༄༅།།སེམས་བསྐྱེད་ཀྱི་དོན་ལ་དཔྱད་པ་སྐལ་མཉམ་བློ་ཡིས་འཆུན་པ།
རྫོགས་ཆེན་པ་པདྨ་དབང་འདུས།
སྲིད་མཚོ་ལས་སྒྲོལ་བདེར་གནས་འདྲེན་པར་བྱེད། །
བསོད་ནམས་ཡེ་ཤེས་ཚོགས་གཉིས་གོམས་པའི་རྒྱུ། །
དཔག་ཡས་ནུས་པའི་དཔལ་འཛིན་ཡིད་བཞིན་ནོར། །
རིན་ཆེན་བྱང་ཆུབ་སེམས་མཆོག་འབྲལ་མེད་བསྟེན། །
གཞན་བཞེད་ཅིས་ཀྱང་འགོག་སྙམ་གུ་དོག་བློ། །
ཞེ་འདོད་གཅིག་ཏུ་སྒྲུབ་པ་ནོངས་པའི་ལས། །
ཡོངས་སུ་སྤངས་ཏེ་རང་བློར་འབྱོར་བའི་ཆེད། །
ཡང་གཅིག་འབྲི་ལ་སྤྲོ་བ་གཏིང་ནས་འཕེལ། །
ཇི་སྐད་དུ་བྱང་ཆུབ་སེམས་དཔའི་སྡེ་སྣོད་ཀྱི་མདོ་ལས། མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་འཚང་རྒྱ་བར་འདོད་པས། ལྷག་པའི་བསམ་པ་བྱང་ཆུབ་ཀྱི་སེམས་ལ་བསླབ་པར་བྱའོ། །ཞེས་གསུངས་པ་ལྟར་རྒྱལ་སྲས་བྱང་སེམས་རྣམས་ཀྱི་སྤྱོད་པ་རྒྱ་མཚོ་ལྟ་བུའི་སྙིང་པོ། ཐེག་པ་མཆོག་གི་ལམ་གྱི་འཇུག་སྒོ། དཀར་ཆོས་རྣམ་པར་འཕེལ་བའི་རྩ་བ། སངས་རྒྱས་འགྲུབ་པའི་ས་བོན་ཉག་གཅིག་ཏུ་གྱུར་པ་བསམ་པ་བྱང་ཆུབ་ཆེན་པོར་སེམས་བསྐྱེད་པའི་དོན་བཤད་པ་ལ། ངོ་བོ། དབྱེ་བ། ས་མཚམས་གསུམ་ལས།
དང་པོ་ངོ་བོ་ནི། འདིར་མངོན་རྟོགས་རྒྱན་ལས། སེམས་བསྐྱེད་པ་ནི་གཞན་དོན་ཕྱིར། །ཡང་དག་རྫོགས་པའི་བྱང་ཆུབ་འདོད། །ཅེས་སེམས་བསྐྱེད་ཀྱི་ངོ་བོ་བསྟན་པའི་གཞུང་འདིའི་དོན་བཀྲལ་ཚུལ་ལ་འཕགས་བོད་ཀྱི་པཎ་གྲུབ་སྔ་ཕྱི་རྣམས་མི་འདྲ་བའི་ཁྱད་པར་སྣ་ཚོགས་པ་ཞིག་བྱུང་ཞིང་། དེ་དག་ལས་འགའ་ཞིག་གིས་མཚན་ཉིད་ཕྱོགས་རེ་བ་ཀུན་རྫོབ་སེམས་བསྐྱེད་ཁོ་ནའི་མཚན་ཉིད་དུ་འདོད་ཅིང་། དེའི་རྒྱུ་མཚན་ཡང་དོན་དམ་སེམས་བསྐྱེད་ནི་མདོ་སྡེ་རྒྱན་ལས་གསུངས་པ་ལྟར་ཡུལ་ཆོས་ཉིད་ཀྱི་དོན་ལ་འཛིན་སྟངས་ཀུན་དང་བྲལ་ཞིང་རྣམ་པར་མི་རྟོག་པའི་ཡེ་ཤེས་སུ་གྲུབ་པས། འདིར་དམིགས་རྣམ་དང་བཅས་པ་དངོས་སུ་བསྟན་པའི་མཚན་ཉིད་ཀྱིས་མ་ཁྱབ་པ་ལྟ་བུར་གསུངས་པ་དང་། ཡང་ལ་ལས་ཀུན་རྫོབ་སེམས་བསྐྱེད་ཁོ་ནའི་མཚན་ཉིད་ཡིན་ཡང་སེམས་བསྐྱེད་སྤྱི་ལ་མ་ཁྱབ་པར་མི་འགྱུར་ཏེ། སེམས་བསྐྱེད་དང་ཀུན་རྫོབ་སེམས་བསྐྱེད་དོན་གཅིག་པ་ཡིན་ལ། དོན་དམ་སེམས་བསྐྱེད་ལ་སེམས་བསྐྱེད་ཀྱི་སྒྲས་བསྟན་པ་ཙམ་ཡོད་ཀྱང་དམིགས་པ་གཞན་དོན་དང་བྱང་ཆུབ་ལ་དམིགས་ནས་རྣམ་པ་དོན་དུ་གཉེར་བའམ་ཐོབ་འདོད་ཅན་མ་ཡིན་པ་རྒྱུ་མཚན་དུ་བྱས་ནས་སེམས་བསྐྱེད་ཀྱི་དོན་མི་ཚང་ཞེས་དེ་ལྟར་རྣམ་བཞག་སྣ་ཚོགས་པ་སྣང་ཞིང་ཁྱད་པར་དུ་ཕྱིས་ཀྱི་བོད་འགྲེལ་རྣམས་སུ་ཤིན་ཏུ་མང་ངོ་། །
དེ་ལ་རང་གི་འདོད་པ་ནི། གཞུང་རྩ་བ་ལས། སེམས་བསྐྱེད་པ་ནི་ཞེས་པས་མཚོན་བྱ་དང་། གཞན་དོན་ཕྱིར། །ཡང་དག་རྫོགས་པའི་བྱང་ཆུབ་འདོད། །ཅེས་པས་མཚན་ཉིད་བསྟན་ཅིང་། དེའང་ཀུན་རྫོབ་དང་དོན་དམ། སྨོན་པ་དང་འཇུག་པ་སོགས་གང་གིས་ཀྱང་ཁྱད་པར་མ་ཕྱེད་པའི་སྒོ་ནས་སྤྱིར་ཐེག་ཆེན་སེམས་བསྐྱེད་ཀྱི་མཚན་ཉིད་བསྟན་པ་དང་། དེ་ལྟ་བུའི་མཚན་ཉིད་དེ་ནི། ཤིང་རྟ་ཆེན་པོ་རྒྱལ་ཚབ་བྱམས་མགོན་དང་འཕགས་པ་ཐོགས་མེད་རྣམ་གཉིས་ཀྱི་དགོངས་པའི་ཞེ་ཕུག