་རྟགས་ཀྱི་འབྲེལ་བ་ཤེས་པས་ཀྱང་དགག་རྟགས་ཀྱི་འབྲེལ་བ་ཤུགས་ལ་རྟོགས་ནུས་པ་ཡིན་ནོ། ། འདི་རུ་སྨྲ་བ་མང་ཡང་གནས་སྐབས་དེ་ཙམ་གྱིས་ཆོག་པ་འཛིན་ཏོ། །
རྣམ་འགྲེལ་རིགས་ལམ་གྱི་དགོས་པ།
རྒྱ་ཆེན་གཏིང་ཟབ་ཀྱི་བོད་ཀྱི་ཆོས་རིག་ཟུང་ལ་གཟབས་ནན་སྤུས་དག་ཀྱིས་སློབ་པ་འདོད་པའི་སྐྱེས་བུར། དཔྱད་ཐབས་ཐུས་ཚང་གི་རྣམ་འགྲེལ་རིགས་ལམ་ནི་རབ་ཏུ་ཀུན་ཏུ་མཁོའོ། ། དེ་བས་ན་ནང་བསྟན་རིགས་གཞུང་གི་ཟབ་གནད་ལེགས་པར་རྟོགས་པ་འདོད་པས་ནི། ཅིས་ཀྱང་འདི་ལ་སློབ་པ་ནི་གནད་དམ་པའོ། ། རྣམ་འགྲེལ་རིགས་ལམ་གྱི་ཉིང་དགོས་ཀྱང་དེ་ཉིད་དོ། ། མཁས་པ་ཆེན་པོ་དང་རིག་པ་སྨྲ་བར་རློམ་པའི་འགའ་ཞིག་གིས། བསྡུས་པ་དང་རྣམ་འགྲེལ་གྱི་རིགས་ལམ་ནི་དགོས་མེད་མཁོ་མེད་དུ་སྨྲ་བ་ནི། རང་ཉིད་དེའི་བྱང་ཚད་མེད་པའི་མཚོན་རྟགས་ཙམ་དུ་ངེས་པས་ཡིད་རྟོན་ཅི།
རིགས་གཞུང་སྨྲ་བའི་སྐབས། རིགས་ལམ་འདི་ལྡན་མིན་གྱི་གང་ཟག་གཉིས་ལ། དཔྱད་ཞིབ་ཞིབ་ཚགས་མིན། དཔྱད་སྟངས་སྤུས་གཙང་མིན། བཤད་ཡམས་ཀྱིས་དོན་སྒྲིབ་མི་སྒྲིབ། དབྱེ་མཚམས་གསལ་མི་གསལ། བླུན་གཏམ་མང་མི་མང་བཅས་ཀྱི་ཁྱད་པ་ནི་གནམ་སའོ། །
དཔལ་ནཱ་ལེནྡྲའི་མཁས་གྲུབ་བྱེ་བའི་རིག་པའི་རྒྱ་མཚོ་འཁྱིལ་བའི་བོད་ཀྱི་ནང་པའི་རིགས་གཞུང་གི་དཔྱད་སྟངས་ཕལ་ཆེ་བ་ནི། རིགས་ལམ་འདིས་རྗེས་འགེབས་ཀྱི་དཔྱད་སྟངས་ལས་གཞན་དུ་མེད་ན། མཐོང་རྒྱ་ཆེ་མདོག་གིས། རིགས་ལམ་ལ་སྙིང་མེད་པར་སྨྲ་པའི་ཤུལ་དུ། དེང་གི་དཔྱད་ཐབས་ཡིན་པ་སྐད་དུ“དན་གྲངས”མང་ཉུང་གིས་ནང་རིག་ཞིབ་འཇུག་དགོས་པ་བསྐུལ་བ་དག་ལས་ཅོལ་ཆུང་བ་ཞིག་གང་དུ་ཡོད། སྨིན་པའི་ཤིང་ཏོག་ཕར་ཆེར་དང་ཤིང་སྡོང་གཅིག་ལས་སྐྱེས་པ་མཚུངས་པའི་ཤིང་ཏོག་ལྷག་མ་རྣམས་ཆོས་ཅན། སྨིན་པའི་ཤིང་ཏོག་ཡིན་ཏེ། སྨིན་པའི་ཤིང་ཏོག་ཕར་ཆེར་དང་ཤིང་སྡོང་གཅིག་ལས་སྐྱེས་པ་མཚུངས་པའི་ཕྱིར་ཞེས་པ་ལྟ་བུ། “དན་གྲངས”མང་ཉུང་སྨྲ་བ་ཚོའི་ངོར་སྒྲུབ་བྱེད་ཡང་དག་ཏུ་འདུག་མོད། ངེད་ཅག་གི་རིགས་གཞུང་དུ་ནི་དེ་ཉིད་སྒྲུབ་བྱེད་ལྟར་སྣང་དུ་སྨྲ་བ་བྱེད་དོ། །
མཇུག་བསྡུ་བའི་གཏམ།
གང་ཞིག་ལེགས་ལམ་དུ་དཀྲི་བའི་དགེ་ལས་མིན་ན་ཡང་། རང་སེམས་ཆུང་ཆུང་འདི་གོང་བའི་བྱ་བ་ཞིག དཀའ་སྤྱད་ཀྱི་བྱུང་རབ་སྨྲ་རུ་མེད་ཀྱང་། ལྟ་ཀློག་གི་དབྱིངས་སུ་ཞུགས་པའི་ནམ་ཟླ་མི་ཉུང་། ཀློག་པ་པོ་གཅིག་ཀྱང་མེད་ནའང་ཆོག་ཏེ། རང་དོན་ཉིད་ཀྱི་ཀུན་སློང་གིས་བྱས་པས་སོ། །
སྒེར་གྱི་ཉོབ་གཏམ་ཉུང་ངུ་ཞིག་ཡི་གེའི་རིས་སུ་འདི་ལྟར་བཀོད། ཁ་བ་རི་བའི་ཆོས་རིག་ལ་ཞབས་འདེབས་ཞུ་བ་མ་ནུས་ཀྱང་། དབྱངས་གསལ་སོ་བཞི་ལྷུར་སྒྲིག་འདི་ཙམ་ལ་ནམ་དུ་ཡང་འཇུས་པ་འདི་ཕ་སྐད་མ་ཡིག་ལ་བློ་བ་དཀར་བའི་ཆ་ཞིག་ཡིན་ཡང་སྲིད།
བྱ་བ་གང་ཞིག་ལེགས་པར་གྲུབ་པ་ནི་སྒྲུབ་པོར་ཡིད་ཀྱི་ངལ་གསོ་ཅུང་ཟད་རེ་ཡིན་པ་བཞིན། བདག་ཡིད་ཀྱང་ཅུང་ཟད་སོས། ཤེས་པ་མེད་ཀྱང་སློབ་པ་ལ་མོས་པ་ཡང་གཏིང་ཇེ་ཟབ་ཏུ་གྱུར། དེ་ཡང་རྩོམ་ཆོས་འདིར་བྲིས་པའི་འབྲས་བཟང་ཕྲན་བུ་ཡིན་པ་འདྲ།
གཞུང་ལུགས་ཀྱི་བར་གསེང་ནས་རྙེད་པའི་ཡིག་འབྲུ་འདི་དག གཞན་གྱི་ངོར་སྟོན་རིན་དང་གླེང་རིན་ཡོད་པ་མིན་ཡང་། ཕལ་བའི་སློབ་གཉེར་པའི་མི་ཚེ་ཤུལ་ལམ་ནས་རྙེད་པའི་གཅེས་ནོར་ཆུང་ཆུང་རེ་ཡང་ཡིན་འོས་པས། ཁྲེལ་དགོད་མ་མཛད་ཅིག
འདི་རུ་ལེགས་བྱས་དགེ་བའི་འབྲས་བུ་རྡུལ་ཕྲ་མོའི་ཆ་ཙམ་རེད་མཆིས་སྲིད་ན། བོད་གངས་ཅན་པའི་ཆོས་རིག་ཟབ་རྒྱས་རྒྱ་མཚོ་ཆེན་མོའི་ཀློང་དུ། ཆར་ཆུའི་ཐིག་པ་བཞིན་དུ་ཟག་པར་གྱུར་ཅིག །
༢༠༢༤ / ༩ / ༢༡ / ཉིན།