ང་ཚོ་ཐུན་མོང་ལ་དབང་བའི་རྩོམ་རིག་གི་སྡིངས་ཆ་ཆེན་མོ་ཁྱུང་སྔོན་རྩོམ་རིགས་དྲ་བ།
琼翁文学网 属于我们共同的文学大舞台
国泰民安!世界和平!
树立中华民族共同体意识,坚定文化自信,促进文化繁荣,为民族复兴,国家强盛而不懈努力
—习近平
བོད་དུ་ཤེར་ཕྱིན་དར་ཚུལ་བརྗོད་པ།
རྩོམ་པ་པོ། འཁོན་དཀོན་ཅོག་རང་རྒྱལ།
བོད་གངས་ཅན་ལྗོངས་སུ་ཤེར་ཕྱིན་གྱི་མདོ་བྱུང་ཚུལ་མདོར་ཙམ་ཞུ་ན། ཐོག་མར་ལོ་ཙཱ་བ[1]ཐོན་མི་ནས་བེེ་རོ་ཙ་ནའི་[2]བར་ཤེར་ཕྱིན་གྱི་མདོ་ཁ་ཅིག་བོད་སྐད་དུ་བསྒྱུར་ཅིང་སྐད་གསར་བཅད་ཀྱིས་གཏན་ལ་ཕབ་པའི་ཚུལ་[3]མང་ཐོས་ཀླུ་སྒྲུབ་རྒྱ་མཚོའི་བསྟན་རྩིས་གསལ་བའི་ཉིན་བྱེད་དུ་གསལ་ཞིང་། ཡང་ཤེས་བྱ་ཀུན་ཁྱབ་མཛོད་ལས། བསྟན་པ་སྔ་དར་གྱི་དུས་སུ་རླངས་ཁམས་པ་གོ་ཆ་འཕགས་ཡུལ་དུ་བྱོན་ཏེ་ཤེར་ཕྱིན་འབུམ་པ་ཐུགས་ལ་བཟུང་ནས་བོད་དུ་ལེགས་པར་བསྒྱུར་ཅིང་། དེ་ནི་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་གྱིས་ཐེག་ཆེན་གྱི་ཆོས་ལ་གུས་པ་ཆེན་པོས་ཉིད་ཀྱི་མཚལ་ཁྲག་དཀར་མོའི་འོ་མ་དང་སྦྱར་ནས་བྲིས་པས་དུམ་པ་བཞི་བྱུང་བ་རེག་ཟིག་དམར་པོར་གྲགས་པ་དེ། ལྷ་ས་གོང་གི་ས་ཕག་མཆོད་རྟེན་ནང་དུ་བཞུགས་པ་བླ་འགྱུར་ཆུང་ངུ་། ཞེས་གསུངས་སོ། [4]། ཡང་གསུང་བཤད་ཞིག་ལ་མཉྫུ་ཤྲཱི་དང་། ཉང་ཨིནྡྲ་ཝ་རོ་གཉིས་ཀྱིས་རྒྱ་གར་ནས་དཔེ་བླངས་ཏེ་བསྒྱུར་ཅིང་། དེ་ནི་བཙན་པོའི་དབུ་སྐྲའི་གཞོམ་རམས་ར་དཀར་མོའི་འོ་མ་དང་སྦྱར་ནས་བྲིས་པ་རེག་ཟིག་སྔོན་པོར་གྲགས་པ་པོད་བཞི་མ་ཞིག་བྱུང་བར་གྲགས། དེ་ལ་རྩ་འབུམ་ཡང་གྲགས། དེ་ལྟར་རེག་ཟིག་སྔོ་དམར་གཉིས་སུ་འགྲེས་རྐང་ཐམས་ཅད་མི་རྒྱས་བས། བ་གོར་བེེ་རོ་ཙ་ནས་འགྲེས་རྐང་ཆད་པ་སོགས་ཁ་བསྐངས་ཏེ། བརྗོད་བདེར་བསྒྱུར་ཅིང་། དེ་ནི་ལོ་ཙཱ་བ་ཉིད་ཀྱིས་ཕྱག་བྲིས་མཛད་པ་འབུམ་ཤ་སྒྲོ་ཅན་དུ་གྲགས་པ་ཞིག་བྱུང་བར་བཤད་། ཅེས་གསུངས་པ་དང་། མངའ་བདག་ཁྲི་རལ་གྱི་དུས་སུ་པཎྜིཏ་སུ་རེནྡྲ་བོ་དྷི་སོགས་དང་། ལོ་ཙཱ་བ་སྐ་ཅོག་གཉིས་ཀྱིས་ཞུས་ཆེན་མཛད་པའི་འབུམ་དུམ་བུ་བཅུ་དྲུག་པ་ལ་བླ་འགྱུར་ཆེན་མོ། ཞེས་བླ་འགྱུར་ཆུང་འབྲིང་ཆེན་པོ་གསུམ་གྱི་ཐ་སྙད་མཛད་དོ། །དེས་ན་ཤེར་ཕྱིན་འབུམ་པ་སྟོང་ཕྲག་བརྒྱ་པ་དེ་ཉིད་ཕྱི་ལོ་བརྒྱ་ཕྲག་བརྒྱད་པའི་ནང་ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་གྱི་སྐབས་སུ་བོད་དུ་བསྒྱུར་བ་ནས་བརྩམས་ཏེ། ཤེར་ཕྱིན་གྱི་མདོའི་འཆད་ཉན་གྱི་སྲོལ་བྱུང་བར་མངོན་ནོ། །ཡུམ་རྒྱས་པ་འདི་རླངས་ཁམས་པ་གོ་ཆ་གྲགས་ཀྱང་། དཔེ་ཕལ་ཆེར་ལ་དེ་ལྟར་མི་འདུག་ཅེས་སྣར་ཐར་དཀར་ཆག་ཏུ་གསལ་མོད། དཔེ་རང་ལ་འགྱུར་བྱང་གསལ། ཞེས་ཞོལ་དཀར་ཆག་གི་ཡིག་ཆུང་ནང་དུ་གསལ་བ་ལྟར་ན། ལོ་ཙ་བ་དུ་མས་བསྒྱུར་བ་ཞིག་ཡིན་པ་གསལ་བར་མངོན་ནོ། །
དེ་བཞིན་དུ་ཡུམ་འབྲིང་པོ་སྟོང་ཕྲག་ཉི་ཤུ་ལྔ་པ་དེ་ཡང་འགྱུར་བྱང་དངོས་སུ་མ་འཁོད་ཀྱང་། ལོ་ཙཱ་བ་ཞང་ཡེ་ཤེས་སྡེ་ལ་སོགས་པའི་དུས་སུ་བསྒྱུར་བ་སྡེ་དགེ་བཀའ་འགྱུར་དཀར་ཆག་ཏུ་གསུངས་པ་ལྟར་ན། ཕྱི་ལོ་བརྒྱ་ཕྲག་བརྒྱད་པ་ནས་བོད་དུ་བྱུང་བ་དང་། ཁྲི་བརྒྱད་སྟོང་པ་ཡང་དང་པོ་གསུམ་ལ་འགྱུར་བྱང་མ་འཁོད་ཀྱང་ལོ་ཙཱ་བ་ཡེ་ཤེས་སྡེ་ལ་སོགས་ཀྱིས་བསྒྱུར་བ་དང་། པོད་བཞི་པ་ལ་རྒྱ་གར་གྱི་མཁན་པོ་ཛི་ན་མི་ཏྲཱ་དང་། པྲཛྙ་ཝརྨ་དང་། ལོ་ཙཱ་བ་བནྡེ་ཡེ་ཤེས་སྡེ་ལ་སོགས་པས་བསྒྱུར་པ་ཡིན་པ་སྡེ་དགེ་དང་ཞོལ་གྱི་དཀར་ཆག་གཉིས་ཀར་གསལ་བས། བོད་དུ་བྱུང་བའི་དུས་ཚོད་ཀྱང་གོང་ལྟར་ཡིན་པ་ཚད་འཛིན་ཆོག་པ་སྣང་ཞེས་པ་འདི་ཡང་ཕར་ཕྱིན་རྣམ་བཤད་ཀྱི་གླེང་བརྗོད་དུ་བཀོད་བ་བཞིན་འདིར་ཅུང་ཙམ་བཀོད་པ་ཡིན། [5]ཡུམ་བསྡུས་པ་བརྒྱད་སྟོང་པ་ནི་རྒྱ་དཔེ་ཐ་དད་པའི་དབང་གིས་ཕྲེང་བ་ཅན་དང་། གཟོ་སྦྱངས་དང་། སྡེ་ཅན