༄༅། །གདུང་སེལ་ངག་གི་རོལ་དབྱངས། རྫོང་དཀར་པ་འཇིགས་མེད་ཐུབ་བསྟན།

文摘   2024-10-07 09:34   甘肃  


ང་ཚོ་ཐུན་མོང་ལ་དབང་བའི་རྩོམ་རིག་གི་སྡིངས་ཆ་ཆེན་མོ་ཁྱུང་སྔོན་རྩོམ་རིགས་དྲ་བ།  

琼翁文学网  属于我们共同的文学大舞台




 




གདུང་སེལ་ངག་གི་རོལ་དབྱངས།




  རྫོང་དཀར་པ་འཇིགས་མེད་ཐུབ་བསྟན།   རྨ་ལྷོ།

སྐྱེས་མཆོག་རླབས་ཆེན་གཞན་དོན་མཛད་པ་ལ། །

ཡང་དག་གོམས་པའི་ལུས་ངག་ཡིད་གསུམ་གྱི། །

ཡོན་ཏན་མཚམས་སྦྱོར་མེ་ཏོག་བཀྲམ་བྱས་པས། །

ལེགས་མཛད་ངག་རིག་བདུད་རྩི་བཞེས་ལ་ཆས། །


ཁ་བ་འདབ་དྲུག་འཕུར་བའི་འཇིག་རྟེན་འདིར། །

ལུས་ཅན་འཁོར་བར་འཁོར་བ་མ་བཟོད་པར། །

བརྩེ་བས་གཟིགས་པ་མི་ཆུང་སྤྱན་རས་གཟིགས། །

གྲིབ་བསིལ་ཤིང་ལོ་གཡོ་བའི་ཞིང་ནས་གཟིགས། །


བློ༷་གྲོས་མཁྱེན་བཟ༷ང་ཟླ་ཤེལ་དཀྱིལ་འཁོར་རྒྱས། །

ལྷན་སྐྱེས་བརྩོ༷ན་འགྲུ༷ས་རྒྱ་མཚོའི་རླབས་རྒྱུན་གྱིས། །

འཁོར་འདས་ཆོས་ཀུན་གཞལ་བའི་དྲང་སྲོང་མཆོག །

འགྲན་མེད་སྨྲ་དབང་འཛམ་གླིང་རྒྱན་གཅིག་ཡིན། །


ལྷན་སྐྱེས་མཁྱེ༷ན་དཔྱོད་འོད་སྣང་མཁའ་ལ་འཛུམ། །

བརྩེ༷་ཆེན་འཆད་རྩོད་མཛད་པ་མཐའ་རུ་བསྲིངས། །

ནུ༷ས་སྟོབས་མཛད་འཕྲིན་རིས་མེད་ཡོངས་ལ་ཁྱབ། །

མཚུངས་མེད་བཤེས་ཁྱོད་ཡོན་ཏན་ཅུང་ཙམ་གླེང་། །


བཤེས་གཉེན་མདུན་སར་ཤེས་རིག་བཅུ་ཕྲག་མཚོ། །

དྲི་མེད་ཐུགས་མཆོག་དངུལ་དཀར་བུམ་བཟང་དུ། །

ལེགས་པར་བཅུས་པས་མཁ༷ས་སྙན་མེ་ཏོག་ཕྲེང་། །

འཇིག་རྟེན་སྲིད་གསུམ་མཛེས་པའི་རྒྱན་དུ་གསོལ། །


རྒྱལ་བསྟན་ནང་མཛོད་འདུལ་བ་ཐུགས་སུ་ཆུད། །

བཅས་མཚམས་མི་མཐུན་ཉེས་པས་མ་གས་པར། །       

བསླབ་གསུམ་ཡང་དག་བཙུ༷ན་པའི་ཡོན་ཏན་ཡང་། །

ལུང་རྟོགས་བཤད་སྒྲུབ་གནས་པའི་རྒྱན་དུ་མཛེས། །


གཞན་བོར་རང་གཅེས་ལས་ལ་མི་གཞོལ་ཞིང་། །

ཐེག་ཆེན་སྨོན་འཇུག་ལམ་མཆོག་ནས་བཟུང་སྟེ། །

