ང་ཚོ་ཐུན་མོང་ལ་དབང་བའི་རྩོམ་རིག་གི་སྡིངས་ཆ་ཆེན་མོ་ཁྱུང་སྔོན་རྩོམ་རིགས་དྲ་བ།
琼翁文学网 属于我们共同的文学大舞台
国泰民安!世界和平!
树立中华民族共同体意识,坚定文化自信,促进文化繁荣,为民族复兴,国家强盛而不懈努力
—习近平
༄༅།།གངས་རིན་པོ་ཆེའི་གནས་བཤད་བརྗེད་ཐོ་ཤེལ་དཀར་མེ་ལོང་།
ཁ་གྱ་བ་སངས་རྒྱས་དོན་འགྲུབ།
རབ་བྱུང་བཅུ་བདུན་ཤིང་འབྲུག་གྲོ་བཞུན་ཟླར།།
གྲོགས་མཆོག་སངས་རྒྱས་མཚན་ཅན་ཁྱོ་ཤུག་བཅས།།
རིང་ནས་དད་ཅིང་སྨོན་པའི་གངས་ཏི་སེར།།
མཇལ་སྐོར་ཕྱིན་པའི་བསྐལ་བ་ཐོབ་པ་རྨད།།
སྐོར་གསུམ་མངའ་རིས་གངས་དཀར་ཏི་སེ་ཡི།།
སྐོར་བ་གཡས་ནས་ཆོས་སྐོར་ལུགས་བཞིན་དུ།།
སྐོར་ལམ་བརྒྱུད་ཀྱི་གནས་བཤད་མདོར་བསྡུས་རེ།།
སྐོར་མཇལ་ཞུས་པའི་བརྗེད་ཐོ་རིམ་བཞིན་བྲི།།
གངས་རིའི་འདབས་རོལ་དར་ཆེན་གྲོང་ཚོ་རུ།།
མགྲོན་བསུའི་ཞབས་ཞུ་སྲིད་འཛིན་ལས་སྣ་འཛོམས།།
སྲང་ལམ་བཀོད་ལེགས་གཙང་བདེ་མིག་མངས་རིས།།
བོད་རྒྱའི་ཚོང་ཟོག་ལོངས་སྤྱོད་ཅི་འདོད་ཡོད།།
མཇལ་སྐོར་དངོས་ནི་དར་ཆེན་གྲོང་ཚོ་ནས།།
འགོ་ཚུགས་ནུབ་སུ་འཕྲེད་ལམ་རྒྱུ་བ་ན།།
མི་འགྱུར་རྟགས་སུ་མཆོད་རྟེན་རྐང་གཉིས་ཞེས།།
འོག་ཏུ་འཛུལ་ན་བར་ཆད་སེལ་བར་བཤད།།
སྔོན་ཚེ་རྒྱལ་བ་རྒོད་ཚང་ལྷ་ལུང་མདོར།།
ཐུགས་སྨོན་བསྐྱེད་པས་ཕྱག་འཚལ་སྒང་ཞེས་ཡོད།།
གསེར་གཞོང་ཐང་དུ་མངའ་རིས་ཆོས་རྒྱལ་དང་།།
སྤུ་ཧྲེང་ཚོ་དྲུག་བཞེངས་པའི་དར་སྨྱོན་བརྗིད།།
དར་དེར་དགའ་ལྡན་དར་ཆེན་ཞེས་ཀྱང་བྱ།།
རྒྱལ་དབང་ལྔ་བའི་སྐབས་སུ་ལ་དྭགས་ཀྱི།།
རྒྱལ་པོ་སེང་གེ་རྣམ་རྒྱལ་གྲགས་པ་དེས།།
མངའ་རིས་སྐོར་གསུམ་བཙན་གྱིས་བཟུང་བ་ལ།།
དགའ་ལྡན་ཕོ་བྲང་གིས་ནི་དམག་སྤྱི་བ།།
ཚེ་དབང་དཔལ་བཟང་གཏོང་པས་ཕར་རྒོལ་བར།།
མངའ་རིས་སྐོར་གསུམ་བླངས་པའི་དཔའ་རྟགས་སུ།།
བཙུགས་འདི་ལོ་རེའི་བཞི་བར་གསར་རྙིང་བརྗེ།།
དེ་ཡི་གོང་ན་དགྲ་བཅོམ་ལྔ་བརྒྱ་ཡི།།
ཚོགས་གཞོང་ཞེས་པ་ཏི་སེའི་ལྷོ་ནུབ་ཕྱོགས།།
མི་འགྱུར་བ་ཡི་གཟེར་ལ་སངས་རྒྱས་ཀྱི།།
ཞབས་རྗེས་དགྲ་བཅོམ་ལྔ་བརྒྱས་བསྐོར་བ་ཡོད།།
དེ་ཡི་ཡར་ཟུར་ཙམ་གྱི་བྲག་འོག་ཏུ།།
ན་རོ་བོན་ཆུང་བ་ཡི་ཕུག་པ་དང་།།
བྲག་གི་ལྡེབས་སུ་རྗེ་བཙུན་མི་ལ་ཡིས།།
ཞབས་བརྐྱངས་པ་ཡི་ཞབས་རྗེས་གསལ་ཙམ་ཡོད།།
ཕུག་དེའི་འོག་ན་སྨན་ཆུ་ནད་སེལ་ཞེས།།
ཆུ་མིག་དྭངས་གཙང་དལ་གྱིས་འབབ་པ་ཡོད།།
དེའི་སྟེང་མཆོད་རྟེན་ལྟ་བུའི་བྲག་ལ་ནི།།
གནས་བརྟན་བཅུ་དྲུག་རང་བྱོན་བཞུགས་ཞེས་བཤད།།
ཛམ་ནག་ཅེས་པའི་རྫ་རི་ནག་པོ་དེ།།
ཛམ་ལ་ནག་པོའི་ཕོ་བྲང་ཡིན་པར་གྲགས།།
དེ་ཡི་གཡས་ཀྱི་བྲག་ལུང་ཞིག་ཏུ་ན།།
སློབ་དཔོན་སྒྲུབ་ཕུག་སྒྲུབ་ཆུ་ཕྱག་རྗེས་ཡོད།།
བྲག་ལ་རྒྱུད་སྡེ་བཞི་ཡི་ལྷ་ཚོགས་དང་།།
དེའི་རྩེར་སྤྱན་རས་གཟིགས་ཀྱི་གཙོ་འཁོར་གསུམ།།
ཁ་སརྤཎི་རང་བྱོན་བཞུགས་པའི་གཡོན།།
ལྷ་བཙན་ཕོ་བྲང་ཟ་འོག་གུར་ཁང་ཡོད།།
དེ་ཡི་མགུལ་ན་རས་ཆེན་ཕུག་ཅེས་པ།།
རྗེ་བཙུན་མི་ལས་ན་རོ་བོན་ཆུང་བར།།
རྫུ་འཕྲུལ་སྟོན་སླད་ཕ་རི་གྲིབ་རི་ཡི།།
འདབས་སུ་ཞབས་ཟུང་བརྐྱངས་པའི་སྒྲུབ་ཁང་ཡོད།།
དེ་ཡི་ཉེ་འཁོར་རི་རོང་བྲག་གསེབ་ན།།
འབྲུག་པ་བཀའ་བརྒྱུད་པ་ཡི་སྒྲུབ་ཁང་དང་།།
དགོན་ཤུལ་ཡོད་དེ་གཉན་པོ་གཡུ་རྫོང་ཟེར།།
དེང་ཡང་གཉན་རི་གོང་ཞེས་གྱང་གོག་ཡོད།།
ཆོས་སྐུ་དགོན་པའི་རྟེན་གཙོ་རྣམ་གསུམ་ནི།།
སྐུ་རྟེན་འོད་དཔག་མེད་པའི་སྐུ་རང་བྱོན།།
གསུང་རྟེན་པན་ཆེན་ནྰ་རོའི་ཆོས་ཀྱི་དུང་།།
ཐུགས་རྟེན་ཚོགས་ཁྲོ་ཆེན་མོ་ཞེས་པ་ཡོད།།
སྔོན་ཚེ་ནུབ་ཕྱོགས་གར་ཞྭ་མཁའ་འགྲོའི་གླིང་།།
འོ་མའི་མཚོ་ནས་འཕགས་མཆོག་སྤྱན་རས་གཟིགས།།
རང་བྱུང་སྤྲུལ་བའི་སྐུ་ལྔ་འཁྲུངས་པ་ལས།།
ཏི་སེ་ཆོས་སྐུ་འོད་དཔག་མེད་ཅེས་ཡིན།།
ཐུགས་རྗེ་ཆེན་པོའི་རྣམ་སྤྲུལ་རྣལ་འབྱོར་བས།།
གུ་གེའི་ཆོས་རྒྱལ་རྩེ་ལྡེར་ཕུལ་བ་ལ།།
ནམ་ཞིག་ཏི་སེའི་ལྷ་བཙན་རྒྱ་གར་བའི།།
ཛོ་ཀི་བདུན་དུ་སྤྲུལ་ནས་བསོད་སྙོམས་བསླངས།།
དགོན་དེའི་དགེ་འདུན་རྣམས་ཀྱིས་སློང་མོ་ཙམ།།
མ་བྱིན་མ་ཟད་བརྙས་བཅོས་བྱས་པ་ལ།།
ཛོ་ཀི་བདུན་པོ་སྤྱང་ཀི་བདུན་སྤྲུལ་ནས།།
ཆོས་སྐུ་དེ་ཉིད་གཉན་རི་དགོན་པར་དྲངས།།
གུ་གེ་རྣམས་ཀྱིས་ཆོས་སྐུ་རིན་པོ་ཆེ།།
ཡུན་རིང་གར་ཕེབས་མ་ཤེས་རྩད་མ་ཆོད།།
གུ་གེ་ཆོས་རྒྱལ་ཁྲི་གྲགས་བཀྲ་ཤིས་སྐབས།།
ཆོས་སྐུ་ཏི་སེའི་གཉན་རིར་བཞུགས་པ་ཤེས།།
དེ་ནས་གུ་གེའི་དམག་གིས་འདྲེན་པར་བརྩམས།།
ཆོས་སྐུ་ཤིན་ཏུ་ལྕི་བས་མ་ཐེག་པར།།
མགུལ་ནས་པས་དྲུད་ཀྱང་ཛམ་ནག་མན།།
འདྲུད་པར་མ་ནུས་ཐབས་ནི་ཟད་པར་ལུས།།
དེ་ནས་ཆོས་སྐུ་ལྷུ་ཚིགས་དུམ་བུ་ལ།།
བཟོས་ནས་གདན་འདྲེན་སྙམ་ནས་ཞབས་པུས་གཡས།།
ཟོངས་བསྣུན་པ་ལ་ཨ་ཚ་སྡིག་ཅན་ཁྱོད།།
ཅེས་གསུངས་རྡོ་ཡིས་ཁ་གྲགས་ཟེར་ནས་བསྐྱུར།།
ཞག་ཤས་ཕྱིན་ཚེ་དགོན་པའི་མ་བྱན་གྱི།།
རྒད་པོ་ཤིང་འཐུ་བ་ལ་ཕྱོགས་དེར་ཕྱིན།།
མི་རྒན་ཁྱོད་ཀྱིས་ཁོ་བོ་དགོན་པར་སྐྱོལ།།
ཅེས་ལྟར་བལ་བཞིན་ཡང་བས་གཉན་རིར་བསྐྱེལ།།
དེ་ནས་གྱེན་དུ་ཐེག་པར་མ་ནུས་པས།།
ཕྱིས་སུ་དེ་ལ་བརྟེན་ནས་ཆོས་སྐུ་ཡི།།
དགོན་པ་ཕྱག་བཏབ་གནང་བ་ཡིན་ཞེས་པའི།།
ཆོས་སྐུའི་བྱོན་ཚུལ་གནས་བཤད་འདི་འདྲ་གདའ།།
དེ་ཡི་འདབས་སུ་སློབ་དཔོན་པད་འབྱུང་གི།།
སྒྲུབ་གནས་གླང་ཆེན་སྦས་ཕུག་ཅེས་པ་དང་།།
གཡུ་མཚོ་མ་ཕམ་བརྡོལ་བའི་ཆུ་མིག་སོགས།།
ཡར་ཙམ་ཕྱིན་ན་གཉན་རི་རྫ་འཕྲང་ཡོད།།
དེ་ནས་ཚེ་ལྷ་རྣམ་གསུམ་དགུང་ཟུག་འདྲ།།
ཐོག་མར་སྒྲོལ་མ་བར་དུ་ཚེ་དཔག་མེད།།
རྗེས་མ་རྣམ་རྒྱལ་མ་ཡི་ཕོ་བྲང་བཅས།།
ཉེ་བའི་རི་ཕྲན་ལའང་བརྗོད་ཚུལ་མང་།།
གླིང་རྗེ་གེ་སར་རྒྱལ་པོ་གླིང་སྡེ་ཡི།།
ཕ་སྤུན་བདུན་གྱིས་བསྐོར་འདྲའི་ནུབ་ངོས་སུ།།
སྦས་ཕུག་གསང་བ་འབུམ་དགུའི་སྒྲུབ་གནས་ཞེས།།
སྲུང་མ་ཨེ་ཀ་ཛ་ཏེའི་སྒྲུབ་ཁང་ཡོད།།
དེ་ནས་གངས་རིན་པོ་ཆེའི་བྱིན་རླབས་ཞེས།།
འཇའ་ཚོན་སྣ་ལྔའི་ཆུ་རྒྱུན་འབབ་པ་ཡོད།།
མགོན་པོ་རང་བྱོན་མགོན་པོའི་གཏོར་མ་དང་།།
མགོན་གཡག་མགོན་ཁྱི་གྲགས་པའི་བྲག་རི་ཡོད།།
མགོན་པོའི་ཕོ་བྲང་མར་ཟུར་བརྗིད་ཉམས་ཀྱི།།
བྲག་རི་དེ་ལ་སྤྲེའུ་སྤོས་འཛིན་ཟེར།།
དེ་ཡི་ལྡེབས་སུ་བ་དཀར་འོ་མའི་ཆུས།།
འགྲོ་ཀུན་འདོད་འཇོའི་དངོས་གྲུབ་སྩོལ་བཞིན་ཡོད།།
སྤྲེའུ་སྤོས་འཛིན་ཐད་ཀྱི་བྲག་ལྡེབས་སུ།།
གྲུབ་ཆེན་གཉོས་ལྷ་སྣང་གིས་སྤྱན་རས་གཟིགས།།
ཐིམ་པར་གཟིགས་པའི་ཤེལ་གྱི་སྒྲོམ་བུ་འདྲ།།
ངག་སྒྲོས་འགར་ཡང་གེ་སར་ཤོ་མོའང་ཟེར།།
དེ་ཡི་ནུབ་ངོས་སྒྲོལ་མའི་ཕོ་བྲང་ནས།།
བསིལ་ཆབ་རྟ་མཆོག་རྐྱང་པོའི་རྔ་མ་འབབ།།
ཡར་ཙམ་ཚེ་དཔག་མེད་ཀྱི་རི་གཤམ་ནས།།