་ཚིག་སྣ་རིང་ཐུང་དང་འགྱུར་ཁྱད་མི་འདྲ་བ་གསུམ་དང་། [6]ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་བསྡུས་དོན་གྱི་ཚིགས་སུ་བཅད་པ་སྡུད་པ་དང་། [7] བསྟན་པ་ཕྱི་དར་གྱི་དུས་སུ་ཡུམ་བསྡུས་པ་བརྒྱད་སྟོང་པའི་དཔེ་རྒྱས་པ་ཕྲེང་བ་ཅན། དུས་ཕྱིས་ཇོ་བོ་རྗེ་དང་། ལོ་ཙཱ་བ་འབྲོམ་རྒྱལ་བའི་འབྱུང་གནས་གཉིས་ཀྱིས་བརྒྱད་སྟོང་པའི་བཤད་པ་མཛད་པའི་དུས་སུ་ཆེ་ལོང་ཙམ་ཞིག་གཏན་ལ་ཕབ་པ་དང་། ཡང་ཕྱིས་སུ་རྭ་སྒྲེང་གི་གཙུག་ལག་ཁང་དུ་འབྲོམ་རྒྱལ་བའི་འབྱུང་གནས་ཀྱིས་རྒྱ་དཔེ་ཁག་གསུམ་ལ་གཏུགས་ནས་ལན་གཉིས་གཏན་ལ་ཕབ་པར་གསུངས། ཕྱི་ལོ་བརྒྱ་ཕྲག་བཅུ་གཅིག་པའི་ནང་ལོ་ཙཱ་བ་ཆེན་པོ་དགེ་སློང་བློ་ལྡན་ཤེས་རབ་ཀྱི་ཁ་ཆེའི་དཔེ་དང་། ཡུལ་དབུས་ཀྱི་དཔེ་དུ་མ་བསགས་ནས་གཏན་ལ་ཕབ་པར་མཛད་པ་དཀར་ཆག་དག་ལས་གསལ། རྔོག་ལོ་ཙཱ་བ་བློ་ལྡན་ཤེས་རབ་ཀྱིས་བསྟན་པ་སྔ་དར་གྱི་དུས་སུ་ལོ་ཙཱ་བ་རླངས་ཁམས་པ་གོ་ཆ་དང་། བ་གོར་བེེ་རོ་ཙ་ན་དང་། སྐ་ཅོག་གཉིས་སོགས་ཀྱིས་བསྒྱུར་བའི་འགྱུར་རྙིང་གཞིར་བཞག་བྱས་ནས་བལ་པོ་ཕམ་ཐང་གི་གཙུག་ལག་ཁང་གི་འབུམ་ལ་གཏུགས་ནས། ཤེས་རབ་སྒྲོན་མ། སྣང་བ་གསལ་པ། ཟླ་བ་སྒྲོན་མེ་སྟེ་ཏིང་ངེ་འཛིན་གསུམ་གྱི་མིང་གསར་དུ་བཅུག་པ་སོགས་ཀྱིས་དག་པར་མཛད། སླར་ཞྭ་ལུ་ལོ་ཙཱ་བ་དཔལ་རིན་ཆེན་བཟང་པོས་རྒྱ་བོད་ཀྱི་དཔེ་དུ་མ་དང་བསྟུན་ནས་ཤིན་ཏུ་རྣམ་པར་དག་པར་མཛད་པའི་མ་ཕྱི་ལས་སླར་ཡང་ཞུས་ཏེ་གཏན་ལ་ཕབ་པ་ལ་ཤོག་གྲངས་བཞི་བརྒྱ་དང་ལྔ་བཅུ་བཞུགས་པ་ཞོལ་དཀར་ཆག་ལས་གསུངས་སོ། །དེ་ལྟར་བོད་གངས་ཅན་གྱི་ལྗོངས་འདིར་བདག་ཅག་གི་མཉམ་མེད་ཐུབ་པའི་དབང་པོའི་གསུང་ཤེར་ཕྱིན་གྱི་མདོ་སྡེ་རིན་པོ་ཆེ་གང་ཉིད་ཇི་ལྟར་བྱོན་ཚུལ་མདོར་བསྡུས་ཙམ་བཀོད་པ་ཡིན་པས། རྒྱས་པར་གཟིགས་འདོད་ན་བཀའ་བསྟན་གྱི་དཀར་ཆག་དང་། ཆོས་འབྱུང་དག་ལས་ཤེས་པར་བྱའོ། །
