ང་ཚོ་ཐུན་མོང་ལ་དབང་བའི་རྩོམ་རིག་གི་སྡིངས་ཆ་ཆེན་མོ་ཁྱུང་སྔོན་རྩོམ་རིགས་དྲ་བ།
琼翁文学网 属于我们共同的文学大舞台
国泰民安!世界和平!
树立中华民族共同体意识,坚定文化自信,促进文化繁荣,为民族复兴,国家强盛而不懈努力
——习近平
བླ་མའི་ནང་གི་བླ་མ།
རླབས།
ཁོ་བོས་ཆེད་དུ་ཁ་བྱང་འདི་འདྲ་ཞིག་བདམས་པ་ནི་ཐ་སྙད་ཀྱི་སྤྲོས་པ་ཉི་ཚེ་བ་ཞིག་གི་ཆེད་ཙམ་མ་ཡིན་པར་ཁོང་གི་མཛད་པ་རྣམ་ཐར་དང་ཆེས་འབྲེལ་བའི་ཐ་སྙད་དམིགས་བསལ་བ་ཞིག་ཡིན་པར་འདོད། དེ་ཡང་ཇོ་འབྲོམ་ཡབ་སྲས་དང་ཕྱོགས་ཀུན་ནས་མཚུངས་པའི་ཟླ་བྲལ་བཤེས་གཉེན་ཆེན་མོ་གང་ཉིད་ཀྱི་དོན་ལྡན་གསེར་གྱི་ཞལ་བཟང་དེ་ཉིད་ཕྲན་གྱིས་ཐོག་མར་མཇལ་བའི་དུས་ཚེས་ནི་ཉིས་སྟོང་བཅུ་གསུམ་ལོའི་དཔྱིད་ཟླ་འབྲིང་བའི་ཚེས་གཅིག་ཉིན་ཏེ། དེ་ནི་ཁོང་དཔལ་ལྡན་དྷཱི་ཚ་བཀྲ་ཤིས་ཆོས་སྡིངས་ཀྱི་འདུས་སྤྱི་ཐུན་མོང་གིས་གསོལ་འདེབས་ཞུས་པ་བཞིན་ཕེབས་ཤིང་འདི་ནི་ཁོང་ཉིད་དཔལ་ལྡན་དྷཱི་ཚ་བཀྲ་ཤིས་ཆོས་སྡིངས་སུ་ཞབས་ཟུང་བཀའ་དྲིན་བསྐྱང་བའི་ཐོག་མ་ཡང་ཡིན་ནོ། །
སྐབས་དེ་ནས་བཟུང་སྐུ་མ་གཤེགས་པའི་བར་ལ་ཕལ་ཆེར་ལོ་རེར་ཆོས་སྡེ་འདིར་ཞབས་ཟུང་གསེར་གྱི་འཁོར་ལོའི་ཆིབས་ཁ་བསྒྱུར་བའི་བཀའ་དྲིན་བསྐྱངས་ཤིང་། དེ་ཡང་ཁོང་ནི་དོན་མེད་འུད་བརྗོད་ཀྱིས་སྤུར་བ་ཙམ་ཞིག་མ་ཡིན་པར་ཞལ་མཇལ་བ་ཙམ་གྱིས་ཀྱང་ཐར་བའི་ས་བོན་སྩོལ་བའི་གང་ཟག་ཁྱད་པར་བ་ཞིག་སྟེ་རྟག་པར་མི་ཆེན་དང་དཔོན་ཆེན་གྱི་བཟོ་ལྟ་ཡེ་ནས་མི་གནང་བར་བཀའ་གདམས་ཡབ་སྲས་ཀྱི་རྣམ་ཐར་བཞིན་མཛད་ཅིང་། དྷཱི་ཚར་ཕེབས་ཐེངས་རེ་ལ་ཡང་སྤྲོས་པ་རྒྱ་ཆེན་པོས་བསུ་མ་བྱེད་པ་དང་། སེར་ཕྲེང་འབུལ་བ་སོགས་གང་ཡང་བྱེད་དུ་མི་འཇུག་པར་ཕལ་བ་ལས་ཀྱང་ཕལ་བ་ནང་བཞིན་དུ་ཕེབས་ཞིང་། སྐུ་ན་ཇི་ལྟར་བགྲེས་ན་ཡང་རྒྱུན་གྱི་ཉམས་ལེན་དང་བཀའ་ཆོས་སོགས་རྒྱུན་རིང་བོར་གནང་བའི་ཚུལ་ནི་རྗེ་བདག་ཉིད་ཆེན་པོས། ཁྱོད་ནི་འགྲོ་བའི་དོན་གྱི་སླད། ། ཅུང་ཟད་ཙམ་ཡང་མི་ངལ་ཞིང་། ། གསུངས་པ་ལྟར་ལ། བཀའ་གདམས་ཡབ་སྲས་ཀྱི་བྱུང་བ་བཞིན་བྱ་ཉུང་དོན་ཉུང་དང་ཐོས་བསམ་སྒོམ་པ་ཡ་མ་བྲལ་བར་བྱེད་པ་ནི་ཁོང་གི་རྣམ་ཐར་གཙོ་བོ་ཞིག་སྟེ། ཁོང་གི་གདམས་ངག་གི་ཉིང་བཅུད་མཐའ་དག་ཡང་འདི་ལ་མ་འདུས་པ་མེད་པར་སེམས་སོ། །
ཁོང་གི་ཐུགས་བསྐྱེད་དང་བཀའ་དྲིན་ཁོ་ན་ལ་བརྟེན་ནས་རྗེ་ཞྭ་དམར་བའི་ལྷག་མཐོང་དཀའ་འགྲེལ་གྱི་རྒྱུན་ཡང་མ་ཉམས་པར་ཡོད་ཅིང་། དེ་དག་གི་སྐབས་ཀྱི་ངོ་མཚར་བའི་མཛད་པ་དག་ནི་གཞན་དུ་གསལ་ལ། དམ་པ་འདི་བ་དྷཱི་ཚ་བཀྲ་ཤིས་ཆོས་སྡིངས་ལ་ཐུགས་བརྩེ་གཞན་ལས་ལྷག་པ་ཞིག་མཆིས་ཤིང་། དེ་ཡང་རྒྱུ་མཚན་མེད་པ་ཞིག་ག་ལ་ཡིན་ཏེ་དྷཱི་ཚ་བཀྲ་ཤིས་ཆོས་སྡིངས་ནི་མི་ཆེན་དཔོན་ཆེན་དང་། ལྷ་སྡེ་མང་བོའི་རྒྱབ་དཔུང་ཡོད་པ་དེ་ལྟ་བུ་ཞིག་མིན་ཀྱང་། ཁོང་རྡོ་རྗེ་འཆང་རྗེ་ཞྭ་དམར་བ་ཡབ་སྲས་ཀྱི་བཀའ་དྲིན་དང་ཐུགས་བསྐྱེད་བསམ་གྱིས་མི་ཁྱབ་པའི་མཐུ་ལས་ལྔ་ཟུང་རིག་པའི་གནས་ལ་མཁྱེན་དཔྱོད་རྫོགས་པའི་དྲན་དབང་མང་དུ་བྱོན་མྱོང་ལ། ངེས་དོན་བསྟན་པའི་གསལ་བྱེད་དུ་གྱུར་བའི་སྐྱེས་ཆེན་དུ་མས་དམ་ཆོས་བདུད་རྩིའི་མེ་ཏོག་ལན་མང་དུ་གཏོར་མྱོང་བས་གནས་ཀྱི་ཆ་ཙམ་ནས་ཀྱང་གཞན་གྱིས་འགྲན་དུ་མེད། ཁྱད་པར་རྗེ་ཞྭ་དམར་བ་ཡབ་སྲས་ནི་བཀའ་གདམས་པའི་རྣམ་ཐར་སྐྱོང་བ་ཤ་སྟག་ཏུ་འདུག་པས་དེས་ཐུགས་ཡིད་དྲངས་པས་ཀྱང་ཡིན་པར་ངེས་ཏེ་གོང་དུ་བཤད་པའི་མཛད་པ་དེ་ནི་བྱང་སེམས་རྣམས་ཀྱིས་གཟིགས་པ་རྣམ་པ་ལྔའི་སྒོ་ནས་འགྲོ་དོན་བྱེད་པ་དང་ཆ་མཚུངས་སོ། །
ལེགས་བཤད་ཆོས་ཀྱི་འཁོར་ལོ་བསྐོར་བའི་ཚུལ།
དེ་ཡང་ཁོང་ཉིད་སྔ་གཞུག་ཏུ་དྷཱི་ཚ་དགོན་པར་བགྲང་བྱ་བཅུ་གཅིག་ཙམ་གྱི་རིང་ལ་བཞུགས་ཤིང་། འདི་དག་གི་སྐབས་སུ་རིན་ཆེན་གསེར་ལས་ལྷག་པའི་ཟབ་ཆོས་མཐའ་ཡས་པ་ཞིག་གནང་བ་ལས་རང་ལ་ཐོབ་པའི་ཟིན་ཐོ་ཙམ་ཞིག་བཀོད་ན། དེ་ཡང་ཉིས་སྟོང་བཅུ་གསུམ་ལོ་སྟེ་ང་ཚོ་བསྡུས་འབྲིང་འཛིན་གྲྭར་ཁེལ་བའི་དུས་ཤིག་སྟེ་ལོ་དེའི་ཟླ་གཉིས་པའི་ཚེས་མགོར་དྷཱི་ཚར་ཕེབས་ཤིང་། སྐབས་དེར་ཁོང་དགུང་ལོ་གྱ་གཅིག་ལ་ཕེབས་ན་ཡང་། སྐུ་ངལ་ཙམ་ཡང་མ་གསོས་པར་ཟླ་དེའི་ཚེས་གཉིས་ཉིན་ནས་བཟུང་ཟབ་གསུང་ཆོས་ཀྱི་བགོ་སྐལ་གནང་བའི་རིམ་པ་ནི་འདི་ལྟར། “དབུ་མའི་མཐའ་དཔྱོད། མཛོད་རྩ། གུང་ཐང་རིན་པོ་ཆེའི་མཛོད་སྡོམ། འདུལ་བའི་མཐའ་དཔྱོད། དྲང་ངེས་མཐའ་དཔྱོད། ཐོག་མའི་བློ་སྦྱོང་། གཟུངས་འཇུག་ཤེལ་དཀར་མེ་ལོང་། རྒྱལ་དབང་ལྔ་བའི་འཇམ་དཔལ་ཞལ་ལུང་། ལེགས་གསུང་ཉིང་ཁུ། བློ་སྦྱོང་མཚོན་ཆའི་འཁོར་ལོ། གྲུབ་མཐའ་རྩ་བ་བཅས་དང་། ལོ་དེའི་ཟླ་བརྒྱད་པའི་ཚེས་ཉེར་བཞི་ནས་སླར་ཡང་དྷཱི་ཚ་བཀྲ་ཤིས་ཆོས་སྡིངས་སུ་ཞབས་སོར་བཀོད་ནས། རིམ་ལྔ་གསལ་སྒྲོན་དང་། བྱང་ཆུབ་ལམ་སྒྲོན། བློ་སྦྱོང་ཚིག་བརྒྱད་མའི་བཤད་ལུང་། པཎ་ཆེན་བདེ་ལམ། འདུལ་འཛིན་གཞི་གསུམ་ཆེན་མོ། བསེ་བསྡུས་གྲྭ། དབྱངས་ཅན་དགྱེས་གླུ། ཨ་ཁུ་དམུ་དགེ་ཚང་གི་ས་བདག་ལྟོ་འཕྱེའི་ཐིག་འདེབས་ཚུལ་དང་། དེའི་ཆོ་ག