འབྲུག་མོའི་ཆང་ཟོམ་བྲག་གི་སྦུགས་སུ་འབབ།།
ཕ་བོང་གུར་འདྲའི་འབྲུག་མོའི་ཐབ་རྡོ་དང་།།
མགོན་པོའི་གཏོར་མའི་ཐད་ནས་ཏི་སེ་དང་།།
ཏི་ཆུང་མཇལ་ཞིང་གངས་རིའི་ནུབ་ཕྱོགས་ཀྱི།།
སྨོན་ལམ་རྒྱག་སའི་སྒོ་སྟེ་ཕྱག་འཚལ་སྒང་།།
དེ་དང་ཉེ་བར་འབྲུག་མོའི་འཐག་རྡོ་ཞེས།།
ལམ་གྱི་གཡས་གཡོན་ཕོང་རྒན་གཉིས་སུ་ཡོད།།
ཀླུ་འདུལ་དཔའ་བོ་རྟ་མགྲིན་རང་བྱོན་དང་།།
རྟ་མགྲིན་མགྲོན་ཁང་ངལ་གསོའི་ཆ་རྐྱེན་ཡག།
དེ་ནས་ཡར་ལ་ཅུང་ཟད་སོང་བ་ན།།
ཏི་སེའི་ནུབ་བྱང་མི་འགྱུར་བ་ཡི་གཟེར།།
སྟོན་པ་སངས་རྒྱས་ཞབས་རྗེས་བོལ་ནུབ་མ།།
གངས་ལྡེབས་ཤེལ་འདྲའི་སྒོ་དང་སྒོ་སྲུང་བཞི།།
གཞན་ཡང་ལམ་དུ་རྙིང་མའི་གྲུབ་ཐོབ་པ།།
འབྲོང་སྤྲུལ་རྒྱལ་བའི་མྱུ་གུའི་ཕྱག་མཛུབ་ཀྱིས།།
བཀོད་པའི་ཨ་ལག་ལེགས་པ་ཞིག་ཡོད་ཀྱང་།།
ད་ལྟར་མ་ཎི་བཀོད་ནས་ཨ་མི་མངོན།།
འདི་ཡི་མན་གྱི་ལུང་བ་རིང་མོ་ལ།།
ལྷ་ལུང་ཟེར་ལ་ཆུ་བོར་ལྷ་ཆུ་ཟེར།།
དེ་ནས་གཡས་སུ་བཀྱོག་ན་འབྲོང་ལུང་སྟེ།།
འབྲི་རྭ་དགོན་བཅས་བྱུང་ཚུལ་བརྗོད་པ་ལ།།
རྒོད་ཚང་པ་ཡིས་གནས་སྒོ་འབྱེད་དུས་སུ།།
སེང་གདོང་མ་ཉིད་འབྲོང་འབྲིར་སྤྲུལ་བ་དེ།།
རྡོར་ཐིམ་ཤུལ་དུ་རྭ་རྗེས་བྱུང་བས་ན།།
གནས་འདིར་འབྲི་ཐེམ་འབྲི་རྭ་ཕུག་ཏུ་འབོད།།
རྒོད་ཚང་བ་ཉིད་འབྲི་རྭའི་སྒྲུབ་ཕུག་ནས།།
ཡུན་རིང་སྒྲུབ་ཅིང་སྒོམ་ཆེན་རྒྱུན་མ་ཆད།།
རྟེན་དུ་རྒོད་ཚང་བ་ཡི་དབུ་ཞྭའི་རྗེས།།
དབུ་རྗེས་ཞབས་རྗེས་གསལ་བོ་མཇལ་དུ་ཡོད།།
གྲུབ་ཆེན་སྐྱབས་མགོན་གངས་རི་མཚན་ཅན་གྱིས།།
སྒྲུབ་ཕུག་ཁྱད་འཕགས་དགོངས་ནས་དགོན་གསར་བཞེངས།།
གནས་འཛིན་དཔལ་ལྡན་འབྲུག་པ་བཀའ་བརྒྱུད་ཀྱི།།
ཆོས་རྒྱུད་བཟུང་བར་འབྲི་རྭ་དགོན་དུ་གྲགས།།
རྒྱབ་རི་བསྐལ་བ་སངས་རྒྱས་སྟོང་ཕྲག་གི།
ཕོ་བྲང་ཡིན་ཚུལ་བདེ་མཆོག་གནས་བསྟོད་ལས།།
གངས་དཀར་ཏི་སེ་སེང་གདོང་དཀར་མོ་ཡི།།
སྐུ་ཡི་གནས་ཞེས་གསུངས་པ་འདི་ཡིན་སྐད།།
འབྲི་ཕུག་ཐད་ཀྱི་སྐེད་པར་མི་ཕམ་པ།།
ཡོངས་འདུས་སྒྲུབ་ཁང་ཟུར་ཁང་བྲག་ཅེས་ཡོད།།
དེང་ཡང་ངལ་གསོའི་མགྲོན་ཁང་གྲགས་ཅན་ཏེ།།
གངས་འདབས་དགོན་པའི་གཤམ་བཅས་གྲོང་ལྟར་ཆགས།།
གངས་རིའི་སྐུ་རྒྱབ་མཇལ་ས་གནས་འདི་མཆོག།
གངས་ལ་ཉི་འཕྲོས་ཚེ་ན་གསེར་མདངས་བཀྲ།།
གངས་ངོས་གུ་རུ་ཕག་ཆིབས་སྲིན་མོས་ཁྲིད།།
གངས་ཁྱམས་ཆུ་མིག་དངུལ་བུམ་སོགས་ཀྱང་ཡོད།།
རིགས་གསུམ་མགོན་པོའི་ཕོ་བྲང་ཞེས་པ་ཡི།།
ཐུགས་རྗེ་ཆེན་པོ་སྤྱན་རས་གཟིགས་དབང་དང་།།
འཇམ་དབྱངས་ཕྱག་ན་རྡོ་རྗེའི་གནས་དང་བཅས།།
བྱིན་རླབས་ཅན་གྱི་རི་གསུམ་རིམ་བཞིན་བཞུགས།།
ཏི་སེའི་བྱང་ན་མགོན་པོ་བྱ་རོག་གདོང་།།
ཅན་གྱི་ཕོ་བྲང་དང་ནི་མཁའ་འགྲོ་ཡི།།
སྡེ་ལྔའི་ཞབས་རྗེ་གསལ་བོ་ཡོད་པ་སོགས།།
གནས་བཤད་མང་བ་གནས་དེའི་ཡུལ་མིས་གླེང་།།
འབྲི་ཕུག་དེ་ནས་ཅུང་ཟད་ཡར་ཕྱིན་ན།།
རྒྱལ་བ་རྒོད་ཚང་པ་ཡིས་ལྷ་ལུང་ཕུའི།།
གཞི་བདག་གིས་ནི་ཆོས་གྲོགས་བྱས་པ་ལ།།
གཏང་རག་ཚུལ་དུ་ཆུ་ཁར་གཏོར་མ་གཏོང་།།
དེའི་ཚེ་བྱ་རོག་ཅིག་གིས་གཏོར་མའི་ཐེབ།།
ཁྱེར་བའི་རྗེས་ལ་བྱོན་པས་བྱ་རོག་དེ།།
ཕ་བོང་ཞིག་གི་སྟེང་ན་འདུག་པ་ལ།།
རྒོད་ཚང་ཉེ་སར་བྱོན་ཚེ་བྱ་རྡོར་ཐིམ།།
ཕ་བོང་དེའི་སྟེང་བྱ་རོག་རྗེས་བྱུང་བར།།
བརྟག་པས་མགོན་པོའི་སྤྲུལ་བ་ཡིན་པར་མཁྱེན།།
