ང་ཚོ་ཐུན་མོང་ལ་དབང་བའི་རྩོམ་རིག་གི་སྡིངས་ཆ་ཆེན་མོ་ཁྱུང་སྔོན་རྩོམ་རིགས་དྲ་བ།
琼翁文学网 属于我们共同的文学大舞台
国泰民安!世界和平!
树立中华民族共同体意识,坚定文化自信,促进文化繁荣,为民族复兴,国家强盛而不懈努力
—习近平
༧སྙན་བརྒྱུད་གདམས་པའི་མཛོད་འཛིན་ཡོངས་ཀྱི་དགེ་བའི་བཤེས་གཉེན་ཆེན་པོ་རྗེ་བཙུན་བློ་གསལ་རྒྱ་མཚོ་དཔལ་བཟང་བོའི་མཛད་རྣམ་ཉུང་བསྡུས།
༄༅། །རྒྱལ་བའི་བསྟན་པ་རིན་པོ་ཆེ་འཛིན་སྐྱོང་སྤེལ་བ་ལ་འཆད་རྩོད་རྩོམ་པའི་ལེགས་བཤད་ཀྱི་སྒྲ་དབྱངས་ནམ་མཁའི་མཐའ་ཀླས་པར་སྒྲོག་པའི་ཐུབ་བསྟན་ཡོངས་སུ་རྫོགས་པའི་རྩ་ལག་འཇམ་མགོན་བསྟན་པའི་སྲོག་ཤིང་ ༧ རྗེ་བཙུན་བློ་གསལ་རྒྱ་མཚོ་དཔལ་བཟང་པོ་མཆོག་ནི། རེབ་གོང་གསེར་མོ་ལྗོངས་ཀྱི་ལྟེ་བ་སེངྒེ་གཤོང་མ་མགོའི་མཁར་ནང་སྡེ་བར། ཆུ་ཁྱི་སྟེ་སྤྱི་ལོ་༡༩༢༢ལོར་མཁར་ནང་དཔོན་ཚང་གི་ཤུལ། རྐ་སར་ལྷ་རིས་པའི་སྐུ་རྒྱུད་དུ་སྐུ་བལྟམས། ༡༩༢༨ལོར་བརྟན་མཁས་གཉིས་ལྡན་གྱི་གནས་བརྟན་འདུལ་བ་འཛིན་པ་བློ་བཟང་བསྟན་པ་མཆོག་གི་ཞལ་སྔ་ནས། རབ་བྱུང་དང་དགེ་ཚུལ་གྱི་སྡོམ་པ་རིམ་གྱིས་མནོས་ཏེ་མཚན་ལ་བློ་གསལ་རྒྱ་མཚོ་ཞེས་གསོལ། དེ་ནས་སེངྒེ་གཤོང་ཆོས་སྒོར་ཞུགས་ཤིང་བཤེས་གཉེན་ཀླུའི་མཚན་ཅན་དང་། འཚོ་བྱེད་དབང་བོ་བུངྡྷའི་མཚན་ཅན་གཉིས་ལ་བསྟེན་ནས་ཕྲལ་ཀློག་དང་སྦྱོར་ཀློག དགོན་པའི་འདོན་ཆ་ཆོས་སྤྱོད་སོགས་འདོན་རྟ་དབྱངས་གསུམ་ཕྱག་རྒྱ་དང་བཅས་ཐུགས་སུ་ཆུད་པར་མཛད། དགུང་ལོ་བཅོ་བརྒྱད་ཀྱི་སྟེང་སྐུ་ཚེ་གང་བོར་བསྙུང་གནས་བསྲུང་རྒྱུའི་ཐུགས་འདུན་གྱིས་བསྙུང་གནས་བརྒྱ་རྩ་བརྒྱད་གདན་ཐོག་གཅིག་ཏུ་བསྲུངས། སྐབས་དེར་རྡོ་རྗེ་འཆང་ཨ་བྷྱའི་ཞབས་དང་ཞལ་མཇལ་བྱུང་བས་ཁོང་ཉིད་ནས་ཁྱོད་ཉིད་བློ་གསལ་ཞིང་ལོ་ན་གཞོན་པས་བསྙུང་གནས་རེ་ཞིག་མཚམས་ཞོག་ལ་ཐོས་བསམ་བྱོས་ཞེས་ཞལ་བཀོད་གནང་བ་ལྟར་ཐོས་བསམ་གནང་རྒྱུའི་ཐག་བཅད། དགུང་ལོ་བཅུ་དགུ་བཞེས་པ། ༡༩༥༠ ལོར་ཐུབ་བསྟན་ཡོངས་རྫོགས་ཀྱི་མངའ་བདག་ཆེན་པོ་ཨ་རོལ་རྡོ་རྗེ་འཆང་ ༧ རྗེ་བཙུན་བློ་བཟང་ལུང་རྟོགས་བསྟན་པའི་རྒྱལ་མཚན་དཔལ་བཟང་བོའི་མདུན་ནས་བསླབ་གཞི་མ་ལུས་པ་ཡོངས་སུ་རྫོགས་པའི་དགེ་སློང་གི་སྡོམ་པ་བཞེས་ཤིང་། དེ་ནས་བཟུང་ལྟུང་བ་རགས་པ་ལྟ་ཅི་ཕྲ་མོ་ལྷམ་ཕུད་ཆབ་ལེན་རུང་ཆུ་འདེབས་པ་སོགས་བསྟན་པའི་སྙིང་བོ་འདུལ་ཁྲིམས་ཡང་དག་པར་སྲུང་བ་ནི་འཕགས་པ་ཉེ་བར་འཁོར་གྱི་རྣམ་ཐར་ལྷུར་བཞེས་པས་འགྲོ་བ་ཀུན་གྱི་དང་བ་འདྲེན་པའི་མིག་གི་བདུད་རྩིར་གྱུར། དགུང་ལོ་ཉེར་བཞི་བཞེས་པ་མེ་ཁྱི་སྟེ༡༩༤༦ལོར་ཀ་རུང་དགོན་པར་མ་ཧ་པཎྚི་ཏ་རྗེ་འཇིགས་མེད་དམ་ཆོས་རྒྱ་མཚོ་དཔལ་བཟང་བོའི་མདུན་དུ་སེམས་སེམས་བྱུང་དང་། ས་ལམ། གྲུབ་མཐའ་ཆེན་མོ་སོགས་གཟིགས་རྟོག་གནང་ཞིང་། དགུང་ལོ་བདུན་བཞེས་པ་ནས་བཟུང་དགུང་ལོ་སོ་བཞི་བཞེས་པ་རབ་བྱུང་བཅུ་དྲུག་པའི་ཤིང་ལུག་སྟེ། ༡༩༥༥ ལོའི་བར་མཁས་གྲུབ་གཉིས་འཇོམས་ཀྱི་དགེ་བའི་བཤེས་གཉེན་ཉི་ཤུ་ལྷག་གི་ཞབས་པད་ལེགས་པར་བསྟེན་ནས་ཐོས་བསམ་རྒྱ་ཆེར་གནང་ཞིང་། ཁྱད་པར་དུ་མ་ཧ་པཎྚི་ཏ་ཆེན་པོ ༧ རྗེ་འཇིགས་མེད་དམ་ཆོས་རྒྱ་མཚོ་དང་། གནས་ལྔ་ཀུན་གཟིགས་མཁས་དབང་ཚེ་ཏན་ཞབས་དྲུང་༧རྗེ་འཇིགས་མེད་རིགས་པའི་བློ་གྲོས། བཤེས་གཉེན་ཆེན་པོ་ཡོངས་འཛིན་༧དཀོན་མཆོག་བསམ་གཏན་སོགས་ཐུབ་བསྟན་ཡོངས་སུ་རྫོགས་པའི་མངའ་བདག་དུ་མའི་ཞབས་པད་ཚུལ་བཞིན་བསྟེན་ཏེ། སྨིན་བྱེད་ཀྱི་དབང་དང་རྗེས་གནང་། གྲོལ་བྱེད་ཀྱི་ཁྲིད་དང་བཤད་ལུང་། སྒྲ་ཚད་བཟོ་གསོ་སོགས་རིག་གནས་བཅུ་ཕྲག་ཕྱོགས་གཏོགས་དང་བཅས་པ། བསྐྱེད་རྫོགས་མན་ངག་གི་རིམ་པ། གར་ཐིག་དབྱངས་གསུམ་གྱི་ཕྱག་ལེན། འབུད་རྡུང་བཀྲོལ་གསུམ་གྱི་རིམ་པ། ལྷ་སྐུ་དང་མཆོད་རྟེན་ལས་བཞིའི་སྦྱིན་སྲེག