སྐབས་འདིར་བོད་དུ་ཤེར་ཕྱིན་གྱི་མདོའི་དགོངས་འགྲེལ་བསྟན་བཅོས་དག་མདོར་བསྡུས་ཙམ་བཀོད་ན། བསྟན་པ་སྔ་དར་གྱི་དུས་ཏེ། བརྒྱ་ཕྲག་བརྒྱད་པ་དང་དགུ་པའི་བར་ལོ་ཙཱ་བ་སྐ་བ་དཔལ་བརྩེགས་ཀྱིས་བསྟན་བཅོས་མངོན་རྟོགས་རྒྱན་དང་། བུད་དྷཱ་ཤྲཱི་ཛྙཱ་ནས་མཛད་པའི་སྡུད་པའི་ཚིགས་སུ་བཅད་པའི་དཀའ་འགྲེལ་གཉིས་བསྒྱུར་ཏེ་འཆད་ཉན་གྱི་སྲོལ་གཏོད། སླར་ཡང་བསྟན་པ་ཕྱི་དར་གྱི་དུས་སུ། ཕྱི་ལོ་བརྒྱ་ཕྲག་བཅུ་གཅིག་པའི་ནང་ལོ་ཙཱ་བ་ཤཱཀྱའི་དགེ་སློང་བློ་ལྡན་ཤེས་རབ་ཀྱིས[8]་དེ་ཉིད་ཞུས་ཤིང་ལེགས་པར་གཏན་ལ་ཕབ་སྟེ་འཆད་ཉན་གྱི་སྲོལ་རྒྱས་པར་མཛད་དོ། ། སློབ་དཔོན་སེང་གེ་བཟང་པོ་མཛད་པའི་ཉི་ཁྲི་ལེའུ་བརྒྱད་མ་དང་། ཇོ་བོས་མཛད་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དོན་བསྡུས་སྒྲོན་མ་གཉིས། ལོ་ཙཱ་བ་ཚུལ་ཁྲིམས་རྒྱལ་བས་ཕྱི་ལོ་བརྒྱ་ཕྲག་དགུ་བ་དང་བཅུ་པའི་བར་ལ་བསྒྱུར་ཏེ་གཏན་ལ་ཕབ་པར་མཛད། ཡང་སློབ་དཔོན་དེ་ཉིད་ཀྱིས་མཛད་པའི་བརྒྱད་སྟོང་འགྲེལ་ཆེན་དང་། འགྲེལ་པ་རྟོགས་དཀའི་སྣང་བ་གཉིས། བརྒྱ་ཕྲག་དགུ་པ་དང་བཅུ་པའི་བར་དེར། ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ་དང་ལོ་ཆེན་རིན་ཆེན་བཟང་པོ་གཉིས་ཀྱིས་དག་བསྒྱུར་མཛད་དེ། འཆད་ཉན་ཡང་སྤེལ་བར་མཛད་པ་མ་ཟད། ཤེར་ཕྱིན་གྱི་འགྲེལ་པ་དུ་མ་ཞིག་ཀྱང་དག་བསྒྱུར་མཛད། བརྒྱ་ཕྲག་བཅུ་གཅིག་པའི་ནང་ལོ་ཙཱ་བ་བློ་ལྡན་ཤེས་རབ་ཀྱིས་སླར་ཡང་དག་བསྒྱུར་མཛད་པར་གསུངས། དེ་བཞིན་དུ་འཕགས་པ་རྣམ་གྲོལ་སྡེ་སོགས་གཙོ་བོར་བྱས་པའི་དགོངས་འགྲེལ་གཞན་དག་གི་བསྒྱུར་ཚུལ་དང་ཤེར་ཕྱིན་གྱི་བཤད་རྒྱུན་བྱུང་ཚུལ་ནི་ཤིན་ཏུ་མངས་སོ།།
ཡང་མདོར་ན་རྒྱན་སྣང་ལས།
དངོས་རྣམས་སྒྱུ་མའི་རང་བཞིན་དང་མཚུངས་ལ་མཁས་རྣལ་འབྱོར་རྣམས་ཀྱི་ཐར་མཆོག་ཏུ། །