ཕྱིས་སུ་བྱ་རོག་མགྲོན་ཁང་ཞེས་སུ་གྲགས།།
རྗེས་དེ་ངན་སོང་སྦྱོང་རྒྱུད་གྱེན་དུ་ཡོད།།
དེ་ནས་ཡར་ལ་ཅུང་ཟད་སོང་བ་ན།།
མི་ལའི་ཞབས་རྗེས་གསལ་བའི་རྡོ་ལེབ་ཡོད།།
དེ་ཡི་ལྟག་གི་རྫ་གསེབ་གོང་རོལ་ན།།
བྱང་ཕྱོགས་བསིལ་བ་ཚལ་ཞེས་དུར་ཆེན་ཡོད།།
དེ་ཡི་གོང་གི་སྟེང་ཀར་འབྲི་གུང་བའི།།
རྒྱལ་བ་གཉོས་ལྷ་སྣང་གི་ཞབས་རྗེས་ཡོད།།
མི་ལ་བོན་ཆུང་རྩལ་འགྲན་གྱད་རྡོ་གསུམ།།
གཡས་རི་མཁའ་འགྲོ་སེང་གདོང་ཕོ་བྲང་བརྗིད།།
དེ་ཡི་མགུལ་ན་ལས་ཀྱི་མེ་ལོང་ཞེས།།
བྲག་རྡོ་སྒོར་ཟླུམ་སྒྲིབ་པ་དག་མིན་འཆར།།
བར་དོའི་འཕྲང་ངམ་དཀར་ནག་ལས་བལྟ་ས།།
རྡོ་གཉིས་བར་ལ་བགྲོད་པ་དཀའ་བ་ཡོད།།
དེ་ནས་ཤར་དུ་ལྷ་ལམ་དར་ཐག་ཅེས།།
སྐེད་པར་ཕ་མའི་དྲིན་ལན་མཇལ་ས་དང་།།
རྡོ་དང་མ་ཎི་རང་བྱོན་བཅས་པ་དང་།།
བཤན་པའི་སྡིག་ལག་འཁྲུ་བའི་ཆུ་ཕྲན་ཡོད།།
ཡར་ཙམ་ཕྱིན་ན་ཕ་བོང་ཆེ་ཤས་ཤིག།
འཕྲད་དེ་ལས་ཀྱི་རྟ་ཕོ་ཞེས་པ་དེར།།
གངས་སྐོར་འགྲོ་མིས་བཞོན་པའི་སྲོལ་ཡོད་ལ།།
དེང་ཡང་ཉེ་དུའི་འདྲ་པར་སྦྱར་བ་མཐོང་།།
དེ་ནས་སྐད་གྲགས་ཆེ་བའི་སྒྲོལ་མ་ལའི།།
ཉག་འདི་སྐོར་ལམ་ཡོངས་ལས་ས་ཡི་བབས།།
ཆེས་མཐོ་ཡིན་ཏེ་བསང་གཏོང་དར་འདོགས་དང་།།
རླུང་རྟ་ཕུལ་བཅས་བསྔོ་སྨོན་ཞུ་ས་ཡིན།།
དེ་ཡི་བྱུང་ཚུལ་རྒོད་ཚང་གངས་སྐོར་ནས།།
བསིལ་བ་ཚལ་ནས་སྐོར་ལམ་མ་མཁྱེན་པའི།།
ཚུལ་གྱིས་མཁའ་འགྲོའི་གསང་ལམ་ཕྱོགས་སུ་ནི།།
འགྲོའམ་དགོངས་ཚེ་སྤྱང་སྔོན་ཉེར་གཅིག་བྱུང་།།
ཐུགས་དམ་ངང་ནས་གཟིགས་པས་སྒྲོལ་མ་ཡི།།
སྤྲུལ་བས་ལམ་བསྟན་ལ་མགོར་ཕེབས་པ་ན།།
སྤྱང་ཀི་གཅིག་ལ་གཅིག་ཐིམ་མཐའི་གཅིག་པུ།།
ཕ་བོང་ཐིམ་པས་སྒྲོལ་མ་ལ་ཞེས་གྲགས།།
ཕ་བོང་དེ་ཡི་འཁྲིས་སུ་སྤྱང་ཀིའི་རྗེས།།
ལྡེབས་ལ་སྤྱན་རས་གཟིགས་དབང་རང་བྱོན་དང་།།
ལ་ཡི་ལྡེབས་ན་རྗེ་བཙུན་མི་ལ་ཡི།།
ཞབས་རྗེས་ལ་སོགས་རང་བྱོན་མང་དུ་ཡོད།།
སྒྲོལ་མའི་ཕོ་བྲང་མ་སླེབས་ཙམ་ན་ནི།།
གྲུབ་ཐོབ་ཁམས་སྒར་ཡོངས་དགེ་རིག་འཛིན་གྱི།།
ཞབས་རྗེས་གསལ་ཙམ་ཡོད་ལ་ནོར་བཟང་དང་།།
ཡིད་འཕྲོག་ལྷ་མོའི་ཕོ་བྲང་ཡོད་པར་བཤད།།
ལ་དེའི་གཡོན་དུ་བྱང་ཆུབ་ཆེན་པོ་ཡི།།
མཆོད་རྟེན་དང་ནི་མགོན་པོའི་ཕོ་བྲང་དང་།།
གནོད་སྦྱིན་གང་བ་བཟང་པོའི་ཕོ་བྲང་དང་།།
བོན་གྱི་བླ་མ་བཟོད་པའི་ཞབས་རྗེས་ཡོད།།
དེ་ནས་མར་བབས་ལམ་གྱི་གཡས་ཟུར་ན།།
བཀའ་བརྒྱུད་འཕྲིན་ལས་ཤིང་རྟའི་ཞབས་རྗེས་ཡོད།།
དེ་ནས་རྒྱལ་པོ་རྟ་མགོ་ཅན་གྱི་འཕྲང་།།
ཞེས་པའི་འཕྲེད་ལམ་ཅུང་ཟད་བདེ་པོ་ཡོད།།
དེ་ཡི་གཤམ་དུ་མཁའ་འགྲོ་མ་ཡི་ནི།།
ཁྲུས་ཀྱི་རྫིང་བུར་འབོད་པའི་མཚོ་ཆུང་ཞེས།།
མཚེའུ་འགའ་བཅས་ཞལ་ཁ་མཐོ་དམའ་ལ།།
ལོ་ལེགས་དུས་བདེ་སོགས་ཀྱི་རྟགས་སུ་འཛིན།།
དེ་ཡི་གཡས་ཀྱི་བྲག་རིའི་ལྡེབས་ན་ཡང་།།
མཁའ་འགྲོ་སེང་གདོང་ཅན་དང་ཕྱག་རྡོར་དང་།།
རྟ་མགྲིན་བཅས་དང་ལས་ཀྱི་སྟ་རེའམ།།
རྟ་མགྲིན་ཆིབས་རྟའི་མགོ་བོ་ཡིན་པར་གྲགས།།
ཐུར་དུ་བབས་པའི་མེ་ལོང་སྟེང་ཞེས་ན།།
གེ་སར་ཆིབས་པ་རྐྱང་པོའི་ཞབས་རྗེས་དང་།།
མི་ལས་བོན་ཆུང་ཆོས་སྐོར་འཁྲིད་པའི་ཚེ།།
འཐེན་རེས་མཛད་པའི་ཞབས་རྗེས་བརྒྱད་དགུ་ཡོད།།
གཡོན་དུ་ཡིད་འཕྲོག་མ་ཡི་ཕོ་བྲང་ཞེས།།
བྲག་རི་མཚོན་ཆ་གཟེངས་པ་ལྟ་བུ་ཡོད།།