རྒྱུད་སྡེ་བཞིའི་དཀྱིལ་འཁོར་སོགས་ཀྱི་ཐིག་ཚད་དང། མདོར་ན་མགོ་བསྡུས་གྲྭ་ནས་དཔལ་གསང་བ་འདུས་པའི་རིམ་ལྔ། དུས་འཁོར་གྱི་སྦྱོར་དྲུག་གི་བར་མདོ་སྔགས་རིག་གནས་ཀྱིས་བསྡུས་པའི་གཞུང་ལུགས་མཐའ་དག་ལ་མཛུབ་ཁྲིད་ཕྱག་མཐིལ་གྱི་རྫས་བཞིན་ཞུས། དགུང་ལོ་སོ་བཞི་བཞེས་པ་༡༩༥༥ལོར་གངས་ལྗོངས་ཀྱི་པཎྚི་ཏ་ཆེན་པོ་ ༧ བསེ་ཚང་བློ་བཟང་དཔལ་ལྡན་ཆོས་ཀྱི་རྡོ་རྗེའི་མཚན་ཉིད་ཞབས་ཞུར་གནང་སྟེ་ཕར་ཕྱིན་དབུ་མ་སོགས་ལ་བགྲོ་གླེང་དང་། འཕྲོས་པ་རྒྱུན་རིང་གནང་། དགུང་ལོ་སོ་ལྔ་བ་མེ་སྤྲེལ་ཏེ་ ༡༩༥༦ ལོར་ཁ་སྟོད་དགོན་དགེ་ལྡན་བསྟན་འཕེལ་གླིང་གི་དགེ་རྒན་དུ་གདན་ཞུས་ལྟར་ཕེབས་ཏེ་ཚོགས་ཆོས་གྲྭའི་སྒྲིག་ལམ་དཔེ་ཁྲིད་དཔེ་ལྟོས་སོགས་འཆད་ཉན་ཡར་ངོའི་ཟླ་ལྟར་འཕེལ་བར་བྱས་སོ། །དེ་ནས་དགུང་ལོ་སོ་བདུན་བཞེས་པ་ས་ཁྱི་ལོ་ནས་དུས་ངན་གྱི་རང་རྟགས་ཀློང་དུ་བརྡོལ་ཏེ་ཉེར་འཚེའི་རླུང་དམར་ས་སྟེང་དུ་འཚུབས་པའི་སྐབས་སུ་རིག་གསར་འགུལ་བསྐྱོད་དྲག་པོ་རླུང་ནག་འཚུབ་མ་ལྟ་བུའི་ནང་། རྐྱེན་ངན་ལམ་དུ་བླངས་ཏེ་དབེན་གནས་སོགས་སུ་རྗེ་ཡབ་སྲས་ཀྱི་གསུང་འབུམ་དང་བཀའ་བསྟན་སོགས་ལ་དཔེ་གཟིགས་དང་། ལམ་ཐུན་མོང་བ་སྦྱོང་བའི་རྟེན་སེམས་བསྐྱེད་དང་སྤྱོད་པ་ཕྱིན་དྲུག ཐུན་མོང་མ་ཡིན་པ་སྨིན་བྱེད་བསྐྱེད་རིམ་དང་གྲོལ་བྱེད་རྫོགས་རིམ་ཐུགས་ཉམས་སུ་བསྟར་བས་ཉམས་དང་རྟོགས་པ་ཀློང་དུ་བརྡོལ་བ་བྱུང་། དེ་ནས་དགུང་ལོ་ང་དགུ་བཞེས་པ་ལྕགས་སྤྲེལ་༡༩༨༠ལོར་ལན་ཀྲུའུ་ཡུལ་དུ་་ཚེ་ཏན་ཞབས་དྲུང་རྗེ་འཇིགས་མེད་རིགས་པའི་བློ་གྲོས་དང་མཇལ། ཐུགས་དགྱེས་ཤིང་བརྩེ་བའི་གསུང་གླེང་མང་དུ་མཛད། རྗེ་དེ་ཉིད་ཀྱིས་ཁྱེད་ཕ་ཡུལ་སེངྒེ་གཤོང་དུ་ཕེབས་དང་སྒར་གྲོང་ཀུན་ལ་ཕན་ཐོགས་པ་ཞིག་འོང་ཞེས་བཀའ་གསུངས་ལྟར་སེངྒེ་གཤོང་དུ་ཕེབས། དེ་ནས་བཟུང་ལོ་མང་བོའི་རིང་མ་མགོ་དགོན་དང་ཡ་མགོ་དགོན་དུ་ཕེབས་ཏེ། རྒྱུད་སྡེ་ཆེན་པོ་རྣམ་སྣང་མངོན་བྱང་གི་སྒྲུབ་མཆོད་གསར་དུ་བཙུགས་པ་སོགས་དབང་ལུང་ཁྲིད་གསུམ་རྒྱ་ཆེར་གནང་ཞིང་། དགུང་ལོ་དྲུག་ཅུ་བཞེས་པ་ལྕགས་བྱ་༡༩༨༡ལོར་སླར་ཡང་ཁ་སྟོད་དགོན་དུ་ཕེབས་ནས་འཛིན་གྲྭ་སོ་སོར་བསྡུས་གྲྭ་ནས་མཛོད་འདུལ་གྱི་བར་དཔེ་ཁྲིད་གནང་སྟེ་འཆད་ཉན་རྒྱས་པར་མཛད། དགུང་གྲངས་རེ་གཉིས་བཞེས་པ་ཆུ་ཕག་༡༩༨༣ལོའི་ཟླ་ལྔ་བའི་ཡར་ཚེས་ལ་སོག་ཚང་དགོན་བཀྲ་ཤིས་ཐེག་ཆེན་གླིང་གི་དགེ་རྒན་དུ་གདན་ཞུས་ལྟར་ཕེབས། དེ་ནས་བཟུང་དགོན་སྡེ་འདིར་ཡང་ཡང་ཕེབས་ཏེ་འདུལ་བའི་ཉམས་ལེན་དང་གཞི་གསུམ་གྱི་ཕྱག་ལེན། ཕྱི་དྲོའི་ཁ་ཟས་སྤོང་བ། སྔ་ཆབ་ཕྱི་ཆབ་ལེན་པ། རུང་བ་བྱེད་ལུགས་སོགས་འདུལ་བའི་ཀུན་སྤྱོད་ཕྲ་མོ་ཚུན་ཆད་དང་། བསྟན་པའི་གཞི་མ་ཆོས་འདུལ་བ་དང་མཐུན་དགོས་པའི་ཚུལ་ལས་བརྩམས་པའི་བསླབ་བྱ་གནད་སྨིན་གནང་།
དགུང་གྲངས་བདུན་ཅུ་བཞེས་པ་ལྕགས་ལུག་༡༩༩༡ལོར་མགར་རྩེ་དགོན་པའི་དགེ་རྒན་དུ་གདན་ཞུས་ལྟར་ཟླ་གསུམ་པའི་ཡར་ཚེས་ལ་མགར་རྩེ་དགོན་ཐུབ་བསྟན་ཆོས་འཁོར་གླིང་དུ་ཕེབས་ཏེ། འཆད་པ་ཚངས་པའི་དབྱངས་ཀྱིས་ལས་དང་སྐལ་བ་ལྡན་པའི་སློབ་མ་རྗེས་སུ་བཟུང་བར་མཛད་དོ། །མདོར་ན་དགུང་ལོ་སོ་བཞི་བཞེས་པ་༡༩༥༥ལོར་སྐྱབས་མཆོག་རྡོ་རྗེ་འཆང་མ་ཧ་པཎྚི་ཏ་༧བསེ་སྐུ་ཕྲེང་དྲུག་པ་བློ་བཟང་དཔལ་ལྡན་ཆོས་ཀྱི་རྡོ་རྗེའི་མཚན་ཉིད་ཞབས་ཞུར་གནང་བ་ནས།