འཁོར་བའི་ཁོངས་ནས་ཉེས་པའི་ཚོགས་སུ་ཀུན་ཏུ་རྒྱལ་བར་གྱུར་བའི་ལུས་ཅན་རྣམས། །
བཅོམ་ལྡན་བརྩེ་ལྡན་བྱམས་པ་རང་ཉིད་ཀྱིས་ནི་རྣམ་པ་ཀུན་ཏུ་བཀྲི་བྱའི་ཕྱིར། །
ཤེས་རབ་ཕ་རོལ་ཕྱིན་ཚུལ་ཤིན་ཏུ་གསལ་བར་རྒྱས་བཤད་ཚིག་ལེར་བྱས་པ་མཛད། །
འཕགས་པ་ཐོགས་མེད་ཞེས་བྱ་གྲགས་པ་གསལ་ལྡན་ཤེས་རབ་ལྡན་པའི་མཆོག་གྱུར་པས། །
དེ་ཉིད་རྣམ་པར་ངེས་པར་བཤད་པ་རབ་ཏུ་སྦྱར་མཛད་དེས་མཛད་པ་ཡི་མཐུས། །
དངོས་དང་དངོས་མེད་རྣམ་དབྱེའི་ཕྱོགས་ལ་མཁས་པར་ཤེས་པའི་མངོན་རློམ་གྱིས་མཐོ་བ། །
སློབ་དཔོན་དབྱིག་གཉེན་གྱིས་ནི་གཞུང་གི་འགྲེལ་བར་དོན་བཤད་པ་ལ་གནས་ཐོབ་གྱུར། །
རྣལ་འབྱོར་གོམས་པས་དོན་གྱི་དེ་ཉིད་བསྲུབས་ལས་འཇིག་རྟེན་འདས་པའི་ཤེས་རབ་ལྡན། །
སྐྱེ་གྱུར་བློ་བཟང་འཕགས་པ་རྣམ་གྲོལ་སྡེ་ཡིས་འབྲེལ་བ་ལ་ནི་ཆེར་འབད་ལ། །
མཐའ་གཅིག་སྐྱེས་བུར་མི་མཐུན་ཕྱོགས་ལྟ་ཞི་བྱེད་བསྟན་བཅོས་ལ་མཁས་རྟོགས་ལྡན་གང་། །
རྣམ་གྲོལ་སྡེ་ཞེས་ཚིག་ཏུ་འཇིག་རྟེན་ན་གྲགས་གཞན་པ་དེས་ནི་རྣམ་འགྲེལ་མཛད། །
དེ་ལ་བློ་ཉམས་བདག་འདྲས་སྔོན་ཆད་མེད་ཅིང་བརྗོད་པར་ནུས་མིན་གང་གི་ཕྱིར། །
མཁས་མཆོག་རྣམས་ཀྱིས་ཉིན་དང་ཉིན་ལ་མ་དཔྱད་དངོས་པོའི་ཚུལ་དེ་གང་ཞིག་ཡོད། །
ཡེ་ཤེས་ཐོབ་བྱེད་ཆོས་ཀྱི་དེ་ཉིད་ཡུལ་ལ་བདག་ནི་འདོད་པ་སྐྱེས་གྱུར་པ། །
དེས་ན་དམ་པའི་དོན་གྱི་ཡུལ་མཆོག་བཤད་པ་བྱེད་ལ་མངོན་པར་སྤྲོ་བར་གྱུར། །
ཞེས་སོ། །
[1] ལོ་ཙཱ་བ་དང་ལོ་ཙྪ་བ་ནི་རྒྱ་གར་སྐད་དེ། བོད་སྐད་དུ་བསྒྱུར་ན་འཇིག་རྟེན་མིག་ཅེས་པའི་དོན་ཡིན། ནང་དོན་ནི། སྐད་ཡིག་སྒྱུར་མཁན་ལ་ཟེར།