གཡས་སུ་གཙང་རིས་དཔལ་མགོན་བདུན་ཅུ་ཡི།།
གནས་སམ་ཤལ་མ་རི་ཡི་སྡོང་པོ་ཡོད།།
དེ་ནས་ཐུར་དུ་བབས་པའི་ལ་རྩ་ན།།
གངས་རིའི་བྱང་ཤར་མི་འགྱུར་བ་ཡི་གཟེར།།
སྟོན་པའི་ཞབས་རྗེས་བྲག་ཐོག་མ་དང་ནི།།
མགྲོན་ཁང་ངལ་གསོའི་མཐུན་རྐྱེན་འཛོམས་པོ་ཡོད།།
སེང་ཆེན་རྡོ་ཟམ་ཞེས་པའི་རྫ་འཕྲང་དཀར།།
འགྲོ་མགོན་གཙང་པ་རྒྱ་རས་ཞབས་རྗེས་དང་།།
ཤར་རིར་འབྲུག་ཆེན་གཙང་པ་རྒྱ་རས་ཀྱིས།།
གཟིགས་པའི་རྡོ་རྗེ་ཕག་མོ་རང་བྱོན་ཡོད།།
མཁའ་འགྲོའི་གསང་ལམ་ཐད་ན་ཏི་སེ་ཡི།།
ཤར་ཕྱོགས་སྨོན་ལམ་སྒོ་ཡི་ཕྱག་འཚལ་སྒང་།།
གསང་ལམ་མར་ཟུར་བཀྲ་ཤིས་ཚེ་རིང་གི།།
ཕོ་བྲང་ཡིན་དེར་རྫོང་ལུང་རྫོང་ཆུ་ཟེར།།
དེའི་མན་རི་བོ་གསེར་གྱི་ཁང་བརྩེགས་འདྲར།།
སངས་རྒྱས་སྨན་བླའི་ཕོ་བྲང་གྲགས་པ་ལ།།
སྨན་རིགས་སྣ་ཚོགས་འཁྲུངས་པའི་སྨན་ལུང་དང་།།
སྨན་ཆུ་བདུད་རྩི་ཆུ་མིག་ལྟར་མི་ངོམས།།
རི་དེའི་མགུལ་དུ་འབྲི་གུང་སྒོམ་ཆེན་པ།།
དུ་མའི་སྒྲུབ་ཁང་མཐའ་ཡས་མཇལ་དུ་ཡོད།།
ཆུ་འགྲམ་སྨན་རྡོ་ཁ་དོག་ལྔ་ལྡན་དང་།།
སྨན་ཁུག་ཅེས་པའི་རྫ་རྡོ་གུར་ཆུང་ཙམ།།
བཀྲ་ཤིས་ཚེ་རིང་མ་ཡི་ཕོ་བྲང་གི།།
གྲལ་ན་རི་གཉིས་ཡོད་དེ་གཅིག་ལ་ནི།།
རྒྱལ་པོ་རྣམ་ཐོས་སྲས་ཀྱི་ཕོ་བྲང་དང་།།
བཀྲ་ཤིས་སྒོ་མང་མཆོད་རྟེན་ཞེས་པ་ཡོད།།
དེ་ནས་ཅུང་ཟད་ཕྱིན་པའི་ལམ་གོང་དུ།།
གཙང་སྨྱོན་ཧེ་རུ་ཀ་ཡི་ཞབས་རྗེས་ཡོད།།
གཡོན་ངོས་ཡེ་ཤེས་ཁྱུང་གི་ཕོ་བྲང་ཞེས།།
ལྷོ་ནས་བྱ་ཁྱུང་བལྟ་བའི་ཚུལ་དུ་ཡོད།།
དེ་ལ་གསང་བ་འདུས་པའི་ཕོ་བྲང་དང་།།
ཛམ་སེར་ཛམ་ནག་ཕོ་བྲང་ཞེས་ཀྱང་བྱ།།
བདེ་གཤེགས་མཆོད་རྟེན་བརྒྱད་ཀྱི་བྲག་ལོག་ན།།
རྡོ་རྗེ་ཕག་མོ་མར་ཟུར་སྨན་བླའི་གནས།།
ཀརྨའི་དབུ་ཞྭ་མཐོང་བ་རང་གྲོལ་དང་།།
རྫུ་འཕྲུལ་དགོན་པའི་རྒྱབ་རི་ལྷུན་ཆགས་དེ།།
ལྷ་བཙན་གཟི་ལྡན་དབང་ཕྱུག་ཅེས་པ་ཡི།།
ཏི་སེའི་ཞིང་སྐྱོང་མཆོག་གི་ཕོ་བྲང་ཡིན།།
རི་ལྡེབས་གྲུབ་ཐོབ་གུ་རུ་བརྩེ་ཆེན་གྱིས།།
རྗེ་བཙུན་མི་ལ་རས་པ་སྤྱན་འདྲེན་སྐབས།།
མི་ལས་ཕྱག་མཛུབ་ཀྱིས་ནི་ཨ་ཡི་གཟུགས།།
བརྐོས་པའི་ཕུག་ལ་ཨ་ཕུག་ཟེར་བ་ཡིན།།
སྔོན་དུས་ན་རོ་བོན་ཆུང་བོན་སྐོར་དང་།།
རྗེ་བཙུན་མི་ལ་ཆོས་བསྐོར་བྱོན་པ་ལས།།
ཏི་སེའི་ལྷོ་ཕྱོགས་གནས་འདིར་རྡོ་བཤགས་ནས།།
ཆར་ཡིབ་དབུབ་པས་རྫུ་འཕྲུལ་ཕུག་ཅེས་གྲགས།།
ཕུག་པ་དེ་ལ་བརྟེན་ནས་དགོན་བཏབ་པས།།
རྫུ་འཕྲུལ་དགོན་ཞེས་སྒོམ་ཆེན་རྒྱུན་མ་ཆད།།
རྟེན་དུ་མི་ལའི་སྐུ་བརྙན་མཐོང་གྲོལ་དང་།།
འབྲུག་གི་ཡུམ་པོད་བཅུ་དྲུག་བཅས་པ་བཞུགས།།
དེང་ཡང་དགོན་པའི་གཤམ་དུ་མཇལ་སྐོར་བའི།།
སྐུ་ངལ་གསོ་སའི་མགྲོན་ཁང་ཐོག་བརྩེགས་ཅན།།
བཟའ་བཏུང་ལ་སོགས་མཐུན་རྐྱེན་ལྡན་པས་ན།།
བགྲོད་པའི་ངལ་དུབ་སེལ་བའི་གནས་སུ་སྣང་།།
རྫུ་འཕྲུལ་ཕུག་གི་མར་ཟུར་བྲག་གསེབ་ཏུ།།
ཏི་སེའི་ཤར་ལྷོ་མི་འགྱུར་བ་ཡི་གཟེར།།
སྟོན་པ་སངས་རྒྱས་ཞབས་རྗེས་དཀར་མོ་དང་།།
བྲམ་ཟེ་སྐྱེ་བདུན་གྲུབ་ཆུའི་ཆུ་མིག་ཡོད།།
རྫུ་འཕྲུལ་ཕུག་གི་མར་ཟུར་སྐོར་ལམ་ན།།
སྔོན་ཚེ་གྲུབ་ཐོབ་ཆེན་པོ་ཀུན་དགའ་བོས།།
གངས་སྐོར་ལམ་ནས་རྫོང་ཆུའི་ཕ་རི་ཡི།།
ལྡེབས་སུ་རྡོར་ཕག་རང་བྱོན་གཟིགས་པ་ཡོད།།
སེང་ཆེན་བདུད་འབྲོང་བཏུལ་བའི་ལུས་ཀྱི་ཆ།།
ས་སྐྱ་གོང་མའི་ཞབས་རྗེས་གསལ་བར་ཡོད།།
