ལོ་རབས90བོད་ཀྱི་བྱང་ཐང་གི་པར། ▎ནུབ་ཕྱོགས་པ་ཞིག་གི་ཟིན་བྲིས།

文摘   2024-11-05 17:16   青海  


མཐོ་སྒང་གི་རྣམ་འགྱུར།
དུས་རབས་གོང་མའི་ལོ་རབས་དགུ་བཅུ།
མངའ་རིས་དང་བྱང་ཐང་སོགས་སུ།
བྷེལ་ཛས་དཔར།



དུས་རབས་གོང་མའི་ལོ་རབས་དགུ་བཅུའི་མཇུག་ཙམ་ལ། རི་མོ་བ་དང་རྩོམ་པ་པོ་གཅིག་ལྕོག་ཡིན་པའི་པཱ་ཧོང་གིས《ཉི་འོད་དང་ཐང་སྟོང་གི་བསླུ་བྲིད》ཅེས་པའི་ཟིན་བྲིས་སུ། "གནའ་བོའི་སྒེག་ཉམས་དང་། དཀྱེལ་ཡངས། བརྗིད་ཆགས། ཡ་མཚན་བཅས་ཀྱིས་སྤྲས་པའི་བོད་ཡུལ་ནུབ་ཁུལ་གྱི་ས་ཆ་ནི་མཚར་སྡུག་རྫོགས་མཐའ་བྲལ་བའི་རང་བྱུང་ཁོར་ཡུག་ཅིག་ཏེ། ཤར་ལྷོ་ནུབ་བྱང་ཕྱོགས་གང་ནས་བལྟས་ཀྱང་ཡུལ་ལྗོངས་མི་འདྲ་བ་རེ་རེ་མཐོང་རྒྱུ་ཡོད་ལ། ཇི་ལྟར་ཉེ་བར་བཅར་ན་དེ་ལྟར་དེ་ཡི་མཛེས་པས་ཀུན་ནས་བསླུ་སྲིད"ཅེས་གསུངས།

གཅིག་ཏུ་ན་མུ་མཐའ་བྲལ་བའི་མཐོ་སྒང་བོད་ཀྱི་ས་ཆ་དེ་དང་དེ་ཡི་ལོ་ངོ་ཁྲི་སྟོང་བརྒལ་བའི་གནའ་བོའི་ཤེས་རིག་གིས་ཀུན་ནས་བསླངས་པ་ཡིན་སྲིད། གང་ལྟར་འཛམ་གླིང་ཤར་ནུབ་གྱི་ཡུལ་གྲུ་མི་འདྲ་བ་གཉིས་ནས་ཕེབས་པའི་ཕ་ཡུལ་མི་གཅིག་ལ་ཆེད་ལས་ཀྱང་མི་གཅིག་པའི་རིག་གནས་འཚོལ་ཞིབ་པ་ཟུང་གཅིག་ཐག་རིང་མི་ཡུལ་དེ་ནས་འཛོམས་འཕྲད་བྱུང་འདུག 

གངས་རི།

མཚེའུ།

རླུང་རྟ།

དགོན་པ།

གནའ་ཤུལ།

ཐང་སྟོང་།


༡༩༩༤ལོ་ནས་རྩིས་པའི་ལོ་གསུམ་བཅུའི་རིང་ལ། ཧྥུ་ཇི་ནི་ཡ་སློབ་ཆེན་གྱི་བོད་ལྗོངས་ཞིབ་འཇུག་ལྟེ་གནས་དང་སུའེ་སིའི་བྷོར་ནི་སློབ་ཆེན་གྱི་ཞིབ་འཇུག་པ་མཐོ་གྲས་ཇོའོ་ཝེན་སེན་ཊེ་བྷེལ་ཛ་མཆོག བོད་ཡུལ་སྟོད་ཀྱི་སའི་ཆ་མངའ་རིས་སྐོར་གསུམ་དང་བྱང་ཕྱོགས་ས་ཐང་ཆེན་མོར་ཐེངས་མང་ཞབས་ཀྱིས་བཅག་ཏེ། ཡུལ་མིའི་རོགས་རམ་འོག་ཡུལ་དངོས་རྟོག་ཞིབ་ཀྱི་རྣམ་གྲངས་ཉིས་ཤུ་ཙམ་ལེགས་གྲུབ་བྱུང་།

བྷེལ་ཛ་མཆོག་རྟོག་ཞིབ་གནང་སྐབས་སུ།

ད་ཆ་ཁོང་ནི་རྒྱལ་སྤྱིའི་ཐོག་བོད་ཀྱི་བྱང་ཐང་གི་གནའ་རྫས་རྟོག་ཞིབ་དང་བོད་ཀྱི་གནའ་བོའི་རིག་གནས་ལོ་རྒྱུས་ཞིབ་འཇུག་ཐད་ཀྱི་མཁས་དབང་གྲགས་ཅན་དུ་གྱུར་ཟིན་པ་བཞིན། ཁོང་ནི་ཡུལ་དེ་གའི་ལོ་རྒྱུས་དང་ཆོས་ལུགས། དམངས་སྲོལ། སྒྱུ་རྩལ། ཐ་ན་གནའ་བོའི་བོད་ཀྱི་ཡིག་ཚངས་སོགས་སུ་འཁོད་པའི་གདོད་མའི་ཆོ་ག་དང་ལྷ་སྒྲུང་། རྟོགས་བརྗོད་སོགས་སུ་ཤེས་པའི་རྐང་གྲངས་ཙམ་མ་ཡིན་པར། ནང་གི་སྙིང་པོ་རྟོགས་པའི་མཁས་པ་ཡིན།

ལོ་ངོ་བཅུ་གྲངས་མང་པོའི་རིང་། བོད་ཡུལ་ནུབ་བྱང་ཙམ་དུ་མ་ཟད། རྒྱ་གར་དང་བྷ་གི་སི་ཐན་ཚུད་པའི་ཧི་མ་ལ་ཡའི་ནུབ་ཕྱོགས་ཡུལ་གྲུ་ཇི་སྙེད་ཅིག་ཏུ་ཁོང་གིས་ཞབས་རྗེས་འཁོད་ཡོད་ལ། ཞབས་རྗེས་དེ་དག་གིས་གྲུབ་པ་ནི་དཀའ་ངལ་ཁྱད་དུ་བསད་པའི་སྙིང་རུས་ཀྱི་ས་ཀྲ་ཞིག་རེད། 

བྷེལ་ཛ་མཆོག་བྱང་ཐང་དུ་རྟོག་ཞིབ་གནང་དུས། 
ཁོང་གི་གྲོགས་པོ་སྨན་དཔྱད་རིག་པའི་མཁས་དབང་
ཨེ་ཞི་ལེ་མཱག་ལེན་ཡང་ལྷན་དུ་ཕེབས།
ཁོང་གཉིས་ཀྱིས་ལམ་བར་དུ་འཕྲད་པའི་འབྲོག་པ་ཚོར་སྨན་བཅོས་བྱེད་རོགས་བྱས།

ཁོང་གི་བརྩམས་ཆོས་གལ་ཆེན《བོད་ཡུལ་འགྲིམས་པའི་ལོ་རྒྱུས། ༡༩༩༩ལོའི་བྱང་ཐང་རྟོག་ཞིབ་ཟིན་ཐོ》ཞེས་པ་རུ། "ང་ཚོ་བོད་དུ་བསྡད་པའི་དུས་ཚོད་ནི་ཉེན་ཁ་དང་སྤྲོ་སྣང་ཟུང་འབྲེལ་ཞིག་རེད། ང་ཚོས་རླངས་འཁོར་རམ་རྟ་ལ་བཞོན་པའམ། རྐང་ཐང་དུ་བསྐྱོད་དེ་ལ་ལུང་མང་པོ་བརྒལ་བ་ཡིན་ལ། ལམ་བར་དུ་འབྲོག་པ་མང་པོར་རོགས་པ་བྱེད་ཞོང་ཁོང་ཚོའི་རིག་གནས་དང་ལོ་རྒྱུས་ལ་རྒྱུས་མངའ་བྱུང་། ཟླ་བ་དྲུག་ཙམ་གྱི་དུས་ཚོད་རིང་། ང་ཚོ་གངས་འཁྱགས་དང་ཆུ་ལོག ཉེན་ཁ། དེ་བཞིན་སྲིད་གཞུང་གི་བཀག་འགོག་སོགས་བར་ཆད་མང་པོར་འཕྲད་བྱུང་། སྐབས་དེ་དག་ཏུ་ང་ཚོ་ནི་ཕྱི་ལོག་གི་སྤྱི་ཚོགས་དང་ཡོངས་སུ་འབྲེལ་བ་ཆད་སོང་། 