ལམ་རིམ་མྱུར་ལམ་བཅས་ཀྱི་བཀའ་ཆོས་གནང་། ཉིས་སྟོང་བཅོ་ལྔ་ལོའི་ཟླ་བརྒྱད་པའི་ཚེས་ཉེར་བཞི་ནས། “ལམ་ཁྲིད་ཆེན་མོའི་ཞལ་ལུང་དང་། ཞང་སྟོན་བསྟན་པ་རྒྱ་མཚོའི་སྒྲོལ་མའི་གཡང་འབོད་ཀྱི་བཤད་ལུང་། ལྷག་མཐོང་དཀའ་འགྲེལ་གྱི་བཤད་ལུང་། ལམ་རིམ་ཐར་རྒྱན། ཐུན་དྲུག་རྣལ་འབྱོར་གྱི་ལུང་། ཤ་ར་བའི་ལམ་རིམ་གྱི་ཁྲིད། ཀུན་མཁྱེན་འཇམ་དཔལ་ཞལ་ལུང་བཅས་ལེགས་པར་གནང་བའི་བཀའ་དྲིན་བསྐྱངས། ཉིས་སྟོང་བཅུ་དྲུག་ལོའི་ཟླ་བརྒྱད་པའི་ཚེས་བདུན་ནས་བཟུང་། “སྦས་དོན་ཀུན་གསལ་དང་། སོ་ཐར་མདོ་སོགས་གནང་བའི་བཀའ་དྲིན་བསྐྱངས། ཉིས་སྟོང་བཅོ་བརྒྱད་ལོའི་ཟླ་བཞི་བའི་ཚེས་དྲུག་ནས་བཟུང་། དགའ་ལྡན་ལྷ་བརྒྱ་མའི་གཞུང་ཤིང་དང་། ལམ་རིམ་གླང་སྨྱོན་འདུལ་བའི་ལྕགས་ཀྱུ། དབལ་མང་ཚང་གི་གཅོད་གཞུང་སོགས་གནང་། ཉིས་སྟོང་བཅུ་དགུ་ལོའི་ཟླ་གསུམ་པའི་ཚེས་གཉིས་ནས་བཟུང་། བཀའ་པོད་ལྔའི་རྩ་བ་དང་། གུང་ཐང་ཚང་གི་ལམ་རིམ་ཚིག་བཅད་མ། ཨ་ལགས་རིན་པོ་ཆེའི་འཇིགས་བྱེད་བསྡུས་པ། འཇམ་དབྱངས་གང་བློ་མ། དབྱངས་ཅན་མའི་བསྟོད་པ། ཨ་ལགས་བླ་ཁོ་རིན་པོ་ཆེས་མཛད་པའི་མི་ཏྲ་རྡོར་ཕྲེང་སྒྲུབ་ཐབས་རིན་འབྱུང་སོགས་ཀྱི་ཚུལ་བསྡུས་ཏེ་ཉམས་སུ་ལེན་ཚུལ་ཤོག་བུ་གཉིས་ཅན་བཅས་ལེགས་པར་གནང་། ཉིས་སྟོང་ཉི་ཤུ་ལོའི་ཟླ་གསུམ་པའི་ཚེས་ཉེར་གཉིས་ནས་ཟླ་བཞི་བའི་ཚེས་བདུན་བར་ལ་རྗེ་ལྷ་མོ་ཚུལ་ཁྲིམས་ཚང་གི་འདུལ་སྡོམ་འགྲེལ་བའི་ཞལ་ལུང་དང་། ཟ་བྱེད་མཁའ་འགྲོའི་སྦྱིན་སྲེག་གི་ཁྲིད་རྒྱུན། པཎ་ཆེན་བློ་བཟང་ཆོས་རྒྱན་གྱི་ཚ་གསུར་བཅས་གནང་། ལོ་དེའི་ཟླ་བཞི་བའི་ཚེས་ཉེར་བདུན་ཉིན་འཇིགས་བྱེད་སྦྱིན་སྲེག་དངོས་གྲུབ་རྒྱ་མཚོ་དང་། བརྐྱངས་བསྐུམ་མ། ཆོས་རྒྱལ་འཕྲིན་བཅོལ་ལྷ་ལྔའི་སྒྲ་དབྱངས་བཅས་གནང་། ལོ་དེའི་ཟླ་བརྒྱད་པའི་ཚེས་ཉེར་གསུམ་ཉིན་འཇིགས་བྱེད་དཔའ་བོ་གཅིག་པའི་དབང་དང་། རིགས་གསུམ་སྤྱི་སྒྲུབ་ཀྱི་རྗེས་གནང་སྩལ་ཞིང་། ཟླ་དགུ་བའི་ཚེས་གཅིག་ནས་བཟུང་འཇིགས་བྱེད་དཔའ་ཅིག་གི་བསྐྱེད་རྫོགས་ཀྱི་བཤད་ལུང་བཅས་གནང་། ཉིས་སྟོང་ཉེར་གཅིག་ལོའི་ཟླ་གསུམ་པའི་ཚེས་གཅིག་ནས་བཟུང་ཁྲི་བྱང་ཚང་གི་བདེ་མཆོག་བསྐྱེད་རིམ་གྱི་ཟིན་བྲིས་དང་། ལྕང་སྐྱའི་བདེ་མཆོག་བསྐྱེད་རིམ་གཉིས་དང་། ཟླ་དེའི་ཚེས་བཅུ་གསུམ་ནས་ཉི་ཤུ་བར་ཡོངས་འཛིན་ཆོས་ཀྱི་རྒྱལ་མཚན་གྱི་བླ་མཆོད་ཀྱི་ཁྲིད་དང་། ཕྱག་ཆེན། པཎ་ཆེན་བདེ་ལམ་བཅས་ཀྱི་ཁྲིད་གནང་། ཟླ་བཞི་བའི་ཚེས་བཅུ་དགུ་ཉིན་འདུས་པ་འཕགས་ལུགས་ཀྱི་ས་ལམ་བགྲོད་ཚུལ་དང་། རྒྱུད་སྡེ་འོག་མའི་ལུགས་ཀྱི་ས་ལམ་བགྲོད་ཚུལ་རྗེ་ལྷ་མོའི་ཚུལ་ཁྲིམས་ཀྱིས་མཛད་པ་དེ་དང་། ཁྲོ་བོ་མི་གཡོ་བའི་ཞལ་ལུང་བཅས་ལེགས་པར་གནང་། འདི་དག་ནི་ཁོང་གིས་དྷཱི་ཚ་བཀྲ་ཤིས་ཆོས་སྡིངས་སུ་གྲྭ་ཚང་ལ་གནང་བའི་ཐོབ་ཡིག་སྟེ་འདིར་མ་འདུས་པའི་ཟབ་ཆོས་འགའ་རེ་ཡང་ཡོད་པར་ངེས་སོ། །
དེ་ལྟ་བུའི་མཛད་པ་བསམ་གྱིས་མི་ཁྱབ་པས་རྒྱལ་བསྟན་འཛིན་སྐྱོང་སྤེལ་བའི་དོན་ལ་བཀའ་དྲིན་གཞལ་དུ་མེད་པ་བསྐྱངས་པས་དྷཱི་ཚ་བཀྲ་ཤིས་ཆོས་སྡིངས་ཀྱི་སྐྱབས་རྗེ་ཁྲི་རིན་པོ་ཆེ་གཙོས་ཆོས་སྡེ་འདིར་ཁོང་གི་ཞལ་སློབ་དུ་མ་གྱུར་བ་གཅིག་ཀྱང་མེད་དོ། གཞན་བླ་བྲང་བཀྲ་ཤིས་འཁྱིལ་དང་། མགོ་ལོག་སྙན་མོ་དགོན། གསེར་རྟ་སེར་ར་དགོན་སོགས་དང་། ལུང་རྟོགས་ཡོན་ཏན་གྱིས་ཐུགས་རྒྱུད་ཕྱུག་པའི་དགེ་བཤེས་ལྷ་རམས་པ་དང་། རྡོ་རམས་པ་སོགས་ལ་དམ་ཆོས་བདུད་རྩིའི་བགོ་སྐལ་གནང་བའི་བཀའ་དྲིན་ནི་བརྗོད་ལས་འདས་སོ། །
ཉིས་སྟོང་ཉེར་གཉིས་ལོར་ཁོང་དགུང་གྲངས་དགུ་ཅུར་བཞེས་པའི་དགའ་སྟོན་དང་འབྲེལ་བར་དྷཱི་ཚ་བཀྲ་ཤིས་ཆོས་སྡིངས་དང་། གསེར་རྟ་སེར་ར་དགོན་གཉིས་ལ་བསྙེན་བཀུར་ཕུན་སུམ་ཚོགས་པས་འབྲེལ་ཚད་དོན་ལྡན་དུ་མཛད། ལོ་འདིར་ང་ཚོའི་འཛིན་གྲྭ་ཕར་ཕྱིན་དམ་བཅའ་འཇོག་ལ་ཁེལ་ཡོད་པས་ཁོང་ལ་མཇལ་ཁ་ཞུས་ཤིང་། སྐབས་དེར་ཁོང་གིས་ང་ཚོར་ཆེད་དུ་གནང་བའི་ཞལ་གདམས་ནི་འདི་ལྟ་སྟེ། “ གཞུང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མཐར་ཕྱིན། བསམ་གྱིས་མི་ཁྱབ་པའི་ཆོས་ཕུང་བརྒྱད་ཁྲི་བཞི་སྟོང་གི་སྙིང་བོ་ཡིན་པས། བཀའ་དྲིན་ཆེ། སློབ་གཉེར་རྡོ་རུས་ཐུག་པ་ཞིག་བྱེད་རྒྱུ་བཀའ་དྲིན་ཆེ་ཞིང་ཐུགས་ལ་ཟུངས། རྡོ་རུས་ཐུག་པ་ཞིག་ཡོང་ཡང་དགོས་ནི་རེད། དེ་ཡིན་དུས་རང་གིས་དཔལ་ཡེ་ཤེས་ཀྱི་མགོན་པོ་མྱུར་མཛད་ཡེ་ཤེས་ཀྱི་མགོན་པོ་ལ་སོགས་པ། དཔལ་རྡོ་རྗེ་ལ་སོགས་པ་ལ་བརྟེན་ན་བར་ཆད་ཡོང་རྒྱུ་མ་རེད། དེ་དག་ལ་བརྟེན་ན་བཟང་རྒྱུ་རེད། ཕྱིན་ཆད་ཀྱང་གྲྭ་ས་རེར་བསྡད་ན། སྤྱིར་ན། དུ་རེད་འབྲོག་ཡར་མར་ལ་བུད་སོང་དུས་དེར་གྲོང་བའི་ནང་དུ་དགོན་པ་ཆུང་ངུ་རེར་ཡོད་ཀྱང་། གྲོང་ཆོག་གདའ་ནས་བསྡད་ན། དཀོར་ཚིག་ལ་བུད་སོང་བས་རྟོགས་པ་མཐོན་པོ་སྐྱེ་རྒྱུ་ཡང་དཀའ་མོ་རེད། དེར་མ་ཟད་ཚིག་བཞི་ཞིག་འཛིན་དགོས་ནའང་ཇེ་དཀའ་བུད་འགྲོ་བ་དེ་དཀོར་ཚིག་བུད་སོང་བས་རེད། དེ་ཡིན་དུས་ཆོས་མགོ་ཐོན་རྒྱུའང་དཀའ་མོ་ཡིན་ནི་རེད། དེ་ཡིན་དུས་དགོན་པ་འདི་ནས་བསྡད་དེ་ཐོས་པ་སློབ་གཉེར་ཐོས་བསམ་སྒོམ་གསུམ་ཡ་མ་བྲལ་བ་རེ་གནང་རྒྱུ་བཀའ་དྲིན་ཆེ། རྗེ་བླ་མའི་བཤད་སྲོལ། བཀའ་གདམས་གསར་རྙིང་གི་ཕྱག་སྲོལ་ཐུན་མོང་མ་ཡིན་པ་ཡིན་ན། ང་ཐོས་པའི་དུས་ན་བསམ་སྒོམ་བདོ། ། གསུངས་པ་ལྟར་ཐོས་བསམ་སྒོམ་གསུམ་རེ་བྱས་ནས་བཞུགས་རྒྱུ་བཀའ་དྲིན་ཆེ། གང་ཤེས་ཐམས་ཅད་པོ་ཚིག་རེ་རེའི་དོན་ཡིན་ན་ཡང་ལམ་ཡོངས་རྫོགས་རེའི་གོ་བ་ཨེ་ལོན་བལྟས་ན་དཔེ་ཆ་ལྟ་སྟངས་དེ་ཡིན་ས་རེད། དེ་ལྟར་བྱས་ན་སྒྲུབ་པ་ཉམས་ལེན་ལ་འཁྱེར་ཚུལ་ཡང་ཤེས་རྒྱུ་རེད། དེ་ལྟར་གྱིས། དེ་མིན་ཅང་བཤད་རྒྱུ་མེད། བཀའ་དྲིན་ཆེ། ”ཞེས་བཀའ་སྩལ་བྱུང་ལ། སྐབས་དེར་ཁོང་གིས་དྲངས་པའི་གོང་གི་ལུང་ཚིག་དེ་གཞུང་གང་དུ་བཞུགས་མིན་མ་ཤེས་མོད་ཕྱིས་སུ་གུང་ཐང་རིན་པོ་ཆེའི་བསྟོད་འགྲེལ་དང་། བླ་བྲང་ཨ་ཁུ་ཤེས་རབ་རྒྱ་མཚོའི་རྟེན་འབྲེལ་བསྟོད་པའི་ཟིན་བྲིས་སོགས་སུ་མང་དུ་དྲངས་འདུག་པ་མཇལ་ཞིང་ཆེས་གནད་ཚིག་ཅན་གྱི་ལུང་ཞིག་ཀྱང་ཡིན་པར་སེམས་སོ། །
ཞི་བར་གཤེགས་པའི་ཚུལ།
ཉིས་སྟོང་ཉེར་གསུམ་ལོ་སྟེ་ཁོང་དགུང་གྲངས་གོ་གཅིག་ལ་བཞེས་པའི་དབྱར་ཁ་ནས་དྷཱི་ཚར་རྒྱུན་བཞུགས་མཛད་ཅིང་། ལོ་དེའི་ཟླ་བརྒྱད་པའི་ཚེས་ཉེར་དྲུག་ཉིན་དགོངས་པ་རྫོགས་པའི་ཚུལ་བསྟན། འདི་ཡང་ཞིབ་ཏུ་བསམ་ན་ཡ་མཚན་པའི་གནས་ཤིག་སྟེ་ཁོང་གིས་ཐ་མའི་མཛད་པ་སྟོན་ཆེད་དུ་དྷཱི་ཚར་ཕེབས་ནས་གཤེགས་པ་ལྟ་བུ་ཞིག་ཏུ་འདུག་ལ། འདི་ནི་ཡབ་རྗེ་གསེར་ཁང་བ་མཆོག་སྐུ་ན་བགྲེས་པའི་སྐབས་ཆེད་དུ་དབུས་ལྷ་ལྡན་ཞིང་དུ་ཕེབས་ནས་གཤེགས་པ་དང་ཕྱོགས་ཀུན་ནས་མཚུངས་པས་སྐྱེས་བུ་དམ་པའི་མཛད་པ་ངོ་མཚར་བ་ཞིག་གོ ། དེ་ཡང་གྲྭ་ཚང་རིན་པོ་ཆེ་ནས་དགོངས་རྫོགས་མགོ་མཇུག་བར་གསུམ་ཚུལ་བཞིན་སྒྲུབ་ཅིང་། ཉིན་དང་བོར་མཛོད་འདུལ་དབུ་གསུམ་གྱི་འཛིན་གྲྭས་གཙོ་འགན་བཞེས་ཐོག་གྲྭ་ཚང་རིན་པོ་ཆེ་ནས་རྒྱན་འཇུག་གཉིས་དང་། མཛོད་རྩ། བྱམས་ཆོས་སྡེ་ལྔ། ཉིན་གཉིས་པར། སྐབས་དང་པོ་དང་སྐབས་བཞི་བ་འཛིན་གྲྭས་གཙོ་འགན་བཞེས་ཐོག འགྲེལ་བ་དོན་གསལ། སྤྱོད་འཇུག