རྗེ་འཇིགས་མེད་དམ་ཆོས་རྒྱ་མཚོའི་རྣམ་ཐར་རྟོགས་བརྗོད།རྩེ་འཛུམ་གྲོལ།

文摘   2024-11-15 22:40   甘肃  


ང་ཚོ་ཐུན་མོང་ལ་དབང་བའི་རྩོམ་རིག་གི་སྡིངས་ཆ་ཆེན་མོ་ཁྱུང་སྔོན་རྩོམ་རིགས་དྲ་བ།  

琼翁文学网  属于我们共同的文学大舞台



国泰民安!世界和平!

树立中华民族共同体意识,坚定文化自信,促进文化繁荣,为民族复兴,国家强盛而不懈努力

—习近平

༄༅།།རྗེ་འཇིགས་མེད་དམ་ཆོས་རྒྱ་མཚོའི་རྣམ་ཐར་རྟོགས་བརྗོད་དད་པའི་དྲི་བསུང་འཐུལ་བའི་འཁྲི་ཤིང་།


     

འགར་རྩེ་དགོན།  རྩེ་འཛུམ་གྲོལ།


༡མཁྱེན་རབ་འོད་སྟོང་འབར་བའི་གཟི་བྱིན་སྣང་སྟོང་སྒྱུ་མའི་འཕྲུལ་ལ་རྗེས་ཆགས་ལོག་སྨྲའི་ཚང་ཚིང་འཇིག་མཛད་ཅིང་།།
གཏན་བདེའི་ཐར་ལམ་འདབ་སྟོང་མངོན་བཞད་སྐལ་བཟང་རྐང་དྲུག་རྩེན་བའི་དགའ་ཚལ་འཕྲིན་ལས་ཞགས་པས་གསལ་བྱས་པའི།།
ཟག་མེད་བདེ་ཆེན་དབྱིངས་རིག་མཁའ་ན་མཚན་དཔེ་འོད་བརྒྱའི་དྲ་བ་འགྱེད་པའི་བསླུ་མེད་སྐྱབས་གནས་ཤཀྱཱའི་སྲས།།
དད་གསུམ་འོད་ལྔའི་གུར་ཁང་དབུས་སུ་དགྱེས་འཛུམ་རྩེ་དགའི་མཛའ་བ་མ་ལྷོད་བྱིན་རླབས་བདུད་རྩིའི་དངོས་གྲུབ་སྩོལ།།

༢ཡིད་འཕྲོག་འཇོ་སྒེག་ཉམས་ལྡན་ཡེ་ཤེས་སྤྱན།།
དགྱེས་ཞལ་དཀྱིལ་འཁོར་དབུས་ན་གཡོ་བའི་འཛུམ།།
ལྔ་རིག་ཤེས་བྱའི་ལང་ཚོར་དམ་འཁྱུད་པའི།།
ཚངས་སྲས་དགའ་མ་རྒྱལ་ཀུན་སྙིང་གི་དཔྱིད།།

༣འཇིགས་མེད་རྣམ་དཔྱོད་གཤོག་ཟུང་དཀར་པོ་མཐའ་ཡས་ཆོས་དབྱིངས་ཀུན་གསལ་མཁའ་ན་རང་དབང་བསྐྱོད་པའི་མཐུ་རྫོགས་ཀྱང་།།
དམ་ཆོས་རིན་ཆེན་ནོར་བུའི་འོད་སྟོང་ཀུན་རྨོངས་སྤྲོས་པའི་མུན་པ་བསལ་ལ་གསང་གསུམ་འཕྲུལ་གྱིས་སྐྲུན་མཁས་པའི།།
རྒྱ་ཆེན་དོན་གཉིས་འབྲས་བུའི་ཉམས་ལྡན་འཕགས་ཡུལ་གྲུབ་དབང་སྙེམས་པ་འཕྲོག་པའི་འགར་སྡིངས་རིགས་ཀྱི་ལང་ཚོ་ཅན།།
མཚོ་མོའི་རླབས་བཞིན་གཞན་ཕན་འཕྲིན་ལས་གསེར་ལྗོངས་འཛིན་མའི་ཐིག་ལེར་གྱིས་མཚོན་མདོ་སྨད་ས་འཛིན་བརྒྱན་དུ་བཞད།།

༤གང་གི་མཛད་འཕྲིན་ཁྲི་གདུགས་འོད་སྟོང་ཅན།།
ཐུབ་བསྟན་དགའ་ཚལ་བཞད་པའི་ལང་ཚོ་རུ།།
འཛུམ་པའི་ངོ་མཚར་རབ་བྱེད་མུ་ཏིག་དཀར།།
སྐལ་བཟང་གཞོན་ནུའི་རྣ་བའི་རྒྱན་དུ་དཔྱངས།།

༥འཛམ་གླིང་ཆུང་ངུའི་ཡུལ་དབུས་བྱང་རྒྱུད་དུ།།
ས་འཛིན་གངས་དཀར་རྩེ་མོ་གནམ་བསྙེགས་པ།།
སྨུག་པོའི་གཞིས་ཁྱིམ་འཇིག་རྟེན་བཀོད་པའི་རྒྱན།།
སུམ་རྩེན་དགའ་ཚལ་འཕོས་འདྲ་བྷོ་ཊྲའི་ལྗོངས།།

༦སྟོད་ན་གཡའ་གངས་འདུས་རི་འགྱིང་བའི་བརྗིད།།
དབུ་འཕང་ཀུན་གསལ་མཐོངས་བསྙེགས་རི་སྐེད་དུ།།
རུ་དམར་འབྲོང་གཡག་སྣ་ཚོགས་རི་སྐྱེས་ཚོགས།།
བག་ཡངས་རྩེད་འཇོའི་མཛེས་སྡུག་གཡང་གི་དཔྱིད།།