[2] བོད་རྒྱལ་ཁྲི་སྲོང་ལྡེ་བཙན་སྐབས་སྙེ་མོ་གན་ཇག་བ་གོར་ཟེར་བའི་སྲས་སུ་འཁྲུངས་ཤིང་། བསམ་ཡས་སུ་བོད་ཀྱི་རབ་བྱུང་ཐོག་མར་སྒྲུབ་དུས་བཙན་པ་ལེན་ནམ་མིན་ལེན་ཚོད་ལྟ་བྱས་པའི་སད་མི་མི་བདུན་གྱི་ཡ་གྱལ་དང་། ལོ་ཙཱ་བ་རྒན་གསུམ་གྱི་ནང་ཚན་ཞིག་ཀྱང་ཡིན། སྣང་མཐའི་མཚན་བརྗོད་སོགས་བསྒྱུར། ཅེས་རྒྱ་བོད་ཚིག་མཛོད་དུ་གསུངས།
[3] མཁས་གྲུབ་འདི་ཉིད་སྟོད་ཟང་བྱང་རྒྱུད་ཀྱི་ལུང་པ་འབྲོང་ཞེས་བྱ་བའི་ནང་ཚན་ཤེལ་ལུང་དུ་རབ་བྱུང་དགུ་པའི་ཆུ་ལུག<1523-?>་ལོར་སྐུ་བལྟམས། རིམ་བཞིན་ཕར་ཚད་གཉིས་དང་། འདུལ་མཛོད་ཟུང་། དབུ་སྡོམ་གཉིས། བྱམས་ཆོས་རིགས་གཏེར་སོགས་ལ་འཆད་ཉན་བྱས་ནས་མདོ་སྔགས་རྒྱ་མཚོའི་ཕ་མཐར་སོན། མཐར་དགུང་ལོ་དོན་གཉིས་བར་དུ་བཞུགས།
[4] ཤེས་བྱ་ཀུན་ཁྱབ་མཛོད། སྟོད་ཆ། ཤོག་གྲངས452 མཛད་པ་པོ། འཇམ་མགོན་བློ་གྲོས་མཐའ་ཡས། ཨེ་ཕེར། iPad
[5] རྒྱ་གར་གྱི་མཁན་པོ་ཤཱཀྱ་སེ་ན་དང་། ཛྙཱ་ན་སི་དྷི་དང་། ལོ་ཙཱ་བ་བནྡེ་དྷརྨ་ཏཱ་ཤཱིལ་ལ་སོགས་པས་བསྒྱུར་བ་གསལ་ཞིང་།
[6] མཁས་དབང་བྱཱ་ཀ་ར་སིང་ཧ་དང་། ལོ་ཙཱ་བ་བནྡེ་དཔལ་བརྩེགས་ཀྱིས་བསྒྱུར་བཅས་སྐབས་སྐབས་སུ་བསྒྱུར་ཟིན་པ་དཀར་ཆག་ཁག་དང་། ཆོས་འབྱུང་ཁག་དང་། ལོ་ཙཱ་བ་སོ་སོའི་དུས་རབས་ཀྱི་ཐོག་ནས་གསལ་ཞིང་། ལྷག་པར་ཡུམ་སྲས་བཅུ་བདུན་གྱི་གྲངས་དང་འགྱུར་བྱང་བཅས་བུ་སྟོན་ཆོས་འབྱུང་གི་ཆོས་་ཀྱི་རྣམ་གྲངས་དཀར་ཆག་ཏུ་བྲིས་པའི་ལེའུ་ནང་གསལ་བར་བཞུགས་སོ།
[7] སླར་ཡང་ཕྱི་ལོ་བརྒྱ་ཕྲག་དགུ་པ་དང་བཅུ་པའི་བར་དེར་ལོ་ཙཱ་བ་རིན་ཆེན་བཟང་པོས་འགྲེལ་པ་དང་མཐུན་པ་འགྱུར་བཅོས་འཛད། ཡང་ཕྱི་ལོ་བརྒྱ་ཕྲག་བཅུ་པའི་ནང་རྒྱ་གར་གྱི་མཁན་པོ་དཱི་པ་ཀ་ར་ཤྫཱི་དང་། ལོ་ཙཱ་བ་རིན་ཆེན་བཟང་པོ་དེ་གཉིས་ཀྱིས་ཡུལ་དབུས་ཀྱི་འགྲེལ་བ་དང་བསྟུན་ནས་བཅོས་པར་མཛད་པ་སྟེ། རང་ཉིད་ཀྱིས་ལམ་གཉིས་ཙམ་འགྱུར་བཅོས་མཛད་པ་གསལ།