འགྲེལ་བྱེད་མཁན་པོ་འཕགས་སེང་གཉིས་ལ་སོགས་པའི་ཐུགས་དམ་ཀྱི་མཐིལ། སྔ་འགྱུར་བསྟན་པའི་གསལ་བྱེད་རྒྱལ་བ་ཀློང་ཆེན་རབ་འབྱམས་དང་དཔལ་སྤྲུལ་སེམས་དཔའ་ཆེན་པོ། འཇམ་མགོན་མི་ཕམ་དང་སྨིན་གླིང་ལོ་ཆེན་སོགས་ཀྱི་བཞེད་པའི་སྙིང་པོ་གནད་གཅིག་ཏུ་དྲིལ་ཏེ་ཀུན་མཁྱེན་བོད་པ་སྤྲུལ་སྐུས་ཤེར་འགྲེལ་མ་ཕམ་ཞལ་ལུང་ལས།དོན་གཉིས་ལྡན་པའི་ཐབས་ཤེས་ཁྱད་པར་ཅན་ཏེ། ཞེས་གསུངས་པ་འདི་ཉིད་ཡིན་ལ། དེའང་དོན་གཉིས་ལྡན་པའི་ཚུལ་ནི། བློ་གཅིག་ལ་དུས་མཉམ་དུ་དམིགས་རྣམ་ཐ་དད་པ་དུ་མ་ཡོང་མི་སྲིད་པས་གཞན་དོན་ལ་དམིགས་པའི་སྙིང་རྗེའི་བློ་དང་། རྫོགས་བྱང་ལ་དམིགས་པའི་ཤེས་རབ་ཀྱི་བློ་གཉིས་ལྷན་དུ་ཚོགས་པ་ལྟ་བུའི་དམིགས་རྣམ་དུ་མ་ཅན་མ་ཡིན་ཞིང་། ཡང་དོན་གཉིས་པོ་ནི་རྒྱུ་སྙིང་རྗེ་དང་གྲོགས་ཤེས་རབ་གཉིས་ལ་ངོས་བཟུང་སྟེ། དེ་གཉིས་ཀྱིས་རྩིས་ཟིན་པ་ལ་དོན་གཉིས་ལྡན་ཞེས་བརྗོད་ཚུལ་རྣམ་གྲངས་ཅི་རིགས་ཡོད་ཀྱང་། གནད་དོན་རང་གི་གོ་ཚུལ་ནི། མཚན་ཉིད་འདི་ལ་ཟུར་གཉིས་ཡོད་ཅིང་། ཟུར་དང་པོ་དོན་གཉིས་ལྡན་པ་ཞེས་པའི་གོ་བ་ནི་གཞན་དོན་གྱི་ཕྱིར་དུ་ཞེས་པའི་དོན་དེ་དང་རྫོགས་པའི་བྱང་ཆུབ་ལ་དམིགས་པའི་དོན་དེ་གཉིས་པོ་ཚང་ཚུལ་ཙམ་ཡིན་ཞིང་། ཟུར་དེས་རྣམ་བཅད་ལ་ཐེག་དམན་ཉན་རང་གི་རྒྱུད་ཀྱི་རང་གཅིག་པུའི་དོན་དུ་བྱང་ཆུབ་ཅི་རིགས་ལ་དམིགས་པའི་བློ་ལྟ་བུ་སེམས་བསྐྱེད་མ་ཡིན་པར་བསྟན་ཏེ། ཡོངས་གཅོད་ལ་ཐེག་ཆེན་ལམ་ཞུགས་པའི་རྒྱུད་ཀྱི་དོན་གཉིས་ལྡན་པའི་བློ་རྣམས་སེམས་བསྐྱེད་དུ་སྒྲུབ་པ་ཡིན་ལ། ཟུར་གཉིས་པ་ཐབས་ཤེས་ཁྱད་པར་ཅན་གྱི་དོན་ནི། ཐབས་ཁྱད་པར་ཅན་སྙིང་རྗེ་ཆེན་པོས་རྒྱུ་བྱས་པ་དང་། ཤེས་རབ་ཁྱད་པར་ཅན་བྱང་ཆུབ་མཐར་ཐུག་པའམ་ཡང་དག་པའི་བྱང་ཆུབ་ལ་དམིགས་པའི་ཤེས་རབ་ཀྱིས་ངོ་བོ་མཚོན་པ་ཡིན་ཞིང་། ཟུར་དེས་རྣམ་བཅད་ལ་ལམ་མ་ཞུགས་པའི་གང་ཟག་གི་རྒྱུད་ཀྱི་སྙིང་རྗེ་སྔོན་དུ་མ་སོང་པ་དང་སྙིང་རྗེ་ཙམ་སྔོན་དུ་སོང་བའི་གཞན་དོན་དུ་རྫོགས་བྱང་ལ་དམིགས་པའི་བློ་རྣམས་སེམས་བསྐྱེད་མ་ཡིན་པར་བསྟན་པ་དང་། ཡོངས་གཅོད་ཀྱི་བསྒྲུབ་བྱ་གོང་དང་མཚུངས་པ་ཡིན་ནོ། །རྒྱུ་མཚན་དེས་ན་ཤེར་འགྲེལ་མ་ཕམ་ཞལ་ལུང་ལས་ཀྱང་མཚན་ཉིད་བསྟན་པའི་མཇུག་ཐོགས་སུ་དེའི་དོན་འདྲེན་པའི་ལྷག་བཅས་ཀྱི་སྒྲས་དྲངས་ཏེ། སྙིང་རྗེའི་ཐབས་ཀྱིས་གཞན་དོན་གྱི་ཕྱིར་དུ་ཤེས་རབ་ཀྱིས་ཡང་དག་རྫོགས་པའི་བྱང་ཆུབ་འདོད་པའོ། །ཞེས་མཚན་ཉིད་ཀྱི་གོ་དོན་གཞན་དུ་མི་འཁྱོར་བའི་ཐབས་སུ་དམིགས་ཀྱིས་བསྟན་པའི་འགང་ཆེན་གྱི་གཞུང་འདི་ལྟ་བུའི་དོན་སྙིང་པོར་བྱེད་པ་ནི་ཅིས་ཀྱང་གལ་ཆེ་བར་སེམས་སོ། །དེ་ལྟར་ན་དོན་དམ་སེམས་བསྐྱེད་ལ་མཚན་ཉིད་ཀྱི་དོན་འདི་འགྲེལ་བཤད་དཀའ་འོ་སྙམ་ན། འདིར་སྙིང་རྗེའི་ཐབས་ཀྱིས་གཞན་གྱི་ཆེད་དུ་རྫོགས་པའི་བྱང་ཆུབ་འདོད་ཅེས་པའི་དོན་ནི་རྫོགས་བྱང་ལ་དམིགས་པའི་གོ་བ་ཡིན་ཞིང་། དེ་ལ་འཛིན་སྟངས་མངོན་ལྐོག་ཅི་རིགས་པས་རྫོགས་བྱང་ཐོབ་པར་བྱའོ་སྙམ་པའི་རྟོག་བློའི་ཞེན་ཚུལ་དངོས་ཤིག་དང་། འཛིན་སྟངས་ཀུན་དང་བྲལ་བའི་སྒོ་ནས་དམིགས་པ་མེད་པའི་ཚུལ་གྱིས་རྫོགས་བྱང་ལ་དམིགས་ཚུལ་གཉིས་ལས། དོན་དམ་སེམས་བསྐྱེད་ཀྱིས་རྫོགས་བྱང་འདོད་པའམ་དམིགས་ཚུལ་ནི་ཕྱི་མ་འདི་ཁོ་ན་ལྟར་བཟུང་བར་བྱའོ། །འོ་ན་འདིར་རྫོགས་པའི་བྱང་ཆུབ་ལ་དོན་དམ་དང་ཀུན་རྫོབ་ཀྱི་སེམས་བསྐྱེད་གཉིས་ཀས་དམིགས་པའི་ཚེ་ཅིའི་ཕྱིར་དམིགས་ཚུལ་མི་འདྲ་བའི་ཁྱད་པར་འདི་གཉིས་འབྱུང་ཞེ་ན། དེ་ནི་སྨིན་གླིང་ལོ་ཆེན་གྱིས་སྡོམ་གསུམ་དཔག་སྙེ་ལས་གསུངས་པ་ལྟར་དམིགས་ཡུལ་རྫོགས་བྱང་དེ་ལ་ཆོས་ཅན་དང་ཆོས་ཉིད་ཀྱི་ཁྱད་པར་གྱིས་དེ་ལྟར་འབྱུང་བ་ཡིན་ཞིང་། དེའང་ཆོས་ཅན་དང་ཆོས་ཉིད་རྫོགས་བྱང་གི་དོན་ནི། གཞུང་གཞན་ལས་དོན་དམ་ལ་བསྟན་པ་དོན་དམ་དང་རྟོགས་པ་དོན་དམ་ཞེས་གཉིས་སུ་འབྱུང་བ་ལྟར། འདིར་ཡང་སྒྲ་རྟོག་གི་ཡུལ་དུ་གྱུར་བ་གདུལ་བྱ་བཀྲི་བའི་ཐབས་སུ་བསྟན་པའི་རྫོགས་བྱང་རྗེས་མཐུན་པ་ནི་ཆོས་ཅན་རྫོགས་བྱང་དང་། སོ་སོའི་སྐྱེ་བོའི་ཡུལ་ལས་འདས་པ་འདི་ཞེས་ཚིག་གིས་བརྗོད་པ་དང་བློས་བསམ་དུ་མེད་པའི་རྫོགས་བྱང་མཐར་ཐུག་པ་ནི་ཆོས་ཉིད་རྫོགས་བྱང་ཡིན་ལ། དེ་དང་རྣམ་གྲངས་མིན་པའི་དོན་དམ། གཞི་དབུ་མ་དང་གཞི་ཤེར་ཕྱིན། འགོག་བདེན་མཐར་ཐུག་རྣམས་གནད་གཅིག་ཏུ་འབབ་པར་རང་གི་གོ་ཚུལ་ཙམ་མོ། །
དེ་ནས་ཡང་འཕྲོས་དོན་གྱི་ཚུལ་དུ་མཚན་གཞི་སེམས་སེམས་བྱུང་གིི་དོན་རོབ་ཙམ་ཞུ་ན། སེམས་བསྐྱེད་ཀྱི་མཚན་གཞི་ལ་བྱམས་པ་དང་ཐོགས་མེད་སྐུ་མཆེད་ཀྱིས་སེམས་བྱུང་དུ་འདོད་པ་དང་། འཕགས་སེང་གཉིས་སོགས་ཀྱིས་གཙོ་སེམས་སུ་འདོད་པ་གཉིས་བྱུང་བར་ཡོངས་སུ་གྲགས་པ་ལྟར་ཡིན་ལ། དེའི་དོན་བོད་འགྲེལ་རྣམས་སུ་བཀྲལ་ཚུལ་ཅི་རིགས་བྱུང་མོད། རང་ལུགས་ཀུན་མཁྱེན་བོད་སྤྲུལ་གྱིས་ཟིན་བྲིས་ལས་གསལ་བ་ལྟར། ཇི་སྲིད་ལུགས་ཆེན་པོ་དེ་གཉིས་གནད་གཅིག་ཏུ་མ་གོ་བ་དེ་སྲིད་དུ་འཕགས་སེང་གཉིས་ཀྱིས་བྱམས་པའི་དགོངས་པ་མི་སྒྲུབ་པར་དགག་པར་འགྱུར་བ་གདོན་མི་ཟ་བས་གནད་གཅིག་ཏུ་གོ་བ་གལ་ཆེ་ཞིང་། དེའང་གནད་གཅིག་པའི་ཚུལ་ནི། ཐོགས་མེད་སྐུ་མཆེད་ཀྱིས་སེམས་བྱུང་དུ་འཆད་པ་ལས་གཙོ་སེམས་སུ་གྱུར་པའི་སེམས་བསྐྱེད་ཡོད་པ་མི་གསལ་བ་ལ་བརྟེན་ནས། སེམས་བསྐྱེད་ལ་སེམས་བྱུང་གིས་ཁྱབ་པར་འདོད་པའི་རིགས་ཅན་གྱི་གདུལ་བྱའི་ངོར། གཙོ་སེམས་ཀྱང་ཡོད་པར་གོ་བའི་དོན་དུ་འཕགས་སེང་གཉིས་ཀྱིས་དེ་ལྟར་བཀྲལ་བ་ལས། ཐོགས་མེད་སྐུ་མཆེད་ཀྱི་བཞེད་པ་སུན་ཕྱུང་ནས་སེམས་བསྐྱེད་ལ་གཙོ་སེམས་ཀྱིས་ཁྱབ་པར་སྒྲུབ་པའི་དོན་ག་ལ་ཡིན། འོ་ན་འགྲེལ་བ་རྣམས་སུ་བདེན་མོད་ཀྱི་ཞེས་གསུངས་པའི་དོན་གང་ཡིན་ཞེ་ན། བྱང་ཆུབ་དོན་གཉེར་གྱི་འདུན་པ་ནི་སེམས་བྱུང་ཡིན་ལ། སེམས་བསྐྱེད་ལ་གཙོ་སེམས་འབྱུང་བའམ་ཡོད་པ་མ་ཡིན་ནམ། ཇི་ལྟར་ན་བྱང་ཆུབ་དོན་གཉེར་གྱི་འདུན་པ་ཁོ་ན་སེམས་བསྐྱེད་ཡིན་པར་འགྱུར་ཞེ་ན། དེ་ཁོ་ན་སེམས་བསྐྱེད་མ་ཡིན་པར་བདེན་མོད་ཀྱི་ཞེས་པའི་དོན་ཡིན་ནོ། །དེས་ན་སེམས་བསྐྱེད་ལ་སེམས་སེམས་བྱུང་ཅི་རིགས་པ་ཡོད་ཀྱང་དེ་གཉིས་གང་རུང་གིས་མ་ངེས་ཏེ་སངས་རྒྱས་འཕགས་པའི་རྒྱུད་ཀྱི་སེམས་བསྐྱེད་ནི། སེམས་འགགས་པ་དེ་སྐུ་ཡིས་མངོན་སུམ་མཛད། །ཅེས་དང་། སངས་རྒྱས་རྣམས་ལ་ནི་ཆོས་ཐམས་ཅད་རྣམ་པ་ཐམས་ཅད་དུ་མངོན་པར་རྫོགས་པར་བྱང་ཆུབ་པའི་ཕྱིར། སེམས་དང་སེམས་ལས་བྱུང་བའི་རྒྱུ་བ་གཏན་ལོག་པ་ཡིན་ནོ། །ཞེས་འཇུག་པ་རྩ་འགྲེལ་ལས་ཇི་ལྟར་གསུངས་པའི་དོན་དྲན་པར་བྱའོ། །ཡང་འདིར་གཙོ་སེམས་སེམས་བསྐྱེད་ཀྱི་འཁོར་དུ་བྱུང་པའི་བྱང་ཆུབ་དོན་གཉེར་གྱི་འདུན་པ་ལྟ་བུ་སེམས་བསྐྱེད་དུ་འགྲོ་བའི་རྒྱུ་མཚན་ལ། ཀུན་མཁྱེན་ཆེན་པོས་ཡིད་བཞིན་མཛོད་ལས། སེམས་དང་སེམས་བྱུང་མཚུངས་པར་འཇུག་པས་ན། ཞེས་དང་། ཤེར་ཕྱིན་ཟིན་བྲིས་ལས། མདོར་ན་སེམས་སེམས་བྱུང་གི་དམིགས་པ་སོགས་མཚུངས་པ་ལྔ་མཚུངས་ཀྱི་དོན་རྟོགས་པར་བྱའོ། །ཞེས་མཚུངས་པ་ལྔ་མཚུངས་རྒྱུ་མཚན་དུ་གསུངས་པ་དེ་ལྟར་ན་གཙོ་སེམས་དེ་དང་དེ་སེམས་བསྐྱེད་དུ་གྱུར་པ་དེའི་ཚེ། དེ་དང་མཚུངས་པར་ལྡན་པའི་སེམས་བྱུང་ཀུན་ཀྱང་སེམས་བསྐྱེད་དུ་འགྱུར་ཞིང་། མཐར་གཏུགས་ན་འདོད་ཆགས་དང་ཁོང་ཁྲོར་གྱུར་པའི་སེམས་བསྐྱེད་ཡོད་པར་འགྱུར་བས་ཧ་ཅང་ཐལ་བ་མ་ཡིན་ནམ་ཞེ་ན། དེ་མ་ཡིན་པའི་ཚུལ་ནི་འདི་ལྟར་ཏེ། གཙོ་སེམས་སེམས་བསྐྱེད་དེའི་འཁོར་དུ་བྱུང་བའི་སེམས་བྱུང་ཀུན་ཀྱང་སེམས་བསྐྱེད་དུ་འགྱུར་བ་བདེན་མོད། འདོད་ཆགས་ལ་སོགས་པའི་ངོ་བོར་གྱུར་པའི་སེམས་བསྐྱེད་ཡོད་པར་མི་འགྱུར་ཏེ། དེ་དག་མི་དགེ་བའི་སེམས་བྱུང་ཡིན་པའི་ཕྱིར། ཁྱབ་སྟེ། གཙོ་སེམས་དགེ་བའི་འཁོར་དུ་སེམས་བྱུང་མི་དགེ་བ་འབྱུང་མི་སྲིད་པར་མངོན་པ་གོང་འོག་གཉིས་ཀའི་ཐུན་མོང་གི་ལུགས་སུ་གྲུབ་པའི་ཕྱིར་རོ། །
ཐེག་ཆེན་སེམས་བསྐྱེད་མཚན་ཉིད་ཀྱང་། །
གཞན་དག་རྣམ་གཞག་ཅིར་ཡང་སྨྲ། །
རང་བཞེད་ཤིང་རྟ་ཆེན་པོ་ཡི། །
དགོངས་དོན་གཞུང་བཞིན་འཆད་པར་མཛད། །
དེ་ཡི་མཚན་གཞི་ཁ་ཡར་བ། །
ཤིང་རྟའི་དགོངས་པ་འགལ་བར་འཆད། །
རང་བཞེད་ཀུན་མཁྱེན་ཆེན་པོ་ཡིས། །
འགལ་མེད་གནད་དོན་གཅིག་ཏུ་བཞེད། །
ཅེས་པ་ནི་ལྟ་གྲུབ་ཤན་འབྱེད་ལས་འདིར་སྡོམ་དུ་དྲངས་པའི་ཚིགས་སུ་བཅད་པ་གཉིས་སོ། །
གཉིས་པ་དབྱེ་བ་ནི། སྤྱིར་ཚན་པ་དང་ས་མཚམས་ཅི་རིགས་པའི་སྒོ་ནས་དབྱེ་བའི་རྣམ་གྲངས་དུ་མར་འཆད་པ་ཡོད་ཀྱང་། བསྡུ་ན་ཀུན་གྱིས་བྱང་སེམས་སྤྱོད་འཇུག་ཆེན་མོའི་རྗེས་སུ་འབྲང་སྟེ། ཇི་ལྟར་གསུངས་པའི་སྨོན་འཇུག་གི་སེམས་བསྐྱེད་གཉིས་སུ་འདོད་པ་འདྲ་ཡང་། དེའི་དོན་བཀྲལ་ཚུལ་ལ་མི་མཐུན་པའི་ཁྱད་པར་སྣ་ཚོགས་པ་ཞིག་བྱུང་སྟེ། དེ་ཡང་སྨོན་འཇུག་གཉིས་པོ་ནི་སེམས་བསྐྱེད་ཀྱི་སྒྲས་བརྗོད་རིགས་ཀྱི་དབྱེ་བ་དང་། ཡང་ན་ཀུན་རྫོབ་སེམས་བསྐྱེད་ཁོ་ནའི་དབྱེ་བར་བཞེད་པ་སོགས་དང་། ཡང་དེ་གཉིས་ཀྱི་ཁྱད་པར་ལ། སོ་སྐྱེ་དང་འཕགས་པ། ཚོགས་ལམ་དང་སྦྱོར་ལམ་ཡན་ཆད། ཆོ་གས་མ་བླངས་པ་དང་བླངས་པ། བྱང་ཆུབ་ཀྱི་སྤྱོད་པས་མ་ཟིན་པ་དང་ཟིན་པ། འབྲས་བུ་སངས་རྒྱས་ལ་དམིགས་པ་དང་རྒྱུ་ལམ་ལ་དམིགས་པའི་ཁྱད་པར་གྱིས་རིམ་བཞིན་སྨོན་འཇུག་གི་སེམས་བསྐྱེད་གཉིས་སུ་འདོད་ཅིང་དེའི་དོན་ལ་དགག་བཞག་མང་པོར་བྱས་ཀྱང་། སྐབས་དོན་རང་གི་འདོད་པ་ནི། སྨོན་འཇུག་གི་སེམས་བསྐྱེད་འདི་གཉིས་མཁན་པོ་ཀུན་དཔལ་གྱིས་ངོ་བའི་སྒོ་ནས་རྣམ་པ་གཉིས་སུ་ཤེས་པར་བྱ་སྟེ། ཞེས་གསུངས་པ་ལྟར་སེམས་བསྐྱེད་ཀྱི་ངོ་བོའི་དབྱེ་བ་ཡིན་པས་