༧སྨད་ཁམས་ཚང་ཚིང་གཡུ་ལོ་འཁྲིགས་པའི་ཀློང་།།
སྣ་ཚོགས་གཉིས་སྐྱེས་སྙན་འཇེབས་གྲེ་འགྱུར་ཅན།།
རང་བྱུང་འདབས་ཆགས་དགའ་མགུའི་ཉམས་འགྱུར་ནི།
ངོ་མཚར་སྲིད་པའི་ཕུན་ཚོགས་བཀོད་པའི་བརྒྱན།།

༨བར་ན་ཁོད་ཡངས་སྤང་ལྗོངས་གཡུ་ཡི་མདངས།།
དལ་འབབ་ཆུ་ཕྲན་འཛོམས་པའི་སྙན་དབྱངས་ཀྱིས།།
མཛེས་བྱས་སྔོན་བྱོན་བཙན་པོའི་ཞབས་རྗེས་རིས།།
མེས་པོའི་བསོད་ནམས་འཛིན་པའི་རི་མོར་བཞད།།

༩རྨ་ཀླུང་དལ་འབབ་སྲིད་འབྱོར་ལྷ་ཡི་ཁམས།།
ཡབ་རྗེ་སྐལ་ལྡན་འཕྲིན་ལས་སྙོམས་པའི་ཡུལ།།
རེབ་གོང་གསེར་ལྗོངས་མདོ་སྨད་ཐིག་ལེ་ཞེས།།
མེས་པོའི་ཞལ་རྒྱུན་མགྲིན་པའི་འཁོར་ལོར་རྩེན།།

༡༠ཤར་ཕྱོགས་ས་འཛིན་གདེངས་ཀ་ནོར་བུའི་ཏོག།

མཁའ་དབྱིངས་སྤྲིན་དཀར་ཚོམ་བུས་མཛེས་བྱས་པ།།

འགར་སྟོན་དམ་པ་ཆོས་སྡིངས་རིགས་རུས་རྒྱུད།།

འཕེལ་བའི་དཔའ་མཛངས་བརྟུལ་ཕོད་ལྷ་སྡེ་དཀར།།


༡༡ལྷོ་ཕྱོགས་བརྗིད་ཆགས་རི་དབང་སྙེམས་པའི་རྩེ།།

རང་བྱུང་སྤྲིན་དཀར་ན་བཟའི་མདངས་རྫོགས་པ།།

མྱུར་མགྱོགས་ལས་བཞིའི་འཕྲིན་མཐུ་རྩལ་ཅན།།

ཡུལ་ལྷ་གཉན་དམར་འཁོར་བའི་བླ་རི་བརྗིད།།


༡༢ཤར་ཕྱོགས་ས་འཛིན་གླང་ཆེན་འགྱིང་སྟོབས་ཅན།།

ཡུལ་འདིའི་སྲིད་འབྱོར་རིག་གསུམ་བཀོད་པའི་རྒྱན།།

གསལ་བའི་སྣོད་བཅུད་སུམ་རྩེན་དགའ་བའི་ཚལ།།

མིག་འཕྲུལ་སྒྱུ་མའི་གཟུགས་ཤར་འཕྱང་མོ་ཉུག།


༡༣མདུན་ན་ཐོས་བསམ་འཁོར་ལོའི་རླབས་རིས་ཅན།།

རྒྱལ་བསྟན་གདུགས་དཀར་ལྷ་རྫས་བཀྲ་ཤིས་གོས།།

རྣམ་དཔྱོད་དཔུང་བའི་ཤུགས་ཀྱིས་མཐོར་བསྐྱོད་པའི།།

ཐུབ་བསྟན་ཆོས་འཁོར་བཤད་སྒྲུབ་དགའ་ཚལ་བཞད།། 


༡༤འགྲམ་ན་དལ་འབབ་རོང་ཆུའི་མཆོད་པའི་རླབས།།

བཀྲ་ཤིས་སྙན་དབྱངས་སྟོང་གི་ཉམས་འགྱུར་གྱིས།

དྭངས་གཙང་ཕུགས་འདུན་འཚོལ་བའི་ཝུ་དཀར་ཕྲེང་།།

ཡུལ་འདིའི་བསོད་ནམས་གསལ་བའི་རྒྱན་དུ་གཏོར།།


༡༥སྲིད་འདིའི་བསོད་ནམས་དངུལ་གྱི་ཟ་མ་ཏོག།

གཏམས་པའི་དགོས་འདོད་འབྱུང་གནས་ཁྱེའུ་དཀར།།

འཇིག་རྟེན་སྐལ་བཟང་འབུམ་ཕྲག་བགོས་སྐལ་དུ།།

འཁྲུངས་པའི་ཕུན་ཚོགས་དགེ་ལེགས་དཔྱིད་དུ་གྲུབ།།


༡༦བལྟམས་ཚེ་རབ་མཛེས་ལང་ཚོ་བཞད་པའི་ཆ།།

ལྟ་བས་མི་ངོམས་གཞོན་དུས་རོལ་རྩེད་སོགས།།

རྒྱལ་སྲས་ཆོས་སྤྱོད་མཛད་པའི་ཉམས་འགྱུར་ནི།།

འཇིག་རྟེན་སྒྱུ་མའི་འཕྲུལ་ལས་བརྒལ་བར་བརྩམ།།


༡༧གསར་བཞད་གུར་ཀུམ་འཛུམ་པའི་ལང་ཚོའི་ཆ།།

གཞན་ཕན་དྲི་བསུང་འཐུལ་བའི་ངོ་མཚར་གཏམ།།

མངོན་པས་ས་གསུམ་ལུས་ཅན་གཙུག་རྒྱན་དུ།།

འཁྲུངས་པའི་རྟགས་མཚན་བཀྲ་ཤིས་རི་མོར་བྲིས།།


༡༨ཡབ་རྗེ་སྐལ་ལྡན་མཁྱེན་རབ་དྭངས་པའི་མཚོར།།

བཞད་པའི་རྒྱལ་སྲས་སྣང་གསལ་ནམ་མཁའི་ནོར།།

གྲུབ་དབང་འཇིགས་བྲལ་ཡང་སྲིད་འཕྲེང་བའི་སྐུར།།

སྒྲིབ་བྲལ་ཡེ་ཤེས་སྤྱན་གྱིས་གསལ་བར་གཟིགས།།


༡༩དཀར་ཕྱོགས་སྡོང་གྲོགས་མཛད་པའི་ནུས་མཐུ་ཡི།།

ཤུགས་ལྡན་གཞན་ཕན་འཕྲིན་ལས་རོལ་རྩེད་ཅན།།

མྱུར་མགྱོགས་བསྟན་སྲུང་འཁོར་ལ་ཉེར་གཏད་བཞིན།།

ཁྱོད་སྐུ་གཡེལ་མེད་སྲུང་བའི་བཀར་བཏགས་མཛེས།།


༢༠དགུང་གྲངས་བདུན་པར་ཞྭ་དམར་པཎ་ཊྲིའི་དྲུང།།

ངུར་སྨྲིག་འཕྱང་འཕྲུལ་མཛེས་བྱས་རྣམ་གྲོལ་ལམ།།

བགྲོད་པའི་ངེས་འབྱུང་མིག་དར་དཔྱངས་པའི་ཚུལ།།

སྲིད་གསུམ་འཆིང་བ་གཅོད་པའི་རྟེན་འབྱུང་གྱུར།།


༢༡ལྔ་རིག་ཤེས་བྱའི་མེ་ཏོག་འཛུམ་པའི་གར།།

བློ་གྲོས་སོར་མོའི་འཕྲུལ་གྱིས་ཉེར་བཏེགས་ཏེ།།

རྣམ་དཔྱོད་མགུལ་བར་བརྒྱན་པའི་རྒྱལ་སྲས་གཞོན།།

ལུས་ཅན་དད་གསུམ་མིག་དབང་འཕྲོག་པའི་དཔྱིད།།


༢༢ཤེས་རིག་ཀུན་གསལ་དྭངས་པའི་མཁའ་ངོས་སུ།།

འབྲི་ཀློག་གཤོག་ཟུང་བསྒྱུར་བའི་རྩེད་འཇོའི་ཉམས།།