དགེ་ལྡན་ལྷ་བཅུ་བ་ཡི་མར་ཟུར་ན།།
ལྷ་གཡག་ཏོལ་པོ་དཀར་པོའི་ཞབས་རྗེས་ཡོད།།
བཀའ་བློན་འདན་མ་བདུད་བློན་ངོམ་བདུད་གཉིས།།
འཐབ་པས་ངོམ་གྱིས་འདན་ལ་གྲི་གཡུགས་པས།།
རྡོ་ལ་ཕོག་པས་དུམ་བུར་གཉིས་གཤགས་པའི།།
ཕ་བོང་གས་པོ་སྐོར་ལམ་སྟེང་དུ་ཡོད།།
དེ་ནས་ཅུང་ཟད་ཕྱིན་པའི་ལམ་ཁ་ན།།
མཁའ་འགྲོ་མ་ཡི་བྲོ་ར་ཞེས་པ་ན།།
མཁའ་འགྲོ་སྡེ་ལྔའི་ཞབས་རྗེས་ཁ་ཤས་དང་།།
བྲམ་ཟེ་སྐྱེ་བདུན་སྐུ་ཤའི་རྡོ་སོགས་ཡོད།།
འཕྲང་མགོར་སྤྱན་སྔ་འབྲི་གུང་གླིང་པ་དང་།།
དེ་ཡི་ཆིབས་སྣ་བཀའ་བློན་འདན་མ་ཡི།།
མི་རྟ་གཉིས་དང་མགོན་པོ་རྡོ་རྗེ་ཡི།།
མི་ཁྱི་གཉིས་སོགས་ཞབས་རྗེས་རིམ་བཞིན་ཡོད།།
དེ་ནས་འཛོམས་མདོའི་སྒོ་ཞེས་འཕྲང་དེ་ན།།
ས་རྡོ་ཆུ་སྤོས་སྨན་ཤིང་རྩྭ་སྣ་བཅས།།
གངས་རིའི་བྱིན་རྟེན་འདོད་རྒུ་དཔག་མེད་ཀུན།།
འབྱུང་ཕྱིར་རྫོང་ལུང་མཐུན་རྐྱེན་འཛོམས་པོར་གྲགས།།
དེ་ནས་དར་ཆེན་དར་ཆུང་བར་ལ་ནི།།
ལྗང་ལུང་ཕུ་རི་སྲིན་མོའི་ནུ་མ་ཞེས།།
བྱེ་རི་དམར་པོ་གཉིས་ཀྱི་བར་ན་ཡང་།།
མཛེ་ནད་ཞི་བྱེད་རྡོ་རྗེའི་ཕུག་པ་ཡོད།།
གཞན་ཡང་དར་ཆེན་གྲོང་ནས་ཏི་སེའི་ལྷོའི།།
ཐད་དུ་ཕྱིན་ན་དུག་སྦྲུལ་ཐུར་རྒྱུག་འདྲའི།།
ཟེ་བའི་སྟེང་དུ་རྒྱང་གྲགས་དགོན་པ་ཞེས།།
སྐྱེ་མེད་ཨ་དཀར་རང་བྱོན་སྙིང་བོར་བཞུགས།།
དགོན་དེར་ཐུབ་དབང་གླང་འདུལ་ཆུ་གཉེར་མ།།
ཞེས་པའི་སངས་རྒྱས་ཕྱག་སོར་བཅུ་གཉིས་ཚད།།
ཏི་སེ་གངས་ལ་བཞུགས་པའི་གསུང་བྱོན་པའི།།
ལྷ་སའི་ཇོ་བོར་ཁྱད་མེད་སྐུ་ཉིད་བཞུགས།།
ཁྱད་པར་གངས་དཀར་ཏི་སེ་རིན་པོ་ཆེའི།།
ལྷོ་ཕྱོགས་མི་འགྱུར་བ་ཡི་གཟེར་ལ་ནི།།
སྟོན་པ་སངས་རྒྱས་མཆོག་གི་ཞབས་རྗེས་དང་།།
ཆོས་རྒྱལ་འབྲི་གུང་གླིང་སོགས་ཞབས་རྗེས་ཡོད།།
ཏི་སེའི་མདུན་ཕྱོགས་རྒྱང་གྲགས་དགོན་པ་ཡི།།
ཤར་ན་གྷུ་ཡ་སྒང་གི་གཟིམ་ཁང་ཡོད།།
དེ་ཡི་ཤར་ཕྱོགས་མེ་ལོང་སྟེང་ཞེས་ན།།
འབྲི་གུང་གྲུབ་ཐོབ་ནག་པོའི་སྒྲུབ་ཁང་ཡོད།།
ཞབས་རྗེས་ཞེས་པའི་ལུང་པའི་ཕུའི་རི་རྩེ།།
ཆོས་ཁྲི་བཤམས་པ་ལྟ་བུ་ཡོད་པ་དེ།།
སྟོན་པས་ཀླུ་ཡི་རྒྱལ་པོ་མ་དྲོས་ལ།།
ཆོས་གསུངས་བཞུགས་གནས་ཡིན་ཕྱིར་བཞུགས་ཁྲིར་གྲགས།།
དེའི་འོག་གཡའ་གངས་མཚམས་སུ་སྤྱན་སྔ་བ།།
འབྲི་གུང་གླིང་བའི་སྒྲུབ་ཕུག་སྒྲུབ་ཆུ་དང་།།
འབྲི་གུང་རི་པ་མང་པོའི་སྒྲུབ་ཁང་ཡོད།།
དགོན་པའི་ནུབ་ཕྱོགས་ལ་དེར་ལྷ་དར་སྒང་།།
དེ་ཡི་རྒྱབ་ཀྱི་ལུང་ལ་སེ་ལུང་ཞེས།།
རྡོར་འཛིན་གྲུབ་ཐོབ་བུ་ཆུང་གིས་བཏབ་པའི།།
མགོན་ཁང་གཟིམས་ཁང་བཅས་ཀྱི་དགོན་ཆུང་དེ།།
དུས་ཕྱིས་གཏོར་ཀྱང་བསྐྱར་བཞེངས་སྒྲུབ་སྡེ་བཙུགས།།
སེ་ལུང་རྒྱབ་ཀྱི་བྲག་རིར་ཤེལ་བྲག་ཟེར།།
དེ་ཡི་སྐོར་ལམ་ལྟག་ན་རྟ་མགྲིན་གྱི།།
རང་བྱོན་ཡོད་ལ་བྲག་རི་ཡོད་དོ་ཅོག།
རྒྱལ་སྲིད་སྣ་བདུན་དབྱིབས་སུ་རང་གྲུབ་ཡོད།།
ཤེལ་བྲག་རྒྱབ་ཀྱི་ལུང་བ་ཆུང་ངུ་ལ།།
ཕྱིན་ན་བྲག་ནི་སྒོམ་ཞྭ་འདྲ་བ་ཡི།།
འོག་ཏུ་འབྲི་གུང་སྐྱོབ་པས་ལུང་བསྟན་པའི།།
ལུང་བསྟན་ཕུག་ཅེས་བྱ་བ་དེ་ན་འདུག།
ཤེལ་འདྲའི་མདུན་གྱི་བྲག་གི་འོག་ཏུ་ནི།།
གྲུབ་ཐོབ་སེང་གེ་ཡེ་ཤེས་ལ་སོགས་པའི།།
འབྲི་གུང་སྒོམ་ཆེན་རྣམས་ཀྱི་སྒྲུབ་ཁང་མང་།།
ཀེའུ་ཚང་ཕུག་ཏུ་ཞབས་དཀར་བཞུགས་གནས་ཡོད།།