དེ་ལས་ཉུང་བ་དང་ལྷག་པའི་སྐྱོན་ཀུན་དང་བྲལ་བ་ཡིན་ཞིང་། དེ་གཉིས་ཀྱི་ངོ་བོ་དང་ཁྱད་པར་ནི། བྱང་སེམས་སྤྱོད་འཇུག་ཆེན་མོ་ཁུངས་སུ་བྱས་ཏེ་ཀུན་མཁྱེན་ཆེན་པོས་གཞུང་རྣམས་ལས་སྨོན་འཇུག་གཉིས་པོ་ངོ་བོ་གཅིག་ལ་ལྡོག་པ་ཐ་དད་ཡིན་པ་དང་། བྱང་སེམས་སོ་སྐྱེ་ནས་སངས་རྒྱས་སའི་བར་གྱི་སེམས་བསྐྱེད་ཐམས་ཅད་ཀྱི་སྐབས་སུ་སྨོན་འཇུག་གཉིས་རེ་ཡོད་པར་གསུངས་པ་ནི་ཐུན་མིན་གྱི་བཞེད་པ་ཡིན་ནོ། །འོ་ན་དེའི་དོན་གང་ཡིན་ཞེ་ན། སྨོན་པ་སེམས་བསྐྱེད་ནི་གཞན་དོན་དུ་བྱང་ཆུབ་འདོད་པའམ་དོན་དུ་གཉེར་བའི་ཆ་ནས་འཇོག་པ་དང་། འཇུག་པ་སེམས་བསྐྱེད་ནི་སྦྱོར་བས་ཁྱབ་པ་སྟེ་སྦྱིན་པ་ལ་སོགས་པའི་ཉམས་ལེན་གྱིས་རྩིས་ཟིན་པ་མཐར་ཕྱིན་པའམ་དངོས་སུ་ཟིན་པའི་ཆ་ནས་བཞག་དགོས་ལ། དེ་ནས་སེམས་བསྐྱེད་ཡིན་ཕྱིན་ཆད་གཞན་དོན་དུ་བྱང་ཆུབ་མི་འདོད་པ་དང་སྦྱིན་སོགས་སྦྱོར་བས་མ་ཁྱབ་པ་གཅིག་ཀྱང་མེད་པས་ངོ་བོའི་ཆ་ནས་སྨོན་འཇུག་གཉིས་ཀ་ཡིན་པའམ་གཉིས་ཀའི་དོན་ཚང་པ་ནི་འདིར་ངོ་བོ་གཅིག་པའི་དོན་ཡིན་ཞིང་། དེས་ན་ས་ལྟ་བུའི་སེམས་བསྐྱེད་གཅིག་ཉིད་ལ་གཞན་དོན་དུ་བྱང་ཆུབ་འདོད་པའི་ཆ་ནས་སྨོན་པ་སེམས་བསྐྱེད་དང་། སྦྱིན་སོགས་ཕྱིན་དྲུག་གི་ཉམས་ལེན་གྱིས་ཟིན་པའི་ཆ་ནས་འཇུག་པ་སེམས་བསྐྱེད་དེ། དེ་ལྟ་བུའི་ཆ་གཉིས་རེ་དང་ལྡན་པ་ལྟར་སེམས་བསྐྱེད་ཀུན་ལ་རིགས་འགྲེ་སྟེ་སྦྱར་ན། སེམས་བསྐྱེད་གང་དང་གང་གི་སྐབས་སུ་ཡང་སྨོན་འཇུག་གཉིས་པོ་ཡོད་ན་ཡོད་མཉམ་དང་མེད་ན་མེད་མཉམ་དུ་གྲུབ་པར་ཤེས་ནུས་སོ། །དེ་ཡང་བྱང་ས་ལས། སྨོན་པ་དང་འཇུག་པ་འདི་གཉིས་ནི། ངོ་བོ་དབྱེར་མེད་པས་གཞན་གྱི་དོན་དུ་བྱེད་པ་གཅིག་པ་ཉིད་དང་། ཐ་མི་ཐད་པའི་རང་བཞིན་དུ་ཤེས་པར་བྱ་བ་ཉིད་དོ། །ཞེས་དང་། ཀུན་མཁྱེན་ཆེན་པོས་སེམས་ཉིད་ངལ་གསོའི་འགྲེལ་བ་ཤིང་རྟ་ཆེན་པོ་ལས། དེ་ཡང་སྨོན་འཇུག་གི་ངོ་བོ་གཅིག་ཏུ་སྐྱེ་བ་ཡིན་གྱི་དངོས་པོ་ཐ་དད་པ་ནི་མེད་དོ། །ཆོ་ག་ལས་ཐ་དད་པ་ལྟར་སྦྱར་བ་ཡང་ལྡོག་པ་ཐ་དད་པ་གསུམ་བརྗོད་པ་གསུམ་ལས་སྐྱེ་བ་ཡིན་གྱི། ངོ་བོ་ཐ་དད་པ་མ་ཡིན་ཏེ། བློ་རྫས་གཅིག་དུས་གཅིག་བྱེད་པ་གཅིག་པའི་བདག་ཉིད་ཡིན་པའི་ཕྱིར་རོ། །ཞེས་གསུངས་པས་སོ། །དེ་ལྟར་ན་མདོ་སྡོང་པོ་བཀོད་པ་དང་ཞི་བ་ལྷས་བསླབ་བཏུས། ཀ་མ་ལ་ཤཱི་ལས་སྒོམ་རིམ་སོགས་སུ་སྨོན་འཇུག་གཉིས་པོ་ངོ་བོ་ཐ་དད་པ་དང་སྐྱེ་ཚུལ་རིམ་པ་ཅན། རྒྱུན་དང་ས་མཚམས་རྣམས་མི་འདྲ་བའི་ཁྱད་པར་དང་བཅས་ཏེ་གསུངས་པ་དང་། སྤྱོད་འཇུག་རང་གི་ནང་དུ། བྱང་ཆུབ་སྨོན་པའི་སེམས་ལས་ནི། །འཁོར་ཚེ་འབྲས་བུ་ཆེ་འབྱུང་ཡང་། །ཇི་ལྟར་འཇུག་པའི་སེམས་བཞིན་དུ། །བསོད་ནམས་རྒྱུན་ཆགས་འབྱུང་བ་མིན། །ཞེས་ཕན་ཡོན་གྱི་ཁྱད་པར་མི་འདྲ་བར་གསུངས་པ་རྣམས་དང་འགལ་བ་མ་ཡིན་ནམ། ཇི་ལྟར་ན་འཐད་པར་འགྱུར་ཞེ་ན། འདིའི་ལན་ལ་རང་ལུགས་ཡིག་ཆའི་གསལ་ཁ་མེད་ན་ཡང་། ཀུན་མཁྱེན་གོ་རམས་པས་ཀྱང་སྨོན་འཇུག་གི་སེམས་བསྐྱེད་གཉིས་ངོ་བོ་གཅིག་ལ་ལྡོག་པ་ཐ་དད་དུ་འདོད་པས། འདི་དང་མཚུངས་པའི་དོགས་པ་བསུས་ཏེ་ལན་བསྟན་པ་ན། སྨོན་འཇུག་གཉིས་པོ་རེ་རེ་ལ། སེམས་དང་། སེམས་བསྐྱེད་པ། མི་ཉམས་པར་སྲུང་བ་གསུམ་རེ་ཕྱེས་ཏེ། མདོ་སྡོང་པོ་བཀོད་པ་སོགས་ལས་སྔ་ཕྱི་རིམ་ཅན་དུ་གསུངས་པའི་སྨོན་པ་སེམས་བསྐྱེད་ནི་གོང་དུ་གསུམ་ཕྱེས་པའི་དང་པོ་སྨོན་པའི་སེམས་ཙམ་ལས་སྨོན་པ་སེམས་བསྐྱེད་མིན་ལ། དེ་ནི་ལམ་མ་ཞུགས་པ་ནས་ཡོད་ཅིང་། སྨོན་འཇུག་གི་སེམས་བསྐྱེད་མཚན་ཉིད་པ་ནི་ལམ་ཞུགས་ཀྱི་སྔོན་དུ་མེད་པ་དང་ལམ་ལ་ཞུགས་མ་ཐག་ཏུ་གཉིས་ཀ་འབྱུང་བས་དགོངས་པ་མི་འགལ་བར་གསུངས་པ་བཞིན་དུ་རང་གིས་ཀྱང་དེ་ལྟར་ལན་བསྟན་པ་ལ་མི་འཐད་པ་ཆེར་མེད་ཀྱང་། རང་ལུགས་ལ་སྨོན་པའི་སེམས་དང་སྨོན་པ་སེམས་བསྐྱེད་སོགས་སུ་ཕྱེ་བ་མེད་པར་མ་ཟད། མཁན་པོ་ཀུན་དཔལ་གྱིས་ཀུན་མཁྱེན་ཆེན་པོས་བཞེད་པའི་སྨོན་འཇུག་གི་དོན་ནི་འབྲས་བུ་དང་རྒྱུ་ལ་དམིགས་པའི་ཁྱད་པར་སོགས་རྣམ་བཞག་གཞན་ཞིག་གསུངས་པས་ཅུང་ཟད་འཆད་དཀའ་བར་སྣང་ངོ་། །
སེམས་བསྐྱེད་པ་ནི་ཚད་མེད་འགྲོ་བའི་ཕྱིར། །
ཡང་དག་སངས་རྒྱས་ཐོབ་པར་འདོད་པ་སྟེ། །
སྨོན་དང་འཇུག་པའི་རང་བཞིན་གཉིས་ཡིན་ནོ། །
དེ་ཡང་བསམ་པས་སྨོན་དང་སྦྱོར་བས་ཁྱབ། །
འགྲོ་བར་འདོད་དང་འགྲོ་བ་ཉིད་བཞིན་ནོ། །
ཞེས་པ་ནི་སེམས་ཉིད་ངལ་གསོ་ལས་འདིར་སྡོམ་དུ་དྲངས་པའི་ཚིགས་སུ་བཅད་པའོ། །
གསུམ་པ་ས་མཚམས་ནི། སྤྱིར་ས་མཚམས་ལ་ཡ་མཐའ་དང་མ་མཐའ་གཉིས་སུ་ཡོད་ཅིང་། འདིར་སེམས་བསྐྱེད་ཀྱི་ས་མཚམས་ལའང་དེ་དང་མཚུངས་པར་ཡོད་པ་ལས། འདིར་མ་མཐའི་ས་མཚམས་ཀྱི་དཔྱད་པ་རེ་ཞིག་དོར་ཏེ་སངས་རྒྱས་དངོས་ཀྱི་སར་སེམས་བསྐྱེད་ཡོད་མེད་ལྷུར་བླང་སྟེ་བཤད་ན། དེ་ཡང་རྒྱ་བོད་ཀྱི་འགྲེལ་བ་རྣམས་སུ་སངས་རྒྱས་ཀྱི་སར་སེམས་བསྐྱེད་ཡོད་མེད་བསྟན་ཚུལ་ཅི་རིགས་པར་འབྱུང་ན་ཡང་། རང་གི་འདོད་པའི་དོན་ནི། འཕགས་སེང་གཉིས་ཀས་སེམས་བསྐྱེད་ཉེར་གཉིས་ལས་ཕྱི་མ་གསུམ་ནི་སངས་རྒྱས་ཀྱི་སའི་སྦྱོར་དངོས་རྗེས་གསུམ་གྱིས་བསྡུས་པར་གསུངས་པ་དེ། སངས་རྒྱས་ཀྱི་ས་དངོས་ལ་སྦྱར་ཏེ་འཆད་པ་ནི་ཀུན་མཁྱེན་བོད་སྤྲུལ་གྱི་དགོངས་པ་རྨ་མེད་པ་ཡིན་པའང་ཤེར་ཕྱིན་ཟིན་བྲིས་ལས། སངས་རྒྱས་ས་ཡི་སེམས་བསྐྱེད་ཀྱང་སེངྒེ་བཟང་པོའི་དགོངས་པ་ལྟར་སེམས་བསྐྱེད་ཐ་མ་གསུམ་གྱིས་བསྡུས་པར་ཤེས་པར་བྱའོ། །ཞེས་གསུངས་པས་གྲུབ་ལ། འོ་ན་ཀུན་མཁྱེན་ཆེན་པོས་སེམས་ཉིད་ངལ་གསོའི་འགྲེལ་བ་ཤིང་རྟ་ཆེན་པོ་ལས། ཆོས་ཀྱི་དགའ་སྟོན་སྒྲ་བརྙན་ལྟ་བུ་དང་། བགྲོད་པ་གཅིག་པའི་ལམ་ཆུ་བོ་ལྟ་བུ་དང་། ཆོས་ཀྱི་སྐུ་དང་མཚུངས་པར་ལྡན་པ་སྤྲིན་ལྟ་བུ་གསུམ་ནི་ས་བཅུ་པ་ལ་ཡོད་དེ། ཞེས་སེམས་བསྐྱེད་ཉེར་གཉིས་ལས་ཕྱི་མ་གསུམ་ནི་ས་བཅུ་པ་ལ་ཡོད་པར་བསྟན་ཏེ་སྒྲུབ་བྱེད་ལ་འགྲེལ་ཆུང་དོན་གསལ་གྱི་ལུང་དྲངས་པ་དང་། དེའི་མཇུག་ཐོགས་སུ་ཀུན་ཏུ་འོད་ཀྱི་ས་ལ་སྦྱོར་བའི་ལུགས་བཀག་སྟེ་ས་བཅུ་པའི་སྦྱོར་དངོས་རྗེས་གསུམ་དུ་སྒྲུབ་པ་དང་འགལ་བ་མ་ཡིན་ནམ་ཞེ་ན། མ་ཡིན་ཏེ། དེ་ནི་མདོ་སྡེ་རྒྱན་གྱིས་བསྟན་པ་ལྟར་སློབ་ལམ་རྒྱུ་ཡི་སེམས་བསྐྱེད་ཁོ་ན་ལ་དགོངས་པ་ཡིན་པས་འགལ་བ་མེད་ཅིང་། རྒྱུ་མཚན་དེའི་ཕྱིར་མ་ཕམ་ཞལ་ལུང་ལས། སེམས་བསྐྱེད་ཉེར་གཉིས་པོ་ཐམས་ཅད་སློབ་ལམ་ན་ཡོད་