ཅི་དགར་རྩེན་པའི་རྒྱལ་སྲས་འདབ་བཟང་གཞོན།།

ཕུལ་བྱུང་རིག་རྩལ་རྫོགས་པའི་རབ་བྱེད་མཚར།།


༢༣དབེན་གསུམ་སྙིང་བོ་བྲག་དགོན་ཆོས་གླིང་དུ།།

གསང་སྔགས་ཟབ་གནད་དངོས་གྲུབ་བདུད་རྩིའི་རྒྱུན།།

གསན་བསམ་ཐུགས་རྒྱུད་རིན་ཆེན་བུམ་བཟང་ལྟོར།།

ཟབ་དོན་མན་ངག་བཅུད་ཀྱིས་ཡོངས་སུ་གཏམས།།


༢༤ཐེག་མཆོག་གསང་སྔགས་དངོས་གྲུབ་ནོད་པའི་ཚེ།།

གནས་གསུམ་མཁའ་འགྲོ་སྟོང་གི་དགྱེས་འཛུམ་གྱིས།།

ཟབ་དོན་དབྱངས་སུ་དྲང་ནས་གདམས་ངག་དོན།།

རོལ་སྒེག་གར་ཉམས་སྟོང་གིས་མཆོད་སྤྲིན་བྱས།།


༢༥མེ་ལུག་རྫོགས་ལྡན་གསར་བའི་སྐལ་བཟང་དུས།།

ཕྱག་ན་པདྨོར་དངོས་མཇལ་བསྟན་སྲིད་གདུགས།།

རིག་འབྱུང་སྲིད་མཐར་བསྒྲེང་བའི་རྟེན་འབྱུང་རྟགས།།

མངོན་པའི་བཀྲ་ཤིས་དགེ་མཚན་གཟུགས་སུ་ཤར།།


༢༦ཁྱད་པར་མདོ་སྔགས་ཀུན་གཟིགས་སྨྲར་སེང་ཆེ།།

བློ་བཟང་དཔལ་བའི་མཁྱེན་རབ་སྦྲང་རྩིའི་བཅུད།།

འཇིབས་པས་ལྔ་རིག་ཤེས་བྱའི་མཁའ་དབྱིངས་ཀུན།།

གཞལ་བའི་རྣམ་དཔྱོད་གར་བརྒྱའི་སྟངས་སྟབས་ངོམ།།


༢༧ས་སྤྲེལ་ཁྲི་ཆེན་འཇམ་དབྱངས་སྤྲུལ་བའི་དྲུང་།།

དབང་ལུང་མན་ངག་བདུད་རྩིའི་དངོས་གྲུབ་བཅུད།།

རོལ་བས་ཕུལ་བྱུང་ཉམས་རྟོགས་སྦྲང་ཆར་བསིལ།།

ཤེས་རབ་པད་དཀར་འཛུམ་པའི་མདངས་ལ་ཤར།།


༢༨བཤད་སྒྲུབ་འོ་མཚོ་འཕྱུར་བའི་གློག་གི་གྲྭར།།

ལུང་རིགས་སྙན་འགྱུར་རོལ་མོ་འཁྲོལ་བའི་སྒྲ།།

དར་དིར་སྒྲོག་པའི་ཐོས་བསམ་གཤོག་ཟུང་གར།།

བསྒྱུར་བའི་མཛད་འཕྲིན་ཀུན་ཡིད་དཔྱིད་དུ་ཆགས།།


༢༩རང་བྱུང་ཀ་བའི་མཚན་མ་མངོན་བཀྲ་བའི།།

དབེན་གསུམ་སྙིང་བོ་འཛིན་པའི་དགའ་ཚལ་དུ།།

མདོ་སྔགས་གཞུང་བརྒྱའི་ཟབ་དོན་རྣམ་དཔྱོད་པའི།།

གུས་རྟགས་བརྩོན་པའི་དཀའ་སྤྱོད་ཀུན་ལས་མཚར།།


༣༠ལྷིང་འཇགས་བསམ་གཏན་འཕེལ་བའི་དབེན་ས་རུ།།

རྣམ་དག་ངེས་འབྱུང་གསར་བས་ཐུགས་བརླན་པས།།

ཆོས་བརྒྱད་འཆིང་བའི་ཞགས་པ་བདག་འཛིན་སྲོག།

ཡེ་ཤེས་འོད་ལྔ་འབར་བའི་མཚོན་གྱིས་བཅོམས།།


༣༡སྐྱེས་སྟོབས་རྣམ་དཔྱོད་ལྷ་རྫས་གོས་བཟང་ལ།།

སྤྱངས་བརྩོན་བཀྲ་ཤིས་རི་མོའི་མདངས་གསལ་བའི།།

རྒྱལ་སྲས་རྣམ་སད་གཞོན་ནུའི་བརྩོན་པའི་གར།།

རིག་འབྱུང་མཁས་གྲུབ་སྟོང་གི་གཙུག་ན་འཕུར།།


༣༢མེ་འབྲུག་རྫོགས་ལྡན་གསར་བའི་ཚེས་བཟང་ལ།།

ཁྲི་ཆེན་འཇམ་དབྱངས་བླ་མས་ཞབས་དྲུང་དུ།།

བསྙེན་རྫོགས་སྡོམ་པ་མཆོག་ནོད་དགེ་སྤྱོང་ཀུན།།

ཚངས་སྤྱོད་ངུར་སྨྲིག་ཟོལ་གྱིས་འཁོར་དུ་བསྡུས།།


༣༣མཐའ་ཡས་ཤེས་བྱ་ལྔ་རིག་དགའ་བའི་ཚལ།།

ཐོས་བརྩོན་འཕུར་ལྡིང་རོལ་བའི་ཟློས་གར་གྱིས།།

གསུང་རབ་སྦྲང་རྩིའི་བཅུད་ལ་རྣམ་རོལ་བའི།།

བློ་གྲོས་ལུས་སྟོབས་རྒྱས་པའི་རྒྱལ་སྲས་གཞོན།།


༣༤ལྕགས་བྱར་རྒྱུད་སྡེ་ཟབ་མོའི་གདམས་པའི་བཅུད།།

དུས་དགྲའི་བསྙེན་ཆེན་ལོ་གསུམ་བཏང་བའི་སྐབས།།

ངོ་མཚར་གཟིགས་སྣང་སྒྱུ་མའི་ཉམས་འགྱུར་སྟོང་།།

གསང་སྔགས་རྒྱུད་གཞུང་ཇི་བཞིན་མཚན་མར་ཤར།།


༣༥མདོ་སྔགས་དགོངས་ཟབ་བདུད་རྩིའི་སྙིང་བོ་ལ།།

ཕུལ་བྱུང་ཉམས་རྟོགས་རིག་པའི་རྩལ་རྫོགས་ཀྱང་།།

ཐུན་མོང་སྣང་ངོར་བཤད་སྒྲུབ་སྡོམ་བརྩོན་ཚུལ།།

དགེ་ལུགས་ལྟ་སྤྱོད་གཙང་མའི་རྒྱན་དུ་བཞད།།


༣༦ལྔ་རིག་དྲན་དབང་བརྒྱ་ཕྲག་དགོད་པའི་ཡུལ།

ཚང་ཚིང་གཡུ་ལོ་མདངས་བཀྲ་དབེན་གནས་སུ།།

དཔག་མེད་དཀའ་སྤྱོད་བརྩོན་འགྲུས་འོད་སྟོང་ཅན།

ཐོས་བསམ་སྐྱ་རེངས་སྣང་བས་མཁའ་རུ་བསུས།།


༣༧ཟབ་དོན་གཞུང་ལུགས་ཆུ་གཏེར་གཡོ་བའི་ཀློང་།།

རྣམ་དཔྱོད་གྲུ་གཟིངས་བསྐྱོད་པའི་སྟངས་སྟབས་ཀྱིས།།

ལེགས་བཤད་རིན་ཆེན་ནོར་བུའི་ཡོངས་གཏམས་པས།།

མདོ་སྔགས་རིག་པའི་དཔའ་བོའི་མཚན་སྙན་འབར།།


༣༨ཁྱད་པར་བྱང་ཆུབ་ལམ་རིམ་དཀའ་བའི་གནད།།

གསལ་འགྲེལ་བརྗེད་བྱང་གསུང་རབ་འོད་སྟོང་ཅན།།

སྐལ་བཟང་ཕན་བདེ་འབྱུང་བའི་གདམས་ངག་ཚུལ།།

ལྷག་བསམ་ཀུན་གསལ་ཡངས་པའི་མཁའ་རུ་འཛུམ།།


༣༩མདོ་སྨད་གསེར་ལྗོངས་འགར་གྱི་རིགས་སྲས་སུ།།

རྒྱལ་སྲས་ཟླ་བ་གཞོན་ནུ་གསར་འཁྲུངས་ཀྱང་།།

རྣམ་དཔྱོད་རབ་དཀར་པདྨོ་འཛུམ་པའི་མདངས།།

མཐའ་ཡས་བློ་གསལ་དགྱེས་པ་མིག་གི་དཔྱིད།།


༤༠ཤིང་བྱ་གསང་སྔགས་བདུད་རྩི་སྦྲང་ཆར་བསིལ།།

རོལ་བས་ཕུན་ཚོགས་ཉམས་རྟོགས་མངོན་པའི་ཚེ།།

རིགས་ལྡན་རྟོགས་བརྗོད་ཚངས་སྲས་མགྲིན་པའི་སྒྲ།།

རྣམ་དཔྱོད་སོར་མོའི་འཕྲུལ་གྱིས་དབྱངས་སུ་བསྡེབ།།


༤༡མེ་སྟག་དབེན་གསུམ་བསམ་གཏན་ཕོ་བྲང་ཆེར།།

དྲ་མའི་བརྩེགས་རིམ་དཔྱད་པས་འཁོར་འདུས་ཆོས།

རྟེན་འབྱུང་གྲོགས་སུ་ཤར་བས་ཆོས་དབྱིངས་རིས།།

མཁྱེན་རབ་མེ་ལོང་བཞིན་ལ་གཟུགས་སུ་འཛུམ།།


༤༢མཐའ་བྲལ་སྣང་སྟོང་ཀུན་གསལ་སྒྱུ་མའི་མཁར།།

ཉམས་རྟོགས་འོད་སྟོང་འབར་བའི་བརྩེ་ཆེན་གར།།

སྐྱེ་དགུའི་བསོད་ནམས་མདངས་སུ་མངོན་བཀྲ་བའི།།

ཐུབ་བསྟན་རྫོགས་ལྡན་བསུ་བ་འགར་གྱི་སྲས།།


༤༣རབ་རྒྱན་མེ་ཡོས་ཀ་རིང་དབེན་གསུམ་གླིང་།།

དུས་དབང་འཆི་མེད་བདུད་རྩིའི་དངོས་གྲུབ་ཆར།།

འབུམ་ཕྲག་གདུལ་བྱའི་དད་གསུམ་འཛིན་མའི་གཞིར།།

ལྷག་བསམ་ཆོས་དབྱིངས་མཐོངས་ལས་ཅི་དགར་སྩལ།།


༤༤དེའི་ཚེ་མདོ་སྔགས་མཁྱེན་རབ་གདེངས་ཀ་ཅན།།

དམར་སེར་ངུར་སྨྲིག་བཀླུབས་པའི་སྡོམ་བརྩོན་གཙོས།།

མཐའ་ཡས་གདུལ་བྱ་ཆུ་གཏེར་འཕྱུར་བའི་རླབས།།

མདོ་སྨད་གསེར་ལྗོངས་དགའ་མའི་རྒྱན་དུ་འཁྱིལ།།


༤༥སྲིད་གསུམ་སྒྱུ་མའི་འཇའ་ཚོན་གཡོ་བའི་འཕྲུལ།།

འཇིག་རྟེན་རྣམ་རྟོག་དགའ་མའི་ལུས་འཁྱུད་ཀྱང་།།

རྫོགས་ལྡན་ལྟ་སྤྱོད་གཙང་མས་སྐལ་བཟང་འགྲོར།།

ཕན་བདེ་འདོད་དགུར་སྦྱིན་པའི་རྒྱལ་སྲས་མཆོག།


༤༦རེ་སྐོང་གསེར་ལྗོངས་ཐུབ་བསྟན་དགའ་བའི་ཚལ།།

འཕྲིན་ལས་ཞགས་པའི་རོལ་རྩེད་འབུམ་གཡོ་བའི།།

ཡབ་རྗེ་སྐལ་ལྡན་ཡོངས་འཛིན་བཀར་བཏགས་ཁུར།།

ཞལ་བཞེས་མཛད་འཕྲིན་གླིང་བཞིའི་མཐའ་ལས་བརྒལ།།


༤༧བསླབ་གསུམ་དོན་གཉིས་མེ་ཏོག་འཛུམ་ཕྲེང་ཅན།།

རྒྱལ་སྲས་དཔག་བསམ་འཁྲི་ཤིང་རབ་བཞད་པས།

མདོ་སྨད་གསེར་ལྗོངས་ལྔ་རིག་ཞིང་ཁམས་ཞེས།།

གྲགས་སྙན་རྒྱལ་མཚན་གངས་ལྗོངས་མཁའ་རུ་བསྐྱོད།།


༤༨རྨད་བྱུང་ཕན་བདེའི་འཛུམ་བཞད་རྒྱལ་ཀུན་སྲས།།

གཞན་ཕན་ལྟ་སྤྱོད་གདམས་པའི་ཟིལ་མངར་གྱིས།།

སྐལ་བཟང་བུང་བའི་འཁོར་ཚོགས་ཚིམ་མཛད་པ།།

མཁའ་ཁྱབ་གདུལ་བྱའི་དད་གསུམ་དཔྱིད་དུ་རྩེན།།


༤༩ས་འབྲུག་རྫོགས་ལྡན་གསར་བའི་དུས་ཆེན་ཚེ།།

མདོ་སྔགས་བཤད་སྒྲུབ་འབྱུང་གནས་རོང་བོའི་དགོན།།

བྱང་ཆུབ་ལམ་རིམ་གདམས་ངག་བདུད་རྩིའི་རྒྱུན།།

འབུམ་ཕྲག་སྡོམ་བརྩོན་དགྱེས་པའི་མཆོད་སྤྲིན་བྱས།།


༥༠ཁྱོད་ཀྱི་རྣམ་དཔྱོད་དགུ་ཚིགས་ཞགས་པ་ཡིས།།

ལྔ་རིག་ཤེས་བྱའི་མཁའ་དབྱིངས་འཛིན་པའི་ཚུལ།།

མཐོང་བས་འཇིག་རྟེན་དྲེགས་ལྡན་དཔུང་ཚོགས་ཀྱི།།

ཤུགས་འབྱུང་དད་གསུམ་རེ་ཁཱ་སྙིང་ལ་བཞད།།


༥༡ལྕགས་ལུག་སྟག་ཚང་ཐུབ་བསྟན་འཛིན་པའི་སྡེར།།

ཞབས་ཟུང་རྩིབས་སྟོང་འཁོར་ལོས་མངའ་བསྒྱུར་ཚེ།།

རོང་ཆེན་ཀིརྟིར་མདོ་སྔགས་གདམས་པའི་བརྒྱན།།

བྱམས་བརྩེ་ཀུན་གསལ་དབྱིངས་ལས་ཆར་དུ་བསྙིལ།།


༥༢དམར་སེར་ངུར་སྨྲིག་ལི་ཁྲིའི་རྡུལ་དཀྲུགས་པའི།།

མཁྱེན་རབ་གཤོག་ཟུང་བསྒྱུར་བའི་སྡོམ་བརྩོན་འབུམ།།

གང་གི་གསང་གསུམ་ཆུ་གཏེར་འཕྱུར་བའི་དབུས།།

ཐོས་བསམ་རིག་པའི་རྩེད་འཇོའི་སྟངས་སྟབས་ངོམ།།


༥༣དཔག་མེད་དཀའ་སྤྱོད་སྙིང་སྟོབས་རྟ་ལྗང་ཅན།།

གསུང་རབ་ཀུན་གསལ་དྭངས་པའི་མཁའ་ངོས་སུ།།

འཆད་རྩོད་རྩོམ་པའི་འོད་སྟོང་འབར་བའི་ཤུགས།།

སྐལ་བཟང་པད་དཀར་བཞད་པའི་ལང་ཚོར་མངོན།།


༥༤ཤིང་ཕག་སྣང་མཐའི་སྒྱུ་འཕྲུལ་ཞབས་ཟུང་གར།།

མཇལ་འཛོམས་རྟེན་འབྱུང་གསར་བའི་མཐུ་གྲུབ་པས།

ཐུབ་བསྟན་པད་དཀར་འཛུམ་པའི་ཐུགས་བསྐྱེད་ཀྱི།།

འཕྲིན་ལས་འོད་སྣང་གཤོག་པ་མཁའ་རུ་བརྐྱངས།།


༥༥དགུང་གྲངས་སོ་གསུམ་མཁྱེན་རབ་འབར་བའི་ཚེ།།

མདོ་སྔགས་གསུང་རབ་དཔྱོད་པའི་དཀའ་སྤྱོད་ངང་།།

འཇིགས་བྱེད་རྟོགས་ལྡན་འགྲེལ་ཆེན་པོ་ཏིའི་འཕྲེང་།།

རིགས་ལྡན་དྲེགས་པོ་དགྱེས་པའི་མཆོད་སྤྲིན་བྱས།།


༥༦ཁྱད་པར་དབུ་སེམས་ལྟ་བའི་དགག་བྱའི་གནད།།

གསལ་འབྱེད་དྲང་ངེས་བློ་གསལ་འཇུག་ངོགས་གཙོས།།

ཐུབ་བསྟན་རིང་ལུགས་གསལ་བའི་པོད་ལྔའི་གཞུང་།།

གངས་ཅན་ཤེས་རིག་ནོར་བུའི་མཛོད་དུ་བརྩམས།།


༥༧ཆུ་བྱར་གསང་སྔགས་མི་ཏྲ་ནོར་བུའི་འཕྲེང་།།

སྐལ་བཟང་གདུལ་བྱའི་བློ་གྲོས་བང་མཛོད་དུ།།

སྒྲུབ་པས་མ་འོངས་རིགས་ལྡན་མི་འཇིགས་ཁྲིར།།

མཐའ་དག་འགྲོ་ཀུན་འགོད་པའི་རྟེན་འབྱུང་མཛད།།


༥༨དགུང་གྲངས་བཞི་བཅུར་དན་ཏིག་ཆོས་ཀྱི་གླིང།།

རྒྱལ་བའི་བཀའ་འགྱུར་ཟབ་མོའི་བཀླག་ལུང་སོགས།།

མཐའ་ཡས་འགྲོ་ཀུན་སྨིན་གྲོལ་མཛད་པའི་མཐུས།།

འཕགས་ཡུལ་ཐུབ་དབང་རྟོགས་བརྗོད་རི་མོར་བྲིས།།


༥༩སྲིད་འདིར་འབུམ་ཕྲག་ཤེས་བྱ་རྒྱུ་སྐར་གྲངས།།

བློ་གྲོས་མེ་ལོང་དྭངས་པའི་མཁའ་དབྱིངས་སུ།།

བཞད་པའི་ངེས་དོན་རིགས་པའི་དཔའ་པོ་གང་།།

འགྲོ་ཀུན་དད་གསུམ་བཞད་པའི་སྙིང་གི་དཔྱིད།།


༦༠ལྕགས་སྦྲུལ་རྫོགས་ལྡན་ཉི་མ་གཞོན་ནུའི་འཛུམ།།

གསར་བཞད་དུས་བསྟུན་བྱ་ཁྱུང་ཐུབ་བསྟན་སྡེར།།

འཇམ་མགོན་ཡབ་སྲས་གསུང་རབ་བཀླག་ལུང་གཙོས།།

གསང་སྔགས་དུས་དབང་བདུད་རྩིའི་དངོས་གྲུབ་སྩལ།།


༦༡འདི་ལྟར་བཤད་སྒྲུབ་བསྟན་པའི་སྙིང་བོའི་གདུགས།།

ཐབས་ཤེས་སྙིམ་པའི་འཕྲུལ་གྱིས་མཁར་སྒྲེང་བའི།།

མདོ་སྨད་གསེར་ལྗོངས་མཁས་མང་གཙུག་གི་ཏོག།

འཇིགས་མེད་རིགས་པ་རྒྱལ་ཀུན་དགྱེས་པའི་དཔྱིད།།


༦༢ལྷན་སྐྱེས་མཁྱེན་རབ་དྭངས་པའི་བཞིན་བཟང་ལ།།

འབུམ་ཕྲག་ཤེས་བྱའི་མཛེས་སྡུག་མངོན་རྫོགས་པའི།།

འགར་སྡིངས་བསོད་ནམས་བཞད་པའི་པད་ཚལ་དུ།།

ཕྱོགས་མེད་སྐལ་བཟང་གཞོན་ནུ་མགྲོན་དུ་འཕུར།།


༦༣མཁས་པའི་རྩལ་རྫོགས་དགུང་ལོ་ཞེ་དགུའི་སྐབས།།

གསང་སྔགས་ཟབ་གནད་རིམ་ལྔ་གསལ་སྒྲོན་གཞུང་།།

དུས་གསུམ་མཁས་ཀུན་ལྗགས་རྩེར་ཤོང་དཀའ་བའི།།

གསར་བྱུང་དཀའ་འགྲེལ་ཕྱི་རབས་རྒྱན་དུ་བརྩམས།།


༦༤གསུང་རབ་ཚང་ཚིང་འཁྲིགས་པའི་ནགས་མའི་ཚལ།།

ལུང་རིགས་ངར་སྐད་སྒྲོག་པའི་མཁས་མང་དབུས།།

འཇིགས་མེད་རིགས་པའི་གད་རྒྱངས་ཐེངས་ཅིག་ལ།།

རྒོལ་ངན་ཝ་སྐྱེས་འཁོར་ཚོགས་སྔངས་པར་གྲགས།།


༦༥སྲིད་པའི་ཕུན་ཚོགས་འཛིན་མེད་གློག་གི་གར།།

རྣམ་དག་ངེས་འབྱུང་འཕྲུལ་གྱིས་གཏན་བཅོམ་པའི།།

བསླབ་གསུམ་ཉམས་རྟོགས་ངུར་སྨྲིག་རྩེད་འཇོ་མཁན།།

མགོན་ཁྱོད་མཛད་འཕྲིན་བརྗོད་ལ་མཁས་ཀུན་ངལ།།


༦༦གདོད་ནས་སྐུ་གསུམ་འོད་ལྔའི་གུར་ཁང་དབུས།།

སྤངས་རྟོགས་རིན་ཆེན་ལང་ཚོའི་རྩལ་རྫོགས་ཀྱང་།།

སྲིད་འདིར་སྐལ་བཟང་གཞོན་ནུའི་མཛེས་སྡུག་གིས།།

ཀུན་རྫོབ་སྒྱུ་མའི་ཉམས་འགྱུར་གཟུགས་སུ་བྲིས།།


༦༧དབྱུག་ཟླའི་ཡར་ངོའི་ཚེས་བདུན་གཟུགས་སྐུའི་འཛུམ།།

སྲིད་འདིའི་གདུལ་བྱའི་ཁམས་དང་སྣང་ཚུལ་བཞིན།།

སྟེང་ཕྱོགས་འོག་མིན་ཆོས་བཟང་དགའ་ཚལ་དུ།།

གཤེགས་པ་མིག་འཕྲུལ་སྒྱུ་མའི་སྣང་བརྙན་བཞིན།།


༦༨མཛེས་སྡུག་དྭངས་གསལ་སྲ་བརྟན་རྡོ་རྗེའི་སྐུར།།

ལས་ཉོན་སྐྱེ་འཆིའི་མཚན་ཉིད་གཏན་བཅོམས་ཀྱང་།།

རྟག་འཛིན་དྲན་སྐུལ་མཚོན་པའི་ཟློས་གར་ལས།།

ཁམས་འདིར་མྱ་ངན་མཚོ་མོའི་རླབས་ཕྲེང་འཕྱུར།།


༦༩ཐུན་མོང་སྣང་ངོར་གཟུགས་སྐུ་བཀོད་པའི་རིས།།

འབུམ་ཕྲག་གདུལ་བྱའི་ཁམས་དང་གཏན་གྱེས་མོད།།

རྨད་བྱུང་གསང་གསུམ་ཁྲི་གདུགས་དཀར་པོའི་འོད།།

མདོ་སྨད་གསེར་ལྗོངས་གྱིས་མཚོན་ཕྱོགས་མེད་ཁྱབ།།


༧༠གང་གི་མཛད་འཕྲིན་ཆུ་གཏེར་འཕྱུར་བ་ལས།།

བདག་ཡིད་དད་གསུམ་སྙིང་བོའི་བསང་གཏོར་ཙམ།།

ཕུལ་བྱུང་ཚིག་སྦྱོར་སོར་མོའི་འཕྲུལ་འདེགས་སུ།།

བགྱིས་འདིས་ཚེ་རབས་ཕྲེང་བར་རྗེས་འཛིན་མཛོད།།


༧༡ཐུབ་བསྟན་བཤད་སྒྲུབ་འཁོར་ལོ་བཀྲ་ཤིས་རྫས།།

ཐོས་བསམ་དཔུང་བས་མཐོར་བསྐྱོད་འགར་དགོན་དུ།།

ངུར་སྨྲིག་སྡོམ་བརྩོན་བརྒྱ་ཕྲག་གྲལ་མཐའ་བས།།

རྟོགས་བརྗོད་དད་པའི་འཁྲི་ཤིང་གཟུགས་སུ་སྦྱར།།