ཉིན་གསུམ་པར། གཞུང་གསར་དང་། བློ་རིག་འཛིན་གྲྭས་གཙོ་འགན་བཞེས་ཐོག རྣམ་འགྲེལ་རྩ་བ། གྲུབ་མཐའ་རྩ་བ། དབུ་མ་རིག་ཚོགས་དྲུག ཉིན་བཞི་བར། རྟགས་རིགས། བསྡུས་གྲྭ་ཁག་གསུམ་སོགས་ཀྱིས་གཙོ་འགན་བཞེས་ཐོག་འཇམ་དཔལ་མཚན་བརྗོད། རྒྱན་འཇུག ཆོས་གསུམ། གྲུབ་མཐའ་རིན་ཕྲེང་། ས་ལམ་ཐེག་གསུམ་མཛེས་རྒྱན། ཉིན་ལྔ་བར། མཛོད་འདུལ་དབུ་གསུམ་གྱིས་གཙོ་འགན་བཞེས་ཐོག དྲང་ངེས། སྤྱོད་འཇུག ཉིན་དྲུག་པར། སྐབས་བཞི་བ་དང་། སྐབས་དང་པོ་གཉིས་ཀྱིས་གཙོ་འགན་བཞེས་ཐོག བྱམས་ཆོས་སྡེ་ལྔ། འཇུག་པ། མཛོད་རྩ། ཉིན་བདུན་པར། གཞུང་གསར། བློ་རིག་གཉིས་ཀྱིས་ གཙོ་འགན་བཞེས་ཐོག འགྲེལ་བ་དོན་གསལ། བཟང་སྤྱོད། རྣམ་འགྲེལ་རྩ་བ་སོགས་གཞུང་ཆེན་དེ་དག་ཕལ་ཆེ་བ་མཚན་སྐྱོར་ཁོ་ན་མཛད་ཅིང་། རྒྱུད་སྡེ་གཞན་གྱི་ཆོ་ག་ཡང་མང་དུ་གསུངས། སྐུ་གདུང་རིན་པོ་ཆེ་ཁོང་གི་གདན་ས་སེར་ར་དགོན་དུ་གདན་དྲངས་ནས་ཞུགས་འབུལ་གནང་བ་བཅས་སོ། །
གདུང་མཆོད་ཉིན་བླ་མའི་སྐུ་ཚབ་བཀླག་པ།
ལམ་རིམ་བླ་མའི་སྐུ་ཚབ་ཅེས་བྱ་བ་འདི་ནི་དབུས་འགྱུར་བསྟན་པའི་རྩ་ལག་རྗེ་བཙུན་ངག་དབང་བྱམས་པ་ཞེས་བྱ་བས་ལམ་ཁྲིད་གནང་སྐབས་རྒྱལ་རོང་ཆོས་མཛད་བློ་བཟང་ཐོགས་མེད་ཀྱིས་ཟིན་བྲིས་སུ་མཛད་ཅིང་། ཁྱོན་ཤོག་བུ་མདའ་ཚན་མ་བརྒྱ་དང་དགུ་ཙམ་བཞུགས་འདུག དེ་ཡང་འདིའི་དཔེ་ནི་ཤིན་ཏུ་དཀོན་པོ་ཞིག་ཡིན་པར་གསུངས་ཤིང་། ཁོང་གིས་ཆེད་དུ་དྷཱི་ཚའི་གྲྭ་ཚང་ཐུན་མོང་ལ་སྐྱེས་སུ་གནང་བ་ཞིག་ཡིན་སྟབས་བྱིན་རླབས་གཞན་ལས་ཆེ་བར་ཡོད་ངེས་ལ། ལྷག་པར་མཉམ་མེད་ཐུབ་པ་མཆོག་གི་ཞལ་ནས། ང་ནི་མྱ་ངན་འདས་གྱུར་ན། ། འདི་ནི་ཁྱོད་ཀྱི་སྟོན་པ་བྱོས། ། གསུངས་པ་ལྟར་ཁོང་གི་སྐུ་ཚབ་ལྟ་བུའི་ཚུལ་དུ་གནང་བ་ཡང་ཡིན་སྲིད་པས་ཤིན་ཏུ་ནས་ཀྱང་མཇལ་འདོད་བྱུང་། འདི་ལ་རྩ་བའི་ས་བཅད་གཉིས་ཏེ། གདམས་ངག་ལ་ངེས་པ་བསྐྱེད་ཕྱིར་བླ་མ་བརྒྱུད་པའི་ཁུངས་བཤད་པ་དང་། ངེས་པ་བསྐྱེད་ནས་ལམ་གྱི་རིམ་པ་ལ་བློ་སྦྱོང་ཚུལ་ལོ། །
ས་བཅད་དང་བོའི་སྐབས་སུ་ལམ་རིམ་གྱི་གདམས་པ་འདི་ཉིད་སངས་རྒྱས་ནས་འཇམ་མགོན་བླ་མའི་བར་དུ་ཇི་ལྟར་བརྒྱུད་པའི་ཚུལ་གསལ་བོར་བཀོད་འདུག་ལ། དེ་དག་ལས་རྣམ་ཐར་ངོ་མཚར་བ་གཅིག་ནི་འབྲོམ་གྱིས་ཇོ་བོ་རྗེ་མཇལ་བའི་ཉིན་མོར་སྦྱིན་བདག་ཅིག་གིས་སྟོན་སྐལ་ལ་ཕུལ་བའི་མར་བཞུས་ནས་ཇོ་བོའི་མདུན་དུ་མཚན་ཐུབ་གཅིག་ཕུལ་ཞིང་། དེ་ནས