ཕྱིན་དྲུག་བསྡུ་བཞིའི་ཉམས་ལེན་ལ་གནས་པའི། །

ལུས་ངག་སྤྱོད་བཟ༷ང་རྣམ་འགྱུར་གཤིས་སུ་གྲུབ། །


འཆ༷ད་མཁས་མདོ་སྔགས་ཀུན་ལ་ངེས་ཤེས་སྟེར། །

རྩོ༷ད་ངག་ལུང་རིགས་སྦྲང་ཆར་དཔལ་དུ་འཇོ། །

རྩོ༷མ་ལེགས་གླེགས་བམ་རིས་མེད་གསོས་སུ་སྨིན། །

འཇམ་དཔལ་རོལ་གར་མི་ཡི་སྲོལ་དུ་བཞེངས། །


ལྟ༷་བ་འཁྲུལ་མེད་སྤྲོས་བྲལ་ཐུགས་ཀློང་གཏམས། །

སྒོ༷མ་པ་བྱིང་རྨུགས་ཀུན་བྲལ་གསལ་སྣང་རྫོགས། །

སྤྱོ༷ད་པ་ཚུལ་མཐུན་སྡོམ་གསུམ་དཔལ་གྱིས་ཕྱུག །

རླབས་ཆེན་ཡོན་ཏན་རི་མོ་མཐོངས་སུ་བཤམས། །


མདོ་རྒྱུད་ཐེག་མཆོག་གསང་ཆེན་ལམ་བཟང་ལས། །

དབང་ལུང་བཤད་ཁྲིད་དམ་ཆོས་བདུད་རྩིའི་ཆབ། །

མོས་ངོར་འཇོ་མཛད་ཐར་ལམ་དངུལ་དཀར་སྐས། །

དགའ་ལྡན་འཇམ་དཔལ་སྙིང་པོའི་དྲུང་དུ་བཙུགས། །


ཤེར་ཕྱིན་དགོངས་འགྲེལ་ལེགས་བཤད་ལྡེ་མིག་དྲུག །

ཁྱད་པར་ཚིག་བསྡུས་དོན་གསལ་དགོངས་རྒྱན་གསུམ། །

དྲང་ངེས་དཀའ་འགྲེལ་བཞད་སྒྲ་རྣམ་བདུན་ཡང་། །

གངས་ཅན་རིག་བཅུད་འབར་བའི་དཔལ་དུ་མཛེས། །


ཐ་སྙད་མདོ་སྔགས་ཀུན་འདུས་བསྟན་བཅོས་དང་། །

འཆད་ཁྲིད་སྒྲ་བརྙན་གསུང་བཤད་ཟླ་ཤེལ་གྱིས། །

འཇིག་རྟེན་མུན་སེལ་རིག་ཚལ་མཉམ་བཞད་མཐུས། །

བསིལ་ལྗོངས་ཤེས་རིག་འོད་སྣང་གསལ་བར་བྱས། །


མཐའ་ཡས་ཤེས་རྒྱུད་བདུད་རྩིས་བཀང་བ་དང་། །

སྲོལ་བཟང་རིག་དཔལ་ཁུར་ཆེན་འདེགས་པ་ལ། །

གཞན་ཕན་ཐུགས་སྟོབས་རྒྱས་པའི་དམ་པ་ཁོང་། །

བཤད་སྒྲུབ་རྒྱལ་བསྟན་འདེགས་པའི་ཀ་ཆེན་ཡིན། །


ཁྱད་པར་མཁྱེན་དང་བརྩེ་བའི་བུམ་བཟང་ལས། །

ས་ཆེན་འཆད་ཉན་བགྱིས་པའི་མཛད་བཟང་གི། །

ཆ་ཤས་རྡུལ་ཙམ་གངས་ཅན་རིགས་གཅིག་གི། །

སྲོག་འཛིན་གསེར་སྐུད་གཟུངས་ཐག་ཁོ་ན་ཡིན། །    
    

རྨད་བྱུང་གངས་ཅན་ཤེས་རིག་བདུད་རྩིའི་མཚོ། །

མགོན་ཁྱོད་ཐུགས་མཛོད་ཡུར་བ་ལ་དྲངས་པས། །

རྨོངས་མུན་ཚ་གདུང་མཐའ་རུ་བསལ་བའི་དྲིན། །