     མདོ་སྨད་རེབ་གོང་གསེར་མོ་ལྗོངས་ཀྱི་ཤར་ཕྱོགས་རོང་འབྲོག་ཚོ་ལྔའི་ནང་ཚན་གྱ་ས་འགར་རྩེ་གཡང་ལྡན་ཕྱུག་མོ་ནས་མཚན་དཔེ་མེ་ཏོག་གི་འཛུམ་ཕྲེང་བཞད་པའི་ངེས་དོན་གྱི་མ་ཧཱ་པཎ་ཊྲི་ཏ་༧རྗེ་མར་ནང་འཇིགས་མེད་དམ་ཆོས་རྒྱ་མཚོ་ཞེས་མཚན་སྙན་གྱི་མེ་ཏོག་དཀར་པོ་རིག་འབྱུང་མཁས་རྒུའི་གཙུག་ན་འཕུར་བའི་དམ་པ་གང་གི་རྣམ་ཐར་གྱི་ཆ་ཤས་ཕྲ་མོ་ཙམ་དང་སྦྱར་བའི་རྟོགས་བརྗོད་དད་པའི་དྲི་བསུང་འཐུལ་བའི་འཁྲི་ཤིང་ཞེས་པ་འདི་ནི།ཉེ་ལམ་དྲང་སྲོང་སྦས་པའི་བརྟུལ་ཞུགས་འཛིན་པའི་ངེས་དོན་གྱི་བྱ་བཏང་བ་དབང་ལུང་མན་ངག་ཀུན་གྱི་བདག་པོ་༧རྗེ་བཀའ་འགྱུར་བ་ཨ་ཁུ་ཉི་མ་ཚང་གིས་རང་དགོན་དུ་མར་ནང་དྲང་ངེས་འཇུག་ངོགས་ཀྱི་བཀླག་ལུང་ཚུལ་བཞིན་གནང་སྐབས་བཀའ་དྲིན་ཅན་གྱི་ཆོས་གྲོགས་དམ་པ་གང་ཞིག་གིས་འདི་འདྲ་ཞིག་འབྲི་བའི་དྲན་སྐུལ་ཙམ་བྱས་པ་དང་།རང་ལའང་དམ་པ་གང་གི་གསང་གསུམ་ལ་ལྡོག་མེད་ཀྱི་དད་པ་ངང་གིས་མཆིས་པ་སོགས་རྐྱེན་བྱས་རྩེ་གཞུང་བསྟན་པ་རྒྱ་མཚོའམ་རྩེ་འཛུམ་གྲོལ་ནས་རྫོགས་པར་འབྲི་ཁུལ་བྱས་པའོ།།  །།༢༠༢༤/༡༠/༥ཉིན།


版权声明:版权归《卡加琼翁综合文学网》所有,未经允许任何单位或个人不得转载、复制或以任何其他方式使用排版素材与本文全部或部分,侵犯必究。

བདག་དབང་། ངེད་འཕྲིན་སྟེགས་འདིར་བཀོད་ཟིན་པའི་རྩོམ་ཡིག་དང་འཆད་ཁྲིད། རྒྱུ་ཆ་སོགས་གང་ཡིན་ཡང་ཆོག་མཆན་མེད་པར་རྐུ་འཁྱེར་དང་བཤུ་འགོད། ནང་དོན་དང་རྒྱུ་ཆ་སོགས་བཅད་གཏུབ་ཀྱིས་སྤེལ་ན་ཁྲིམས་ལྟར་རྩད་གཅོད་ཡོད།

དོ་ཁུར་གནང་རོགས།

谢谢关注视频号

དཔེ་ ཀློག

དཔེ་ཀློགཤེས་རབ་ཀྱི་མི་ཚེ།

འཆད་ཁྲིད།|བརྩོན་འགྲུས་ཀྱི་སྟོབས།

རྩོམ་རིག|གཞུང་ལུགས་ཀྱི་འཇིངས།


赞赏



 


ཕྲིན་སྟེགས་སུ་ཚོགས་པ་དང་མི་སྒེར་གང་རུང་གི་ཁེ་དབང་ལ་གནོད་པའི་ནང་དོན་ཅན་ཡོད་ཚེ་མྱུར་དུ་འབྲེལ་གཏུགས་བྱོས་དང་དྲྭ་ལམ་ནས་བསུབ་ཆོག 

རྩོམ་པ་བོ་དག་གིས་ཡིད་གཟབ་གནང་རྒྱུ་ཞིག་ལ། སྐུ་ཉིད་ཀྱི་བརྩམས་ཆོས་གང་ཡིན་གཞན་གྱི་འཕྲིན་སྟེགས་སུ་བསྐུར་ཟིན་པ་དག་འདིར་མི་བསྐུར་བར་ཞུ། རྒྱུ་མཚན་བརྩམས་ཆོས་དེ་སྟེགས་བུ་གཅིག་ལ་དབང་ན་ལེགས་པ་དང་དེ་མིན་འགོད་མི་ཐུབ་པའི་དཀའ་ལས་སུ་འཕྲད་པས་དེའི་ལུགས་ལ་ཡིད་འཇགས་འཚལ།



请输入邮箱 2797610002@qq.com


ནང་དོན་འགོད་ལུགས།


༄༅།།ཁྱུང་སྔོན་བོད་ཡིག་རྩོམ་རིག་སྤྱི་སྟེགས་ནི་བོད་ཀྱི་རྩོམ་པ་པོའི་དཔུང་སྡེའི་ཐུན་མོང་ལ་དབང་བའི་སྣ་འཛོམས་རང་བཞིན་ཅན་གྱི་དྲ་ལམ་རྩོམ་ཡིག་སྤེལ་སའི་སྡིངས་ཆ་ཞིག་ཡིན།དེར་དཔྱད་རྩོམ་དང་འབོལ་རྩོམ་ལྷུག་རྩོམ་སྙན་ངག  འཆད་ཁྲིད།  གླུ་གཞས་དང་གྱེར་འདོན། ཡིག་གཟུགས་དང་དེབ་འཕྲིན་སོགས་འགོད་ཀྱིན་ཡོད་པས་ཁྱེད་ཅག་གིས་རྩོམ་ཡིག་སྤུས་གང་དག་རེ་བསྐུར་གནང་ཡོང་བར་ཞུ། 

琼翁藏文文学平台是属于整个藏族作家的一种多样性的文学平台,在这里你可以阅读到论文、散文、诗歌、随笔、书法及书信;还可以聆听到讲座、歌曲、朗诵。这里无奇不有,应有尽有。也欢迎各位作家前来投稿!

卡加琼翁综合文学网
ནང་དོན། [རྩོམ། འཆད་ཁྲིད། གཏམ་བཤད། གྱེར་འདོན། ཡིག་གཟུཊ།] སྐུ་ཉིད་ཁྱུང་སྔོན་རྩོམ་རིག་སྤྱི་སྟེགས་སུ་འབྱོན་པར་དགའ་བསུ་ཞུ།
 最新文章