གཙང་པོའི་འགྲམ།

གཙང་པོ་བརྒལ་བ།

རྐང་ཐང་དུ་ཕེབས་པ།

གུར་ཕུབ་པ།

འགྲུལ་བཞུད་ཁྲོད་ཁོང་གིས་གནའ་རྫས་རྟོག་ཞིབ་ཀྱི་ཡིག་ཆ། མི་རིགས་ལོ་རྒྱུས་འབོར་ཆེན་ཁག་ཅིག་བསྡུ་རུབ་གནང་བ་མ་ཟད། རྒྱུ་ཆ་དེ་དག་ལ་བརྟེན་ནས་གསར་གཏོད་རང་བཞིན་ཆེས་ཆེར་ལྡན་པའི་ཞིབ་འཇུག་གི་གྲུབ་འབྲས་རིན་ཐང་བྲལ་བ་མང་པོ་ལེགས་གྲུབ་བྱུང་བ་རེད་ལ། གྲུབ་འབྲས་དེ་དག་གིས་ད་ཆ་ང་ཚོར་བོད་ཀྱི་ནུབ་ཕྱོགས་དང་བྱང་ཕྱོགས་ཀྱི་གནའ་བོའི་ལོ་རྒྱུས་དང་། སངས་རྒྱས་བསྟན་པ་མ་དར་གོང་ཡུལ་དེ་དག་ཏུ་འཚོ་ཞིང་གནས་པའི་གདོད་མའི་བོད་ཀྱི་རིག་གནས་ཞིབ་འཇུག་བྱེད་པ་ལ་སྒེའུ་ཁུང་ཞིག་ཕྱེ་བ་རེད།

ཞིབ་འཇུག་གྲུབ་འབྲས་དེ་དག་ནི་ཁོང་གི་བོད་ཡིག་ཟིན་བྲིས་དེབ་ལྔ་ཡོད་པའི་ནང་དང་། ཤོག་གྲངས་བཞི་བརྒྱ་ལྷག་གི་དབྱིན་ཡིག་ཟིན་བྲིས། དེ་བཞིན་སྦྱིན་ཤོག་དྲིལ་མ་བརྒྱད་བཅུ་གྱ་དགུ་དང་ཕྱག་བྲིས་ས་ཀྲ་སོགས་སུ་འཁོད་ཡོད། 

བྷེལ་ཛ་མཆོག་ཀ་ཏ་མན་ཏུའི་བཞུགས་གནས་སུ་ཕྱག་བྲིས་གནང་བཞིན་པ།
༢༠༠༤ལོའི་དགུན་ཁར། 
པར་ཁུངས། tibetarchaeology

བྷེལ་ཛ་མཆོག་གི་ཕྱག་བྲིས་རི་མོ།

པར་ཁུངས། tibetarchaeology


ཁོང་ཉིད་ཧི་མ་ལ་ཡའི་ས་མཐོའི་རི་རྒྱུད་དུ་ལོ་ངོ་གསུམ་བཅུ་ལྷག་འཚོ་བ་བསྐྱལ་བས། དབྱིན་སྐད་ཕུད་བོད་སྐད་དང་། ཧིན་རྡུའི་སྐད། བལ་ཡུལ་སྐད་སོགས་སྐད་རིགས་མི་འདྲ་བ་བརྒྱད་ཙམ་མཁྱེན་གྱི་ཡོད་ལ། ཁོང་ཡང་ཁ་འབབ་ཀྱི་ཆུ་བོ་བཞིའི་ས་ཁམས་དང་རིག་གནས། ལོ་རྒྱུས་བཅས་ལ་ཞིབ་འཇུག་གནང་མཁན་གྱི་ནུབ་ཕྱོགས་པ་ཐོག་མ་དེ་རེད།

༡༩༨༤ལོར། རྐང་ཐང་དུ་ལ་ཀླུང་བརྒལ་བཞིན་པ།
པར་ཁུངས། tibetarchaeology

དེ་ལྟ་མོད་ཀྱི། བྷེལ་ཛ་ནི་ཞིབ་འཇུག་པ་ཁོ་ན་ཙམ་མ་ཡིན་པར། ད་དུང་རྩོམ་པ་པོ་ཞིག་དང་རྒྱལ་ཁམས་སྐོར་མཁན་ཞིག་རེད་ལ། ལྷག་པར་དུ་གནའ་མཇལ་བ་ཞིག་རེད་དེ། ཁོང་གིས་ཞིབ་འཇུག་པའི་ལྟ་སྟངས་ཁོ་ནས་བོད་ལ་ནན་གཟིགས་གནང་བ་ཙམ་མ་ཡིན་པར། ཚེ་སྲོག་ལ་བཅངས་པའི་བརྩེ་བ་དྲོན་མོ་དང་། ཡུལ་དེ་ལ་བཅངས་པའི་དགའ་ཞེན་ཟབ་མོས། ལྷག་བསམ་རྣམ་པར་དག་པ་ངང་བོད་ཡུལ་གྱི་གཏིང་དུ་གཟིགས་པ་རེད།

བུ་མོ།

སྐྱེས་པ་ཞིག

སྒྲ་སྙན་འཁྱེར་བའི་ཕྲུ་གུ་ཞིག

བུ་མོ་རྒན་གཞོན་གཉིས།

མི་ཚང་གཅིག

ཕ་དང་བུ།

བློ་ཕམ་དགོས་པ་ཞིག་ལ། ཁོང་གིས་སྐབས་དེར་གཟིགས་མྱོང་བའི་གནའ་ཤུལ་མང་པོ་ཞིག་དང་། ལོ་ངོ་སྟོང་ཕྲག་གི་ལོ་རྒྱུས་ལྡན་པའི་ལྡེབས་རིས་མང་པོ་ཞིག་ད་ཆ་བརླགས་པའམ་ཟད་ཟིན། 

དུས་རབས་གོང་མའི་མཇུག་ཙམ་ལ་ཁོང་གི་ཟིན་བྲིས་སུ་འཁོད་པའི་གནའ་ཤུལ་རིན་ཐང་ཅན་དེ་དག་མི་རྣམས་ཀྱིས་རྙེད་པ་ནས་བཟུང་། ལོ་ངོ་ཉི་ཤུ་ལྷག་གི་རིང་ཇག་པ་དང་རྐུན་མ་ལྟ་བུའི་མི་ངན་དག་གི་ལག་པ་ཡང་གནའ་རྫས་དེ་དག་གི་ཕྱོགས་སུ་བརྐྱངས་ཏེ། སྐབས་དེའི་ལྡེབས་རིས་རིན་ཐང་བྲལ་བ་མང་པོ་ཞིག་གྱང་ངོས་ནས་བཙན་གྱིས་བཀོག་ཏེ་འཁྱེར་བས་དེ་དག་ལ་གནོད་འཚེ་ཚབས་ཆེན་ཐེབས་གཤིས། དེ་དག་གི་སྒྱུ་རྩལ་རང་བཞིན་དང་ལོ་རྒྱུས་དོན་སྙིང་ནི་ད་ཆ་མཐོང་ཐབས་བྲལ།

ལྡེབས་རིས།

རྡོ་བརྐོས་རི་མོ།

རྡོ་བརྐོས་རི་མོ།

གཡུང་དྲུང་རི་མོ།

རྩོམ་འདིར་བྷེལ་ཛ་ཡི་ཕུན་སུམ་ཚོགས་ལ་ཉམས་སྣང་གིས་ཕྱུག་པའི་བརྙན་རིས་བརྒྱུད་ནས།  མཐོ་སྒང་གི་འབྲོག་པའི་ཉིན་རེའི་འཚོ་བ་དང་། གནའ་བོའི་རིག་གནས་ཀྱི་རྗེས་ཤུལ།  རང་འབྱུང་གི་གདོད་མའི་མཛེས་ལྗོངས་དང་དེ་བཞིན་སྤྱི་ཚོགས་ཀྱི་ལས་རིགས་སོ་སོའི་མཐོང་ལམ་དུ་ཇི་མངོན་བསྟར་ཏེ།  དུས་རབས་གོང་མའི་ལོ་རབས་དགུ་བཅུའི་ལུང་སྟོང་ཁོད་ཡངས་ལ།  ངོ་མཚར་སྟོང་གིས་ཕྱུག་པའི་མངའ་རིས་དང་བྱང་ཐང་གི་སྤྱི་ཚོགས་ས་ཁམས་ཀྱི་རྣམ་པ་ལམ་ལམ་དུ་ཚོར་དུ་བཅུག་ཡོད།