་བཟུང་ཇོ་བོའི་སྐུ་རིང་དང་། ཁོང་གི་སྐུ་རིང་གཉིས་ལ་མཚན་ཐུབ་དེ་འཆད་མ་མྱོང་བར་གསུངས་པ་འདི་རེད། འདི་ལ་མང་དུ་ཞུ་དགོས་མི་འདུག་སྟེ་ཞིབ་དུ་བསམ་ན་དད་གུས་འཕེལ་བའི་གནས་ཤིག་ཞིག་མ་རེད་དམ། རྩ་བའི་ས་བཅད་གཉིས་པ་ལ་ལམ་གྱི་རྩ་བ་བཤེས་གཉེན་བསྟེན་ཚུལ་དང་། བསྟེན་ནས་བློ་ཇི་ལྟར་སྦྱང་བའི་རིམ་པ་གཉིས་ལས་དང་བོའི་སྐབས་སུ་ཅུང་ཟད་སྤྲོས་ཏེ་བཤད་པ་དང་། མདོར་བསྡུས་ཏེ་བསྟན་པའི་ཁྱད་པར་ཐུན་མོང་མ་ཡིན་པ་ཞིག་གསུངས་འདུག་ལ། གཏན་གྱི་མདུན་མའི་བྱེད་ཚུལ་གནད་བསྡུས་པ་ཞིག་ཀྱང་ཚིག་བཅད་ཀྱི་ཚུལ་དུ་འདི་ལྟར་གསུངས་འདུག་སྟེ། ལམ་མཆོག་འདི་འདྲ་ཐོས་བསམ་སྒོམ་གསུམ་གྱིས། ། ཉམས་སུ་བླང་བྱར་ཡོད་པའི་སྐལ་བཟང་རྣམས། ། མནོག་ཆུང་ཚེ་འདིའི་མདུན་མ་རྒྱང་བསྲིངས་ཏེ། ། ཞེན་ལོག་སྐྱོ་ཤས་དྲག་པོས་རྒྱུད་བསྐུལ་ནས། ། འདུ་འཛིས་བདེན་པའི་ས་འཛིན་མཐོན་པོའི་ངོས། །སྤང་ལྗོངས་ནགས་ཚལ་མེ་ཏོག་འཁོར་ཡུག་ཅན། ། རྡོ་བའི་སྤྱིལ་ཆུང་རང་ཤོང་ཁང་བུ་རུ། ། གྲིབ་མ་གཉིས་པའི་གྲོགས་དང་ལྷན་གཅིག་པར། ། ལྷུང་ལྷུང་དལ་གྱིས་འབབ་པའི་ཉལ་འགྲོ་དང་། ། བག་ཕེབས་རི་དྭགས་རྒྱུ་བའི་སྐད་གཉིས་ལས། ། གཞན་དུ་དུག་གསུམ་བསྐྱེད་པའི་ལོང་གཏམ་གྱིས། ། བསམ་གཏན་ཚེར་མའི་བྱེད་པོ་དམིགས་སུ་མེད། ། ཕྱག་དར་ཁྲོད་པའི་གོས་དང་བསོད་སྙོམས་ཀྱིས། ། ཉེར་འཚོ་དཀོར་ནག་དུག་ཆུས་མ་སྦགས་པས། ། རྣམ་དཀར་དགེ་ལ་བསྐུལ་ནུས་ལུས་ངག་ཡིད། ། གཏན་གྱི་བདེ་སྒྲུབ་མདུན་མའི་ཡང་རྩེར་སོན། ། ཞེས་གསུངས་ཤིང་གསུང་འདི་ནི་སྙིགས་དུས་ཀྱི་རྣལ་འབྱོར་བ་རྗེ་ལྕང་སྐྱ་རིན་པོ་ཆེ་མཆོག་གིས་རབ་བྱུང་རྣམས་ལ་ཆེད་གནང་བའི་གསུང་དེ་དང་ཕྱོགས་ཀུན་ནས་མཚུངས་པ་ཞིག་གོ ། གཞན་མི་རྣམས་ཕལ་ཆེར་ཕྱུག་པོའི་བུ་ལ་དགའ། ། གཏམ་རྣམས་ཕལ་ཆེར་རང་འདོད་ཕྱོགས་སུ་འགྲོ། ། དེ་ཕྱིར་བླ་མའི་ལེགས་བཤད་རིན་ཆེན་གཏེར། ། བདག་པོ་མེད་པའི་གཏེར་ལྟར་ད་ལུས་སོ། ། ཞེས་དང་། གུར་གུམ་ཚོས་ཀྱིས་བཙོས་པའི་ལྭ་བའི་ཞྭས། ། རང་རིགས་བསྟན་པ་ཟིན་ན་ཆེས་ལེགས་ཀྱི། ། ཕ་མེས་ལུང་དང་རྟོགས་པའི་ཁྱད་ནོར་ཚོགས། ། རྣམ་གཡེང་རྐུན་པོར་ཤོར་བའི་ལག་སྟོང་མང་། ། ཞེས་དང་། བྱིས་པ་གང་ཞིག་བྱིས་པའོ། ། ཤེས་པ་གང་དེ་མཁས་པ་ཡིན། ། ཞེས་དང་། བླ་མའི་རྣལ་འབྱོར་ཞེས་པ་ཡང་བླ་མ་ལ་སྐྱོན་རྟོག་གི་བློ་བཀག་ནས་དད་གུས་རྩེ་གཅིག་གིས་བླ་