པར་བཞེད་པ་མདོ་རྒྱན་སོགས་ཀྱི་དགོངས་པ་ནི་རྒྱུའི་སེམས་བསྐྱེད་ལ་དགོངས་སོ། །ཞེས་གསུངས་པ་ཡིན་ནོ། །དེས་ན་སེམས་བསྐྱེད་ཐ་མ་གསུམ་ལ་རྒྱུ་འབྲས་གཉིས་ཀའི་ཆ་ཡོད་པ་དང་། འབྲས་བུའི་ཆར་གྱུར་པའམ་དེའི་རིགས་སུ་གནས་པའི་སེམས་བསྐྱེད་ཐ་མ་གསུམ་ནི་སངས་རྒྱས་ཀྱི་སའི་སྦྱོར་དངོས་རྗེས་གསུམ་དུ་ཡོད་ཅིང་། དེའང་སྦྱོར་བ་ནི་རྒྱུན་མཐའི་བར་ཆད་མེད་ལམ་དང་། དངོས་ནི་དེས་དྲངས་པའི་ཐོག་མའི་རྣམ་གྲོལ་ལམ་དང་། མཇུག་གམ་རྗེས་ནི་སྒྲ་དོག་པའི་དབང་དུ་བྱས་ཏེ་རྒྱུན་ཆད་ཁ་མ་དང་ཆེས་མཐར་ཐུག་པའི་དོན་དུ་བཀྲལ་ན་ཀུན་མཁྱེན་ཆེན་པོས་གསུངས་པ་ལྟར་མི་སྲིད་མོད། སྒྲ་ཡངས་པའི་དབང་དུ་བྱས་ཏེ་མི་སློབ་པའི་ཐོག་མའི་རྣམ་གྲོལ་ལམ་གྱི་རྗེས་སུ་བྱུང་བ་ཙམ་ལ་བཀྲལ་ན་རྣམ་མཁྱེན་སྐད་ཅིག་གཉིས་པ་མན་ཆད་ལ་འཇོག་ཆོག་པར་སེམས་སོ། །འོ་ན་འཇམ་མགོན་བླ་མས་སྟོང་ཐུན་སེངྒེའི་ང་རོ་ལས་རྣམ་མཁྱེན་རྟག་མི་རྟག་གཉིས་ཀའི་མཐའ་ལས་འདས་པར་གསུང་པ་དང་འགལ་ལོ་སྙམ་ན། མ་ཡིན་ཏེ། དེ་ནི་སངས་རྒྱས་རང་སྣང་དང་གདུལ་བྱ་གཞན་སྣང་ངམ་རྣམ་ཤེས་དང་ཡེ་ཤེས་སོ་སོར་ཕྱེ་སྟེ་བཤད་དགོས་པ་ལས་རྣམ་པ་ཀུན་ཏུ་དེ་ལྟར་སྨྲ་བ་མི་བྱ་སྟེ། སྟོང་ཐུན་སེངྒེའི་ང་རོ་ལས། ཚུལ་འདི་ནི་ཕྱི་རོལ་མུ་སྟེགས་ཅན་དང་། བསམ་གྱིས་མི་ཁྱབ་པའི་ཆོས་ཉིད་ཀྱི་ངོ་བོར་གནས་གྱུར་པའི་ཚུལ་ལ་བློ་མ་སྦྱངས་པའི་ཐེག་པ་ཐུན་མོངས་པའི་ངོར་དེ་ལྟར་སྒྲུབ་དགོས་ཏེ། རྣམ་ཤེས་ཀྱི་ངོར་སྣང་ཚུལ་ལ་དེ་ལས་གཞན་དུ་འཆར་བའི་ཐབས་ཅི་ཡང་མེད་དོ། །འོན་ཀྱང་གནས་ཡོངས་སུ་གྱུར་པའི་ཡེ་ཤེས་ཀྱི་གཟིགས་པའི་དབང་དུ་བྱས་ན་རྣམ་མཁྱེན་རྟག་པར་འགྲུབ་སྟེ། ཞེས་སོགས་གསུངས་པའི་ཕྱིར་རོ། །དེ་ནས་སངས་རྒྱས་ཀྱི་སར་སེམས་བསྐྱེད་མེད་པར་འདོད་པ་དག་གི་རྒྱུ་མཚན་གཙོ་བོ་ནི། ཐོབ་འདོད་ཀྱི་བློ་ཡིན་ན་དམིགས་བཅས་ཡིན་དགོས་ཤིང་ས་དེར་དམིགས་རྣམ་ཀུན་དང་བྲལ་ཟིན་པའི་ཕྱིར་ན་ཐོབ་འདོད་ཀྱི་བློ་མེད་ལ། ཐོབ་འདོད་ཀྱི་བློ་མེད་ཕྱིན་ཆད་སེམས་བསྐྱེད་ཀྱང་ཡོད་མི་རིགས་ཏེ། སེམས་བསྐྱེད་ལ་རྫོགས་བྱང་ཐོབ་འདོད་ཀྱིས་ཁྱབ་པ་སྨོས་མེད་དུ་གྲུབ་བོ་སྙམ་པའི་ལུགས་གཅིག་དང་། གཞན་ཡང་སངས་རྒྱས་ཀྱི་སར་སེམས་བསྐྱེད་ཡོད་ཀྱང་ཐོབ་འདོད་ཀྱི་བློ་མེད་པས་འདིར་བསྟན་གྱི་སེམས་བསྐྱེད་ག་ལ་ཡོད། དེའི་ཕྱིར་འདིར་མངོན་རྟོགས་རྒྱན་ལས་བསྟན་པའི་མཚན་ཉིད་ནི་ཀུན་རྫོབ་སེམས་བསྐྱེད་ཁོ་ནའི་མཚན་ཉིད་ཡིན་པས་སེམས་བསྐྱེད་སྤྱིའི་མཚན་ཉིད་ལོགས་སུ་འཇོག་དགོས་སྙམ་པའི་ལུགས་འདི་གཉིས་ལ་རང་གིས་འདི་ལྟར་བརྗོད་དེ། ལུགས་དང་པོ་ལྟར་ན་སངས་རྒྱས་ཀྱི་ས་དེར་སྙིང་རྗེ་ཆེན་པོ་ཡང་མེད་པར་འགྱུར་ཏེ། ས་དེར་སྐྱོབ་འདོད་ཀྱི་བློ་དང་ཐོབ་འདོད་ཀྱི་བློ་གཉིས་མེད་པར་མཚུངས་ཤིང་། སྐྱོབ་འདོད་ཀྱི་བློ་མེད་ན་སྙིང་རྗེ་ཆེན་པོ་ཡང་མེད་དགོས་པར་གོང་མ་བཞིན་ནོ། །གལ་ཏེ་འདི་ཡང་འདོད་ན། བདེ་བར་གཤེགས་པའི་རྒྱུད་ཀྱི་རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱང་ཐབས་ཤེས་གཉིས་ཀྱིས་རྩིས་ཟིན་པའི་ལམ་མ་ཡིན་པར་འགྱུར་བས་ཧ་ཅང་ཐལ་ལོ། །