མཐའ་ཡས་གདུལ་བྱས་ཆ་ཙམ་སུ་ཡིས་གཞལ། །


གང་གི་ཞབས་ཟུང་གསེར་གྱི་འཁོར་ལོ་ཡང་། །

ཁྱོན་ཡངས་ས་ཆེན་གང་ལ་བཀོད་ཙམ་གྱིས། །

འཆད་རྩོད་རྩོམ་པའི་དགེ་ལེགས་འོད་བརྒྱ་བ། །

ཅིག་ཅར་འབྱེད་མཁས་མགོན་པོ་ཁྱེད་ལས་སུ། །


དེ་ལྟར་ལུང་རིགས་མཇིང་ཆེན་བསྣོལ་བ་པོ། །

འགྲོ་མང་ལས་བསོད་ཤིང་རྟས་མ་ཐེག་པར། །

ངོ་མཚར་ལེགས་བྱས་གུར་ཀུམ་གཟུགས་ཀྱི་སྐུ། །

གློ་བུར་མཐོང་བྲལ་གནམ་ས་སྨག་གིས་མནན། །


འོན་ཀྱང་ཁྱོད་ཐུགས་མཚོ་ཆེན་བསྲུབས་པ་ལས། །

ལེགས་པར་བྱུང་བའི་ལེགས་བཤད་པདྨོའི་ཕྲེང་། །

ཅུང་ཙམ་མཇལ་བས་མྱ་ངན་སངས་པའི་སྨན། །

ཡུན་རིང་བསྟེན་ཏེ་གདུང་སེལ་ཐབས་ལ་འབད། །


མདོར་ན་གང་གི་ཡོན་ཏན་གང་བརྗོད་མཐུས། །

རྒྱལ་སྲས་ཕྱིན་དྲུག་མཆོག་གི་ལམ་ཡངས་ནས། །

ཆོས་ཀུན་རོ་མཉམ་གཟིགས་པའི་ཆུ་གཏེར་ཆེར། །

ལེགས་པར་ཞུགས་ཏེ་ཟུང་འཇུག་ཐོབ་པར་ཤོག །


     ཅེས་ཤེས་བྱའི་རི་མོ་མཐའ་དག་ལ་གཟིགས་པ་དག་པའི་མཁྱེན་རབ་ཤེལ་དཀར་གྱི་མེ་ལོང་ངོས་སུ་ཆོས་ཀྱི་གཟུགས་བརྙན་གྱི་རི་མོ་བཞིན་ཅི་ཡང་འཛིན་པ། འཇམ་མགོན་བསྟན་པའི་གསལ་བྱེད་མཚུངས་ཟླ་མ་མཆིས་པའི་རིང་ལུགས་པ་ཆེན་པོ།  རང་དང་གཞན་གྱི་འདོད་ཚུལ་དཔག་ཡས་ལས་བྱུང་བའི་གྲུབ་པའི་མཐའ་རིས་སུ་མ་ཆད་པ་རྒྱ་མཚོ་ལྟ་བུའི་ཕ་རོལ་ཏུ་ཕྱིན་པ།  གངས་ཅན་ལྗོངས་སུ་རྒྱལ་བསྟན་རིག་གཞུང་དང་བཅས་པ་འཛིན་སྐྱོང་སྤེལ་བའི་ཐད་ལ་ཕྱག་རྗེས་འབུར་དུ་ཐོན་པའི་ལྔ་རིག་སྨྲ་བའི་སེང་ཆེན།  མཛོད་ཚང་དགེ་བཤེས་བློ་བཟང་བརྩོན་འགྲུས་མཆོག་གི་དྲོད་འཛིན་ཟེར་མ་སྟོང་གསལ་དབྱིངས་རིག་འདྲེས་ནས་བགྲང་བྱ་ཧྲིལ་བོ་གཅིག་འཁོར་ལ་ཉེ་བའི་སྐབས་འདིར།  དམ་པ་གང་གི་མཛད་རྗེས་དྲན་དེབ་ཅིག་ཉེ་བའི་ཆར་སྒྲིག་རྩིས་ཡོད་པའི་གཏམ་བཟང་ངག་གི་རོལ་དབྱངས་ཐོས་པས། ཁོ་བོ་དགའ་མགུ་རངས་པའི་ཚུལ་མིན་ཡིད་བྱེད་ཀྱི་རྣམ་རྟོག་རགས་པ་བག་ལ་ཞ་སྟེ་རྗེས་དྲན་བསམ་གཞིག་གི་ཀློང་དུ་ཡུན་རིང་སིམ་པ་ན།   