དགུང་གྲངས་བརྒྱད་བཅུ་བཞེས་པ་༢༠༠༢ལོའི་བར། གདན་ས་ཆེན་པོ་སེངྒེ་གཤོང་ཆོས་སྡེ་གོང་འོག་གཉིས། གཙོས་དགའ་ལྡན་ཆོས་གླིང་དང་། ཁ་སྟོད་དགེ་ལྡན་བསྟན་འཕེལ་གླིང་། སོག་ཚང་བཀྲ་ཤིས་ཐེག་ཆེན་གླིང་། རོང་བོ་དགོན་ཆེན་དང་། རྫོང་དམར་དགོན། གཏེར་ལུང་དགོན་པ། རོང་ངར་དགོན། ཀ་རིང་དགོན་པ། མགར་རྩེ་ཐུབ་བསྟན་ཆོས་འཁོར་གླིང་། གཉན་ཐོག་དགོན་པ་སོགས་སུ་སྐབས་སྐབས་སུ་གདན་ཞུས་ལྟར་ཕེབས་ནས་བཤད་སྒྲུབ་གཉིས་ཀྱིས་བསྟན་པ་འཕེལ་རྒྱས་ཀྱི་ཆེད་དུ་མདོ་སྔགས་ཀྱི་གཞུང་ཆེན་རྣམས་བཤད་ཁྲིད་དང་། ལམ་རིམ་དམར་ཁྲིད་དང་མྱོང་ཁྲིད། བཀླགས་ལུང་སོགས་གནང་སྟེ་གདུལ་བྱ་སོ་སོའི་ཁམས་དང་མོས་པ་ལྟར་གང་ལ་གང་འདོད་ཀྱིས་ཐུགས་དགྱེས་བཞིན་སོ་སོའི་རེ་བ་ཡོངས་སུ་བསྐངས་ཤིང་། གསུང་རྩོམ་ཡིག་ཆ་གསུམ་གྱི་ཕར་ཕྱིན་བཞེད་མཚམས་པད་དཀར་ཕྲེང་མཛེས་དང་། དབུ་མའི་བཞེད་མཚམས་མུ་ཏིག་ཕྲེང་མཛེས། གསང་ཆེན་སྔགས་ཀྱི་དོགས་སློང་རིག་འཛིན་རྩེད་འཇོའི་དགའ་སྟོན་སོགས་མདོ་སྔགས་རིག་གནས་མན་ངག་བཞི་ཆར་ཚང་བའི་གསུང་འབུམ་པོ་ཏི་ཆེན་པོ་བཞི་མཛད་པ་དང་། ཕྱོགས་སོ་སོའི་བསྒྲུབ་བྱ་བརྒྱ་ཕྲག་དུ་མ་ལ་རབ་བྱུང་དང་། དགེ་ཚུལ། བསྙེན་པར་རྫོགས་པའི་དགེ་སློང་གི་བསླབ་པའི་གཞི་ལ་བཀོད་པ་སྐོར་ཐེངས་བརྒྱ་ལྷག་དང་། ཁྱིམ་པ་སྟོང་ཕྲག་དུ་མ་ལ་བསྙེན་གནས་ཡན་ལག་བརྒྱད་ཀྱི་སྡོམ་པ་བསྩལ་ཏེ་སྡིག་སྤོང་དགེ་སྒྲུབ་ཀྱི་ལམ་ལ་བཀོད་པ་སོགས་སྐུ་ཚེ་གང་བོར་ཟབ་རྒྱས་ཆོས་ཀྱི་བདུད་རྩི་བར་མ་ཆད་དུ་འཇོ་བས་ཐུབ་བསྟན་སྤྱི་དང་བློ་བཟང་རྒྱལ་བ་གཉིས་པའི་མདོ་སྔགས་ཟུང་འབྲེལ་གྱི་བསྟན་པ་རིན་པོ་ཆེ་མི་ཉམས་གོང་དུ་འཕེལ་བའི་ཐབས་ཁོ་ན་ལྷུར་བཞེས་ལྟར་དེ་ལྟར་བསྟན་འགྲོའི་དོན་རྒྱ་ཆེར་མཛད་དེ།
དགུང་གྲངས་བརྒྱད་ཅུ་བཞེས་པ་ཆུ་རྟ་སྤྱི་ལོ ༢༠༠༢ ལོ་ཧོར་ཟླ ༡༠ ཚེས ༢ ཉིན་རེ་ཞིག་སྐུ་དངོས་ཀྱི་གདུལ་བྱ་རྫོགས་པར་དགོངས་སོ། ཚེས་༨ ཉིན་གྱི་སྔ་དྲོ་ཆུ་ཚོད་བརྒྱད་སྟེང་བསེ་རྡོ་རྗེ་འཆང་དབུ་བཞུགས་ཀྱིས་སྐུ་གདུང་ཞུགས་མཆོད་སྐབས་སུ་ཤར་གྱི་ཆུ་སྐྱེས་རི་རྩེ་ནས་འཇའ་འོད་ཀྱི་གུར་ཁང་ཕིབས་པ་སོགས་ཀུན་གྱི་མཐོང་སྣང་དུ་གྲུབ་པ་ནི་དད་པའི་གནས་སུ་གྱུར་བ་ཛ་ཡནྟུ།།