ཤེལ་བྲག་ཟུར་དུ་དབང་ཕྱུག་བཀའ་སྡོད་པའི།།
སྤྲེའུ་ཧ་ནུ་མན་ཐ་ཞེས་པ་ཡི།།
བྲག་འབུར་སྤྲེའུ་སྤོས་འཛིན་ཞེས་ཀྱང་བྱ།།
དེའི་འོག་གནས་སྒོའི་ལྡེ་མིག་བཏོན་ཤུལ་ཡོད།།
ཤེལ་བྲག་ནང་སྐོར་གྲགས་པའི་ཏི་སེ་ཡི།།
སྐུ་སྐེད་རྡོ་རྗེ་ར་བ་ཟེར་བ་འདིར།།
རྡོར་འཛིན་ཚུལ་ཁྲིམས་མགོན་པོས་སྤྱན་སྔ་བ།།
ཉེར་གཉིས་པོ་ཡི་གསེར་གདུང་བཞེངས་པ་ལས།།
དེ་ཕྱིན་དེ་དང་མཉམ་དུ་འབྲི་གུང་བའི།།
གདུང་རབས་རིམ་བྱོན་གསེར་གདུང་བཞེངས་སྲོལ་བྱུང་།།
ངག་སྒྲོས་གསེར་གདུང་བཅུ་གསུམ་འབོད་ན་ཡང་།།
བཅུ་བདུན་འདུག་པ་འཇིག་སྟེ་བསྐྱར་བཞེངས་བཞིན།།
གསེར་གདུང་མདུན་ངོས་གནས་བརྟན་ཡན་ལག་འབྱུང་།།
ཕོ་བྲང་རིན་ཆེན་སྤུངས་པའི་རི་ཡོད་ལ།།
གཡོན་དུ་དར་དཀར་ཡོལ་འདྲའི་རི་ངོགས་སུ།།
ཡེ་ཤེ་མགོན་པོའི་ལྷ་ཚོགས་བཞུགས་པ་ཡོད།།
དེ་ཡི་མར་ཟུར་མཚོ་ཀ་པ་ལ་ཞེས།།
མཁའ་འགྲོ་གསང་བ་འདུས་ཀྱི་ཁྲུས་མཚེའུ་གཉིས།།
གཅིག་ནི་རཀྟ་ཞེས་པ་སྨུག་པོ་དང་།།
གཅིག་ནི་བདུད་རྩི་ཞེས་པ་འོ་ལྟར་དཀར།།
ཁ་ཅིག་ཆུ་བོ་གངྒྰ་ལྷ་ཡུལ་ནས།།
ཉག་གཅིག་འབབ་པའི་ཐོག་མ་འདི་ཡིན་བཤད།།
དེ་ནས་ཐིགས་ཕྲན་བཞི་གྱུར་ཁ་འབབ་བཞི།།
བྱུང་དང་ས་ཞག་བདུད་རྩི་བྱིན་རྟེན་མཆོག།
ཐུར་ཏུ་ཕྱིན་ཚེ་ཕ་བོང་སྦལ་བ་འདྲའི།།
འོག་ཤོད་གནས་སྒོ་འབྱེད་པའི་ལྡེ་མིག་གི།།
ཤུལ་དང་དེའི་ངོས་བྱ་རོག་འབུར་དོད་ནི།།
ལྷ་དར་སྒང་ཞེས་དཀར་ཆག་རྙིང་བར་གསལ།།
དེ་ལྟར་བདེ་མཆོག་ལྷ་ཚོགས་འདུས་པའི་གཞི།།
སྲིད་པའི་གཙུག་རྒྱན་ཏི་སེའི་སྐོར་ལམ་གྱི།།
རྙེད་དཀའི་བྱིན་རྟེན་ངོ་མཚར་གཏམ་གྱི་འཕྲེང་།།
ཁུངས་དག་མཁས་པའི་གསུང་ལས་བརྐུས་པ་རྫོགས།།
ཞེས་བོད་རབ་བྱུང་བཅུ་བདུན་པའི་ཤིང་འབྲུག་ལོའི་གྲོ་བཞུན་ཟླ་བར་གྲོགས་མཆོག་སྨན་པ་སངས་རྒྱས་ཚེ་རིང་ཁྱོ་ཤུག་དང་རང་གི་བཟའ་ཟླ་དང་བཅས་གངས་རིན་པོ་ཆེར་མཇལ་སྐོར་ཕྱིན་པའི་ཚེ་གནས་བཤད་ཅུང་ཟད་ཤེས་དགོས་པར་སྙམ་ནས་ཆོས་སྐུ་དགོན་པས་བསྒྲིགས་པའི་གངས་མཚོ་གནས་གསུམ་གྱི་ལོ་རྒྱུས་རབ་གསལ་ཤེལ་དཀར་འཕྲེང་བ་ཞེས་བྱ་བ་དང་ཨོའུ་རྒྱ་བློ་བཟང་འཇམ་དཔལ་རྒྱ་མཚོ་ལགས་ཀྱིས་བརྩམས་པའི་གངས་མཚོ་གནས་གསུམ་གྱི་ལམ་ཡིག་དང་གནས་བཤད་ཅེས་བྱ་བ་ལ་མཇལ་བཞིན་ཕྱིན་པ་དང་། རང་གིས་ཀྱང་གནས་དངོས་དང་སྦྱར་ནས་འོས་འཚམ་གྱི་ཟིན་བྲིས་རེ་ཕབ།དེ་ནས་ཕྱིར་ཕ་ཡུལ་དུ་ལོག་རྗེས་གྲོགས་པོ་འགས་ཡང་ཡང་སྐུལ་བར་བརྟེན། ཀུན་གྱིས་ཡིད་ཆེས་གནང་ཆོག་པའི་གོང་གི་གནས་བཤད་དེབ་ཟུང་གི་ནང་དོན་བརྐུས་ཏེ་རྡོ་ཆག་བཙན་བསྒྲིག་གིས་ཚིག་བཅད་ཀྱི་ལུས་སུ་བཀོད་པ་འདི། རང་ཉིད་མཇལ་སྐོར་གྱི་བརྗེད་བྱང་རྗེས་དྲན་ཙམ་དང་། གོང་གི་གནས་བཤད་ཀྱི་དེབ་གཉིས་པོ་ལག་ཏུ་ཆུད་དཀའ་བར་མཐོང་བས་རང་དང་སྐལ་མཉམ་རེ་ཟུང་ལ་ཕན་པ་ཅུང་ཟད་རེ་ཨེ་འབྱུང་སྙམ་པའི་ཀུན་སློང་ཡང་དག་བཅིངས་ནས་རང་བཟོ་སྒྲོ་འདོགས་ཅི་ཡང་མེད་པར་བསྒྲིགས་པ་ཡིན་མོད།འོན་ཀྱང་རང་ལ་རིག་པའི་བློ་རྩལ་ཧ་ཅང་ཞན་སྟབས་ཚིག་དོན་གྱི་གོ་བ་མ་རྟོག་པ་དང་ལོག་པར་རྟོག་པ་འབྱུང་སྲིད་པས་དཔྱོད་ལྡན་རྣམས་ཀྱིས་ཡོ་བསྲང་དག་བཅོས་གནང་བའི་རེ་ཞུ་དང་བཅས།སྨན་པ་འབུམ་རམས་པའི་མིང་ཙམ་འཛིན་པ་ཁ་གྱ་བ་སངས་རྒྱས་དོན་འགྲུབ་བམ་སངས་ལོར་འབོད་པས་བོད་ཤིང་འབྲུག་ལོའི་དབྱུག་པའི་ཟླ་བའི་ཡར་ངོའི་ཚེས་བཟང་སྟེ་སྤྱི་ལོ༢༠༢༤ལོའི་ཟླ་༡༠བར་བླ་བྲང་བཀྲ་ཤིས་འཁྱིལ་བའི་ཉེ་འགྲམ་མཐའ་བ་ཞོལ་མའི་རང་ཤག་ནས་ཕུལ་བ་དགེའོ།།