དྲན་འཛིན་གསལ་རིག་གི་མེ་ལོང་ངོས་སུ་མགོན་པོ་གང་གི་གཞན་ཕན་རླབས་ཆེན་གྱི་མཛད་པ་ཀུན་ལས་ཁ་བ་གངས་ཅན་གྱི་བླ་སྲོག་གསོས་པའི་མཛད་བཟང་རྣམས་དང་། ཁྱད་པར་ཆེས་ངོ་མཚར་བའི་མཁྱེན་དཔྱོད་ནམ་མཁའ་ལངས་པ་ལྟ་བུའི་གོ་སྟོབས་ཀྱི་དཔངས་མཐོ་བ།   སྨྲ་བསམ་ལས་འདས་པའི་བྲག་ངོས་ལས་ཆུ་འཕྱོ་བ་ལྟར་ཐོགས་ཐུག་མེད་པའི་འཆད་ཁྲིད་ཀྱི་གཏིང་ཟབ་པ།  དྲི་མ་མེད་པའི་ལུང་རིགས་གློག་འཁྱུག་པ་ལྟ་བུའི་རྩོད་རིགས་ཀྱི་ངར་ཆེ་བ།  སྒྲ་དག་གསལ་མྱུར་གྱི་ལྗགས་དམར་རྡོ་རྗེ་དགུ་འགྱུར་གྱི་ལྗགས་རྩལ་གྱེར་ཀློག་ཡ་མཚན་པ་རྣམས་རི་མོ་བཞིན་གསལ་ལེར་འཆར་བའི་མཛད་པ་རྒྱ་མཚོ་ལྟ་བུ་ལས་ཡོན་ཏན་སྐྲ་རྩེའི་ཟིལ་བ་ཙམ་ཞིག་བསོད་ནམས་ཀྱི་གསོས་སུ་འགྲེམས་པའི་བརྡ་ཐབས་སུ་རྗེས་དྲན་གདུང་སེལ་ངག་གི་རོལ་དབྱངས་ལེགས་པར་དཀྲོལ་བའི་ཀུན་གྱི་མྱ་ངན་སེལ་བའི་གསོས་སུ་ཅུང་ཟད་སྨིན་པར་མཛད་དོ། ། དེ་ལྟར་ངག་རིག་གདུང་སེལ་ངག་གི་རོལ་དབྱངས་སྙན་མོ་རེབ་གོང་རིག་པ་འབྱུང་བའི་གྲོང་ཁྱེར་གྱི་གོང་བ་རུ་མཛེས་པར་ཆགས་པ། རིགས་གསུམ་སྤྲུལ་བའི་ཟློས་གར་གྱི་ཕྲེང་བ་ཟམ་མ་ཆད་པར་བྱུང་བའི་བརྩེ་བ་ཆེན་པོས་བཀའ་དྲིན་རིང་ནས་བསྐྱངས་པའི་ཆོས་རྫོང་ར་བ་དཀར་པོའི་གདན་ས་ནས། དབྱངས་ཅན་རིག་པའི་བདུད་རྩིའི་ཟིལ་དངར་གུས་རྟག་སྦྱོར་བའི་མཛའ་བ་དཀར་པོས་རང་གི་ཟུངས་ཁྲག་ལ་ཡུན་རིང་བསྲེས་པའི་སྐལ་བ་དང་ལྡན་པ། གཞོན་དུས་ནས་རིག་བྱེད་མེ་ཏོག་གི་སིམ་མ་མགྲིན་པར་ཆགས་ཤིང་རིག་པའི་གནས་ཀུན་ལ་འཇུག་པའི་བློ་མིག་ཡངས་པར་འདོད་པའི་འདུན་པ་མངོན་དུ་ཆེ་བ།  རྩེ་ཆེན་གངས་དཀར་རི་བོའི་གཟི་བྱིན་ནམ་བཙུན་གཟུགས་འཇིགས་མེད་ཐུབ་བསྟན་གྱིས་རབ་རྒྱན་ཤིང་ཕོ་འབྲུག་ལོའི་དབྱིག་གུ་ཟླ་བའི་དགའ་བ་དང་པོའི་ཉིན་སྦྱར་པས་དགེ་བར་གྱུར་ཅིག།