版权声明:版权归《卡加琼翁综合文学网》所有,未经允许任何单位或个人不得转载、复制或以任何其他方式使用排版素材与本文全部或部分,侵犯必究。
བདག་དབང་། ངེད་འཕྲིན་སྟེགས་འདིར་བཀོད་ཟིན་པའི་རྩོམ་ཡིག་དང་འཆད་ཁྲིད། རྒྱུ་ཆ་སོགས་གང་ཡིན་ཡང་ཆོག་མཆན་མེད་པར་རྐུ་འཁྱེར་དང་བཤུ་འགོད། ནང་དོན་དང་རྒྱུ་ཆ་སོགས་བཅད་གཏུབ་ཀྱིས་སྤེལ་ན་ཁྲིམས་ལྟར་རྩད་གཅོད་ཡོད།
དོ་ཁུར་གནང་རོགས།
谢谢关注视频号
དཔེ་ ཀློག
དཔེ་ཀློག| ཤེས་རབ་ཀྱི་མི་ཚེ།
འཆད་ཁྲིད།|བརྩོན་འགྲུས་ཀྱི་སྟོབས།
རྩོམ་རིག|གཞུང་ལུགས་ཀྱི་འཇིངས།
赞赏
འཕྲིན་སྟེགས་སུ་ཚོགས་པ་དང་མི་སྒེར་གང་རུང་གི་ཁེ་དབང་ལ་གནོད་པའི་ནང་དོན་ཅན་ཡོད་ཚེ་མྱུར་དུ་འབྲེལ་གཏུགས་བྱོས་དང་དྲྭ་ལམ་ནས་བསུབ་ཆོག
རྩོམ་པ་བོ་དག་གིས་ཡིད་གཟབ་གནང་རྒྱུ་ཞིག་ལ། སྐུ་ཉིད་ཀྱི་བརྩམས་ཆོས་གང་ཡིན་གཞན་གྱི་འཕྲིན་སྟེགས་སུ་བསྐུར་ཟིན་པ་དག་འདིར་མི་བསྐུར་བར་ཞུ། རྒྱུ་མཚན་བརྩམས་ཆོས་དེ་སྟེགས་བུ་གཅིག་ལ་དབང་ན་ལེགས་པ་དང་དེ་མིན་འགོད་མི་ཐུབ་པའི་དཀའ་ལས་སུ་འཕྲད་པས་དེའི་ལུགས་ལ་ཡིད་འཇགས་འཚལ།
ནང་དོན་འགོད་ལུགས།
༄༅།།ཁྱུང་སྔོན་བོད་ཡིག་རྩོམ་རིག་སྤྱི་སྟེགས་ནི་བོད་ཀྱི་རྩོམ་པ་པོའི་དཔུང་སྡེའི་ཐུན་མོང་ལ་དབང་བའི་སྣ་འཛོམས་རང་བཞིན་ཅན་གྱི་དྲ་ལམ་རྩོམ་ཡིག་སྤེལ་སའི་སྡིངས་ཆ་ཞིག་ཡིན།དེར་དཔྱད་རྩོམ་དང་འབོལ་རྩོམ་ལྷུག་རྩོམ་སྙན་ངག འཆད་ཁྲིད། གླུ་གཞས་དང་གྱེར་འདོན། ཡིག་གཟུགས་དང་དེབ་འཕྲིན་སོགས་འགོད་ཀྱིན་ཡོད་པས་ཁྱེད་ཅག་གིས་རྩོམ་ཡིག་སྤུས་གང་དག་རེ་བསྐུར་གནང་ཡོང་བར་ཞུ།
琼翁藏文文学平台是属于整个藏族作家的一种多样性的文学平台,在这里你可以阅读到论文、散文、诗歌、随笔、书法及书信;还可以聆听到讲座、歌曲、朗诵。这里无奇不有,应有尽有。也欢迎各位作家前来投稿!