མ་མཉེས་པར་བྱེད་པ་འབའ་ཞིག་སྒྲུབ་པ་ལ་ཟེར་ཞེས་གསུངས་པ་སོགས་ཆེས་ཁ་གསལ་ཞིང་གོ་བདེ་བའི་མན་ངག་མང་དུ་འདུག་ལ། བཤེས་གཉེན་ལ་དད་པ་སྦྱང་ཚུལ་དང་། ལས་འབྲས་ཞིབ་ཏུ་བསམ་ཚུལ། སྐྱབས་འགྲོ་དང་ཚུལ་ཁྲིམས་བསྲུང་ཚུལ་སོགས་དཔེ་དང་བཅས་པའི་སྒོ་ནས་གསལ་བོར་གསུངས་ཤིང་། ལས་དང་བོ་བ་ལ་ཐུན་དང་ཐུན་མཚམས་གཉིས་ལས་ཀྱང་ཕྱི་མ་གཙོ་བས་དབང་བོའི་སྒོ་སྡོམ་ཚུལ་ནི་བྱེད་ལས་དང་ཡུལ་ལ་འཇུག་ཚུལ་གྱི་སྒོ་ནས་ཁ་གསལ་གོ་བདེ་བར་འདུག་པས་དོན་གྱིས་བླ་མའི་སྐུ་ཚབ་རང་དུ་འདུག་གོ་སྙམ་པའི་མོས་པ་དང་བཅས་མཇུག་བསྡུས་ཤིང་རང་གི་བརྗེད་ཐོ་ཙམ་དུ་མཚན་མོའི་ཆུ་ཚོད་གཅིག་དང་ཕྱེད་ཙམ་གྱི་སྟེང་ཡི་གེར་ཕབ་པའོ། །
版权声明:版权归《卡加琼翁综合文学网》所有,未经允许任何单位或个人不得转载、复制或以任何其他方式使用排版素材与本文全部或部分,侵犯必究。
བདག་དབང་། ངེད་འཕྲིན་སྟེགས་འདིར་བཀོད་ཟིན་པའི་རྩོམ་ཡིག་དང་འཆད་ཁྲིད། རྒྱུ་ཆ་སོགས་གང་ཡིན་ཡང་ཆོག་མཆན་མེད་པར་རྐུ་འཁྱེར་དང་བཤུ་འགོད། ནང་དོན་དང་རྒྱུ་ཆ་སོགས་བཅད་གཏུབ་ཀྱིས་སྤེལ་ན་ཁྲིམས་ལྟར་རྩད་གཅོད་ཡོད།
དོ་ཁུར་གནང་རོགས།
谢谢关注视频号
དཔེ་ ཀློག
དཔེ་ཀློག| ཤེས་རབ་ཀྱི་མི་ཚེ།
འཆད་ཁྲིད།|བརྩོན་འགྲུས་ཀྱི་སྟོབས།
རྩོམ་རིག|གཞུང་ལུགས་ཀྱི་འཇིངས།
赞赏
འཕྲིན་སྟེགས་སུ་ཚོགས་པ་དང་མི་སྒེར་གང་རུང་གི་ཁེ་དབང་ལ་གནོད་པའི་ནང་དོན་ཅན་ཡོད་ཚེ་མྱུར་དུ་འབྲེལ་གཏུགས་བྱོས་དང་དྲྭ་ལམ་ནས་བསུབ་ཆོག
རྩོམ་པ་བོ་དག་གིས་ཡིད་གཟབ་གནང་རྒྱུ་ཞིག་ལ། སྐུ་ཉིད་ཀྱི་བརྩམས་ཆོས་གང་ཡིན་གཞན་གྱི་འཕྲིན་སྟེགས་སུ་བསྐུར་ཟིན་པ་དག་འདིར་མི་བསྐུར་བར་ཞུ། རྒྱུ་མཚན་བརྩམས་ཆོས་དེ་སྟེགས་བུ་གཅིག་ལ་དབང་ན་ལེགས་པ་དང་དེ་མིན་འགོད་མི་ཐུབ་པའི་དཀའ་ལས་སུ་འཕྲད་པས་དེའི་ལུགས་ལ་ཡིད་འཇགས་འཚལ།
ནང་དོན་འགོད་ལུགས།
༄༅།།ཁྱུང་སྔོན་བོད་ཡིག་རྩོམ་རིག་སྤྱི་སྟེགས་ནི་བོད་ཀྱི་རྩོམ་པ་པོའི་དཔུང་སྡེའི་ཐུན་མོང་ལ་དབང་བའི་སྣ་འཛོམས་རང་བཞིན་ཅན་གྱི་དྲ་ལམ་རྩོམ་ཡིག་སྤེལ་སའི་སྡིངས་ཆ་ཞིག་ཡིན།དེར་དཔྱད་རྩོམ་དང་འབོལ་རྩོམ་ལྷུག་རྩོམ་སྙན་ངག འཆད་ཁྲིད། གླུ་གཞས་དང་གྱེར་འདོན། ཡིག་གཟུགས་དང་དེབ་འཕྲིན་སོགས་འགོད་ཀྱིན་ཡོད་པས་ཁྱེད་ཅག་གིས་རྩོམ་ཡིག་སྤུས་གང་དག་རེ་བསྐུར་གནང་ཡོང་བར་ཞུ།
琼翁藏文文学平台是属于整个藏族作家的一种多样性的文学平台,在这里你可以阅读到论文、散文、诗歌、随笔、书法及书信;还可以聆听到讲座、歌曲、朗诵。这里无奇不有,应有尽有。也欢迎各位作家前来投稿!