版权声明:版权归《卡加琼翁综合文学网》所有,未经允许任何单位或个人不得转载、复制或以任何其他方式使用排版素材与本文全部或部分,侵犯必究。

བདག་དབང་། ངེད་འཕྲིན་སྟེགས་འདིར་བཀོད་ཟིན་པའི་རྩོམ་ཡིག་དང་འཆད་ཁྲིད། རྒྱུ་ཆ་སོགས་གང་ཡིན་ཡང་ཆོག་མཆན་མེད་པར་རྐུ་འཁྱེར་དང་བཤུ་འགོད། ནང་དོན་དང་རྒྱུ་ཆ་སོགས་བཅད་གཏུབ་ཀྱིས་སྤེལ་ན་ཁྲིམས་ལྟར་རྩད་གཅོད་ཡོད།

དོ་ཁུར་གནང་རོགས།

谢谢关注视频号

དཔེ་ ཀློག

དཔེ་ཀློགཤེས་རབ་ཀྱི་མི་ཚེ།

འཆད་ཁྲིད།|བརྩོན་འགྲུས་ཀྱི་སྟོབས།

རྩོམ་རིག|གཞུང་ལུགས་ཀྱི་འཇིངས།


赞赏



 


ཕྲིན་སྟེགས་སུ་ཚོགས་པ་དང་མི་སྒེར་གང་རུང་གི་ཁེ་དབང་ལ་གནོད་པའི་ནང་དོན་ཅན་ཡོད་ཚེ་མྱུར་དུ་འབྲེལ་གཏུགས་བྱོས་དང་དྲྭ་ལམ་ནས་བསུབ་ཆོག 

རྩོམ་པ་བོ་དག་གིས་ཡིད་གཟབ་གནང་རྒྱུ་ཞིག་ལ། སྐུ་ཉིད་ཀྱི་བརྩམས་ཆོས་གང་ཡིན་གཞན་གྱི་འཕྲིན་སྟེགས་སུ་བསྐུར་ཟིན་པ་དག་འདིར་མི་བསྐུར་བར་ཞུ། རྒྱུ་མཚན་བརྩམས་ཆོས་དེ་སྟེགས་བུ་གཅིག་ལ་དབང་ན་ལེགས་པ་དང་དེ་མིན་འགོད་མི་ཐུབ་པའི་དཀའ་ལས་སུ་འཕྲད་པས་དེའི་ལུགས་ལ་ཡིད་འཇགས་འཚལ།



请输入邮箱 2797610002@qq.com


ནང་དོན་འགོད་ལུགས།


༄༅།།ཁྱུང་སྔོན་བོད་ཡིག་རྩོམ་རིག་སྤྱི་སྟེགས་ནི་བོད་ཀྱི་རྩོམ་པ་པོའི་དཔུང་སྡེའི་ཐུན་མོང་ལ་དབང་བའི་སྣ་འཛོམས་རང་བཞིན་ཅན་གྱི་དྲ་ལམ་རྩོམ་ཡིག་སྤེལ་སའི་སྡིངས་ཆ་ཞིག་ཡིན།དེར་དཔྱད་རྩོམ་དང་འབོལ་རྩོམ་ལྷུག་རྩོམ་སྙན་ངག  འཆད་ཁྲིད།  གླུ་གཞས་དང་གྱེར་འདོན། ཡིག་གཟུགས་དང་དེབ་འཕྲིན་སོགས་འགོད་ཀྱིན་ཡོད་པས་ཁྱེད་ཅག་གིས་རྩོམ་ཡིག་སྤུས་གང་དག་རེ་བསྐུར་གནང་ཡོང་བར་ཞུ། 

琼翁藏文文学平台是属于整个藏族作家的一种多样性的文学平台,在这里你可以阅读到论文、散文、诗歌、随笔、书法及书信;还可以聆听到讲座、歌曲、朗诵。这里无奇不有,应有尽有。也欢迎各位作家前来投稿!

卡加琼翁综合文学网
ནང་དོན། [རྩོམ། འཆད་ཁྲིད། གཏམ་བཤད། གྱེར་འདོན། ཡིག་གཟུཊ།] སྐུ་ཉིད་ཁྱུང་སྔོན་རྩོམ་རིག་སྤྱི་སྟེགས་སུ་འབྱོན་པར་དགའ་བསུ་ཞུ།
 最新文章