[8] རྔོག་ལོ་ཙཱ་བ་བློ་ལྡན་ཤེས་རབ[1059-1109]ཁོང་ནི་བོད་དུ་གཞུང་ཆེན་མོའི་སློབ་གཉེར་གྱི་ལམ་ལུགས་སྲོལ་གཏོད་པ་པོའི་ཤིང་རྟ་ཆེན་པོར་འཇོག་པ་ཞེས་བོད་ཀྱི་ལོ་རྒྱུས་སྨྲ་བ་ཀུན་གྱི་མགྲིན་དབྱངས་གཅིག་ཏུ་གྲགས་སོ། །
版权声明:版权归《卡加琼翁综合文学网》所有,未经允许任何单位或个人不得转载、复制或以任何其他方式使用排版素材与本文全部或部分,侵犯必究。
བདག་དབང་། ངེད་འཕྲིན་སྟེགས་འདིར་བཀོད་ཟིན་པའི་རྩོམ་ཡིག་དང་འཆད་ཁྲིད། རྒྱུ་ཆ་སོགས་གང་ཡིན་ཡང་ཆོག་མཆན་མེད་པར་རྐུ་འཁྱེར་དང་བཤུ་འགོད། ནང་དོན་དང་རྒྱུ་ཆ་སོགས་བཅད་གཏུབ་ཀྱིས་སྤེལ་ན་ཁྲིམས་ལྟར་རྩད་གཅོད་ཡོད།
དོ་ཁུར་གནང་རོགས།
谢谢关注视频号
དཔེ་ ཀློག
དཔེ་ཀློག| ཤེས་རབ་ཀྱི་མི་ཚེ།
འཆད་ཁྲིད།|བརྩོན་འགྲུས་ཀྱི་སྟོབས།
རྩོམ་རིག|གཞུང་ལུགས་ཀྱི་འཇིངས།
赞赏
འཕྲིན་སྟེགས་སུ་ཚོགས་པ་དང་མི་སྒེར་གང་རུང་གི་ཁེ་དབང་ལ་གནོད་པའི་ནང་དོན་ཅན་ཡོད་ཚེ་མྱུར་དུ་འབྲེལ་གཏུགས་བྱོས་དང་དྲྭ་ལམ་ནས་བསུབ་ཆོག
རྩོམ་པ་བོ་དག་གིས་ཡིད་གཟབ་གནང་རྒྱུ་ཞིག་ལ། སྐུ་ཉིད་ཀྱི་བརྩམས་ཆོས་གང་ཡིན་གཞན་གྱི་འཕྲིན་སྟེགས་སུ་བསྐུར་ཟིན་པ་དག་འདིར་མི་བསྐུར་བར་ཞུ། རྒྱུ་མཚན་བརྩམས་ཆོས་དེ་སྟེགས་བུ་གཅིག་ལ་དབང་ན་ལེགས་པ་དང་དེ་མིན་འགོད་མི་ཐུབ་པའི་དཀའ་ལས་སུ་འཕྲད་པས་དེའི་ལུགས་ལ་ཡིད་འཇགས་འཚལ།
ནང་དོན་འགོད་ལུགས།
༄༅།།ཁྱུང་སྔོན་བོད་ཡིག་རྩོམ་རིག་སྤྱི་སྟེགས་ནི་བོད་ཀྱི་རྩོམ་པ་པོའི་དཔུང་སྡེའི་ཐུན་མོང་ལ་དབང་བའི་སྣ་འཛོམས་རང་བཞིན་ཅན་གྱི་དྲ་ལམ་རྩོམ་ཡིག་སྤེལ་སའི་སྡིངས་ཆ་ཞིག་ཡིན།དེར་དཔྱད་རྩོམ་དང་འབོལ་རྩོམ་ལྷུག་རྩོམ་སྙན་ངག འཆད་ཁྲིད། གླུ་གཞས་དང་གྱེར་འདོན། ཡིག་གཟུགས་དང་དེབ་འཕྲིན་སོགས་འགོད་ཀྱིན་ཡོད་པས་ཁྱེད་ཅག་གིས་རྩོམ་ཡིག་སྤུས་གང་དག་རེ་བསྐུར་གནང་ཡོང་བར་ཞུ།
琼翁藏文文学平台是属于整个藏族作家的一种多样性的文学平台,在这里你可以阅读到论文、散文、诗歌、随笔、书法及书信;还可以聆听到讲座、歌曲、朗诵。这里无奇不有,应有尽有。也欢迎各位作家前来投稿!