ཡང་ལུགས་གཉིས་པ་ལྟར་ན་འཇུག་པ་རྩ་འགྲེལ་ལས་ཀྱང་སྙིང་རྗེ་ཆེན་པོའི་མཚན་ཉིད་ཚང་བར་མ་བསྟན་པར་འགྱུར་བས་དེ་ལ་ཡང་ཟུར་བསྣན་དགོས་པའི་ངལ་བ་རང་གིས་སྐྲུན་པ་ཡིན་ནོ། །དེས་ན་རང་ལུགས་ལ་རྫོགས་བྱང་ཐོབ་པར་འདོད་ཚུལ་གོང་དུ་ངོ་བོ་བསྟན་པའི་སྐབས་སུ་བཤད་ཟིན་པས་སངས་རྒྱས་ཀྱི་སར་སེམས་བསྐྱེད་ཇི་ལྟར་ཡོད་པའི་ཚུལ་ནི་ལུང་འདི་དག་གིས་ཆོག་པར་བྱ་སྟེ། དེ་ཡང་བརྒྱད་སྟོང་འགྲེལ་བ་གནད་ཀྱི་ཟླ་འོད་ལས། ཡང་ན་ཇི་ལྟར་སྡུག་བསྔལ་དང་བྲལ་བར་འདོད་པའི་ཐུགས་རྗེ་ཆེན་པོ་རྣམ་པར་རྟོག་པའི་བདག་ཉིད་ཅན་ནི་སྔར་ཡིན་ལ་ཕྱི་ནས་དེ་བཞིན་གཤེགས་པ་ལ་རྣམ་པར་རྟོག་པ་མེད་པས་དེ་ལྟར་ཡང་དག་པར་རྫོགས་པའི་བྱང་ཆུབ་འདོད་ཅེས་པས་ནི་ཁ་ན་མ་ཐོ་བ་མེད་དོ། །ཞེས་དང་། ཀུན་མཁྱེན་ཆེན་པོས་ཡིད་བཞིན་མཛོད་འགྲེལ་ལས། དེའང་སངས་རྒྱས་ཀྱི་ས་ན་ཆོ་ག་ལས་བྱུང་བ་དང་། ད་གཟོད་ཐོབ་བྱའི་སེམས་བསྐྱེད་དུ་མེད་ཀྱང་། ཐུགས་རྗེ་ཆེན་པོས་དོན་མཛད་པ་དུས་ལས་མི་ཡོལ་བའི་སེམས་བསྐྱེད་པ་དང་། དོན་དམ་སེམས་བསྐྱེད་ཡོད་དེ། དོར་བ་མེད་པ་སྟོང་པ་ཉིད་ཡོད་པའི་ཕྱིར་དང་། དོན་དམ་སེམས་བསྐྱེད་ཐོབ་ལ་ཉམས་བྱེད་ཀྱི་རྒྱུ་མེད་པའི་ཕྱིར་རོ། །དེས་ན་སངས་རྒྱས་ཀྱི་ས་ན་སེམས་བསྐྱེད་ཡོད་མེད་ནི་ཚུལ་འདིས་ཤེས་པར་བྱའོ། །ཞེས་གསུངས་པས་སོ། །
རྒྱུན་མཐར་སེམས་འགག་དེས་བསྐྱེད་ཆོ་ག་ལས། །
ཉེ་བར་ཐོབ་པའི་སེམས་བསྐྱེད་ལྡོག་ན་ཡང༌། །
དེ་ཡིས་ནུས་ལྡན་ཡེ་ཤེས་ལ་བགོས་པ། །
སངས་རྒྱས་སར་རྒྱས་ཐུགས་རྗེས་དོན་མཛད་ལ། །
སྒྲིབ་པ་སྤངས་པའི་སེམས་བསྐྱེད་ཅེས་བྱར་བརྗོད། །
ཅེས་པ་ནི་ཡིད་བཞིན་མཛོད་ལས་འདིར་སྡོམ་དུ་དྲངས་པའི་ཚིགས་སུ་བཅད་པའོ། །
དེ་ལྟར་གཞུང་གི་བབ་དང་། དབྱེ་བའི་རྣམ་གྲངས། མཚན་གཞིའི་བཞེད་ཚུལ་དག་ལ་དཔྱད་ན་ཐོས་བསམ་གྱིས་ནར་མ་སོན་པ་བདག་ལྟ་བུའི་བློ་ཁོག་དོག་པོ་ཁབ་མིག་ཙམ་ལ་སྐྱོན་བྲལ་གཞུང་བཟང་གི་དོན་གནད་ཟིན་པའི་ངེས་ཤེས་རིན་ཆེན་གྱི་གསེར་སྐུད་བརྒྱུས་པ་ནི་སྲིད་མཐའ་མ་བཀག་པ་ཙམ་ཡིན་པས་ངེས་པ་རྙེད་པའི་ཁ་ཕོ་བདག་ལ་མེད་ཀྱང་། ཡོངས་འཛིན་དགེ་བའི་བཤེས་གཉེན་རྣམས་ལ་བརྟེན་ཏེ་རང་རྒྱུད་ལ་གོ་དོན་ཅུང་ཟད་འབྱོར་བའི་ཟོལ་གྱིས་བྲིས་ཤིང་། དེ་ཡང་ཚིག་དང་ཁྱད་པར་དུ་ལུང་གི་སྤྲོས་པ་བསྐྱུངས་ནས་ལུང་ཐོ་དང་དཔྱད་རྩོམ་གོ་མི་འཛོལ་བའི་ཐབས་ལ་གཅིག་ཏུ་འབད་པར་བྱས་སོ། །
སླར་སྨྲས་པ།
ལེགས་བྱས་དགེ་བས་རྒྱལ་བསྟན་རྟ་བདུན་དབང་། །
ས་གསུམ་སྐྱེ་འགྲོའི་བླ་ན་མངོན་འཕགས་ཏེ། །
འཛད་མེད་ལུང་རྟོགས་ཡ་མ་བྲལ་བའི་གཟིས། །
ཕན་བདེའི་འབྲས་བཟང་པད་མོ་འཛུམ་གྱུར་ཅིག །
བདག་ཀྱང་སྐྱེ་བའི་རབས་ཀྱི་ཀུ་མུད་ཕྲེང་། །
དམ་ཆོས་འོད་དཀར་སྣང་བ་ལ་རེག་ཅིང་། །
རྣམ་དག་བྱང་ཆུབ་སེམས་ཀྱི་བཅུད་སྨིན་ཏེ། །
འགྲོ་ཀུན་རྐང་དྲུག་ཉེར་འཚོའི་རྒྱུར་འགྱུར་ཤོག །
ཅེས་བོད་རྒྱལ་ལོ་ ༢༡༥༠ རབ་རྒྱན་མཛེས་བྱེད་ཆུ་ཡོས་ལོར་མ་ཡུམ་ཤྲཱི་སེང་ཆོས་གྲྭ་ཆེན་མོའི་ལོ་མཇུག་དཔྱད་རྩོམ་རྒྱུགས་སྤྲོད་དུ་བྱང་བཤད་སྒྲུབ་རྣམ་ངེས་གླིང་ནས་རྫོགས་ཆེན་པ་པདྨ་དབང་འདུས་ཀྱིས་ཕུལ་བ་དགེ །