ཟུར་བཀོད།
༄༅།།ལྷ་ས་ནས་བོད་ལྷོ་ངོས་གཞུང་ལམ་བརྒྱུད་དེ་གངས་སྐོར་ཕེབས་ལམ་གྱི་ས་གནས་
ཆེ་ཤས་དག་གི་མཐོ་ཚད་དང་བར་ཐག
ལྷ་ས་༼མཐོ་ཚད་སྨི་༣༦༥༠༽ནས་གཞིས་ཀ་རྩེའི་བར་ལ་སྤྱི་ལེ༢༧༠ཡོད།
གཞིས་ཀ་རྩེ་༼མཐོ་ཚད་སྨི་༣༨༣༦༽ནས་ལྷ་རྩེ་འི་བར་ལ་སྤྱི་ལེ་༡༥༡ཡོད།
ལྷ་རྩེ་༼མཐོ་ཚད་སྨི་༤༠༡༠༽ནས་ས་དགའི་བར་ལ་སྤྱི་ལེ་༢༩༩ཡོད།
ས་དགའ་༼མཐོ་ཚད་སྨི་༤༥༡༣༽ནས་འབྲོང་པའི་བར་ལ་སྤྱི་ལེ་༡༦༧ཡོད།
འབྲོང་པ་༼མཐོ་ཚད་སྨི་༥༠༠༠༽ནས་དར་ཆེན་གྱི་བར་ལ་སྤྱི་ལེ་༣༣༧ཡོད།
དར་ཆེན་༼མཐོ་ཚད་སྨི་༤༦༧༥༽ནས་ཆོས་སྐུ་དགོན་པའི་བར་ལ་སྤྱི་ལེ་༩ཡོད།
ཆོས་སྐུ་དགོན་པ་༼མཐོ་ཚད་སྨི་༤༦༨༠༽ནས་རྟ་མགྲིན་མགྲོན་ཁང་གི་བར་ལ་སྤྱི་ལེ་༦ཡོད།
རྟ་མགྲིན་མགྲོན་ཁང་༼མཐོ་ཚད་སྨི་༤༩༠༠༽ནས་འབྲི་རྭ་དགོན་པའི་བར་ལ་སྤྱི་ལེ་༥ཡོད།
འབྲི་རྭ་དགོན་པ་༼མཐོ་ཚད་སྨི་༥༢༡༠༽ནས་སྒྲོལ་མ་ལའི་བར་ལ་སྤྱི་ལེ་༦ཡོད།
སྒྲོལ་མ་ལ་༼མཐོ་ཚད་སྨི་༥༦༥༠༽ནས་བྱང་ཤར་མི་འགྱུར་བའི་གཟེར་ཡོད་སའི་བར་ལ་སྤྱི་ལེ་༥ཡོད།
བྱང་ཤར་མི་འགྱུར་བའི་གཟེར་ཡོད་ས་༼མཐོ་ཚད་སྨི་༥༢༤༠༽ནས་རྫུ་འཕྲུལ་དགོན་པའི་བར་ལ་སྤྱི་ལེ་༡༡ཡོད།
རྫུ་འཕྲུལ་དགོན་པ་༼མཐོ་ཚད་སྨི་༤༨༡༠༽ནས་རྫོང་མདོའི་བར་ལ་སྤྱི་ལེ་༦ཡོད།
རྫོང་མདོ་༼མཐོ་ཚད་སྨི་༤༦༨༠༽ནས་དར་ཆེན་གྱི་བར་ལ་སྤྱི་ལེ་༤ཡོད།
དེ་ལྟར་གངས་སྐོར་ཡོངས་ལ་བསྡོམས་པས་སྤྱི་ལེ་༥༢ཡོད།
版权声明:版权归《卡加琼翁综合文学网》所有,未经允许任何单位或个人不得转载、复制或以任何其他方式使用排版素材与本文全部或部分,侵犯必究。
བདག་དབང་། ངེད་འཕྲིན་སྟེགས་འདིར་བཀོད་ཟིན་པའི་རྩོམ་ཡིག་དང་འཆད་ཁྲིད། རྒྱུ་ཆ་སོགས་གང་ཡིན་ཡང་ཆོག་མཆན་མེད་པར་རྐུ་འཁྱེར་དང་བཤུ་འགོད། ནང་དོན་དང་རྒྱུ་ཆ་སོགས་བཅད་གཏུབ་ཀྱིས་སྤེལ་ན་ཁྲིམས་ལྟར་རྩད་གཅོད་ཡོད།
དོ་ཁུར་གནང་རོགས།
谢谢关注视频号
དཔེ་ ཀློག
དཔེ་ཀློག| ཤེས་རབ་ཀྱི་མི་ཚེ།
འཆད་ཁྲིད།|བརྩོན་འགྲུས་ཀྱི་སྟོབས།
རྩོམ་རིག|གཞུང་ལུགས་ཀྱི་འཇིངས།
赞赏
འཕྲིན་སྟེགས་སུ་ཚོགས་པ་དང་མི་སྒེར་གང་རུང་གི་ཁེ་དབང་ལ་གནོད་པའི་ནང་དོན་ཅན་ཡོད་ཚེ་མྱུར་དུ་འབྲེལ་གཏུགས་བྱོས་དང་དྲྭ་ལམ་ནས་བསུབ་ཆོག
རྩོམ་པ་བོ་དག་གིས་ཡིད་གཟབ་གནང་རྒྱུ་ཞིག་ལ། སྐུ་ཉིད་ཀྱི་བརྩམས་ཆོས་གང་ཡིན་གཞན་གྱི་འཕྲིན་སྟེགས་སུ་བསྐུར་ཟིན་པ་དག་འདིར་མི་བསྐུར་བར་ཞུ། རྒྱུ་མཚན་བརྩམས་ཆོས་དེ་སྟེགས་བུ་གཅིག་ལ་དབང་ན་ལེགས་པ་དང་དེ་མིན་འགོད་མི་ཐུབ་པའི་དཀའ་ལས་སུ་འཕྲད་པས་དེའི་ལུགས་ལ་ཡིད་འཇགས་འཚལ།
ནང་དོན་འགོད་ལུགས།
༄༅།།ཁྱུང་སྔོན་བོད་ཡིག་རྩོམ་རིག་སྤྱི་སྟེགས་ནི་བོད་ཀྱི་རྩོམ་པ་པོའི་དཔུང་སྡེའི་ཐུན་མོང་ལ་དབང་བའི་སྣ་འཛོམས་རང་བཞིན་ཅན་གྱི་དྲ་ལམ་རྩོམ་ཡིག་སྤེལ་སའི་སྡིངས་ཆ་ཞིག་ཡིན།དེར་དཔྱད་རྩོམ་དང་འབོལ་རྩོམ་ལྷུག་རྩོམ་སྙན་ངག འཆད་ཁྲིད། གླུ་གཞས་དང་གྱེར་འདོན། ཡིག་གཟུགས་དང་དེབ་འཕྲིན་སོགས་འགོད་ཀྱིན་ཡོད་པས་ཁྱེད་ཅག་གིས་རྩོམ་ཡིག་སྤུས་གང་དག་རེ་བསྐུར་གནང་ཡོང་བར་ཞུ།
琼翁藏文文学平台是属于整个藏族作家的一种多样性的文学平台,在这里你可以阅读到论文、散文、诗歌、随笔、书法及书信;还可以聆听到讲座、歌曲、朗诵。这里无奇不有,应有尽有。也欢迎各位作家前来投稿!