ཕྱུགས་འཚོ་བ།

མཆོད་རྟེན།

འཚེམ་འབྲུབ།

ཞིང་ལས།


སའི་གོ་ལའི་ཐོག་གི་འཚོ་གནས་བྱེད་ཁག་ཤོས་ཀྱི་གྲས་སུ་གྱུར་པའི་མངའ་རིས་ས་ཁུལ་དང་། བྱང་ཐང་ཁུལ་གྱི་རང་བྱུང་ས་ཁམས་ནི་མཐའ་འཁོབ་ལུང་སྟོང་འབའ་ཞིག་ཏུ་སོང་མོད།   དེའི་སྐྱི་གཡའ་བའི་རང་བྱུང་ཁོར་ཡུག་དང་ཐུན་མིན་གྱི་སྐྱེ་ཁམས་མ་ལག་གིས།   གནའ་དེའི་རྒྱ་ཆེ་ལ་བརྗིད་ཆགས་པ།  མཚར་སྡུག་ལྡན་པའི་མཛེས་རིས་དག་བསྐྲུན་ཡོད།  དེ་དག་ལས་ཀྱང་ད་བར་ཤུལ་དུ་ལུས་པའི་ཆེས་གནའ་བོའི་སྐབས་ཀྱི་ཤུལ་བཞག་དང་།  དུས་ཀྱི་ལོ་ཟླ་རིང་མོའི་ནང་དུ་རིམ་གྱིས་བལྟམས་པའི་དོད་མའི་སྐྱེ་ཁམས་རིག་གནས།  དེ་མིན་ཁྱད་པར་འཕགས་པའི་རང་བྱུང་གི་མཛེས་ཉམས་སོགས་པ་དེ་དག  ཕན་ཚུན་གཅིག་ཤོས་གཅིག་གི་རྒྱན་དུ་གྱུར་ཙ་ན།  དེས་ཀྱང་ཡུལ་ཁམས་དེར་སྔར་མེད་ཀྱི་ངོ་མཚར་དང་ལྷ་ལ་དབང་བའི་མཚར་སྡུག་ཅིག་གཏོད་ཡོད།

གངས་རིན་པོ་ཆེ།

གནས་མཚོ།

གྲགས་པ་འཛམ་གླིང་དུ་ཁྱབ་པའི་གངས་རིན་པོ་ཆེ་དེ་ཉིད།  བོད་བརྒྱུད་ནང་བསྟན་ཚུད་པའི་ཨེ་ཤ་ཡའི་གླིང་གི་ཆོས་ལུགས་རིགས་གནས་དུ་མའི་ནང་དུ།  གང་དེའི་གནས་རི་དང་འཕགས་པའི་ཡུལ་མཆོག་ཏུ་བརྩིས་ནས།  འཛམ་གླིང་གི་ལྟེ་བར་འདོད།  དེ་བས་ཀྱང་ཡུལ་ལུང་བྱེ་བྲག་པ།  མི་མེད་དབེན་པའི་གནས་གང་མང་ཞིག་ནི།  སྔ་ནས་ད་བར་གྱི་རྣལ་འབྱོར་པ་ཚོས།   དབེན་མཚམས་སུ་བཞུགས་པའི་གནས་ཁྱད་པར་ཅན་དུ་བསམ་བཞིན་ཡོད།  དེ་མིན་རི་བྲག་དང་།  མཚོ་མཚེའུ།  གངས་རི་སོགས་ཀྱང་རྣམ་ཤེས་ཁོངས་ལ་སྦྲུམ་པའི་རྟགས་སུ་བརྩིས་ནས།  རང་བྱུང་གི་དད་མོས་དང་ཆོས་ལུགས་ཀྱི་དད་པ་གཉིས་ཆུ་ལ་ཆུ་བཞག་གི་ཚུལ་དུ་འདྲེས་ཡོད།

ཁྱད་འཕགས་ཀྱི་རང་བྱུང་ཁོར་ཡུལ་ལ།    ས་ཁམས་ཀྱི་ངོས་ནས་དོན་སྙིང་ལྡན་ལ།  དེ་བས་ཀྱང་སེམས་ཁམས་ཀྱི་རྒྱ་ཆེ་ཏིང་ཟབ་གྱི་དད་འདུན་མཚོན་པའི་རྒྱུ་རུ་གྱུར་ཡོད།

ཐོད་བརྒལ།

འགྱིང་སྟོབས།


མ་གཞི་འདི་གར་ས་རྒྱ་ཆེ་ཞིང་མི་འབོར་ཉུང་ལ།  སྐྱེ་ཁམས་མ་ལག་གཞན་དང་མི་འདྲ།  འགྲིམ་འགྲུལ་དང་དངོས་པོའི་ཆ་རྐྱེན་སོགས་ཆ་ཚང་པོ་མེད་རུང་།  དུས་རབས་གོང་མའི་དུས་མཇུག་ནས་བཟུང་།   ཕྱི་ཕྱོགས་སུ་རིག་གནས་འབྲེལ་འདྲིས་བྱེད་ཤུགས་ཇེ་ཆེ་དང་།  ཕྱོགས་གང་ཐད་ཀྱི་ཆ་རྐྱེན་ཇེ་བཟང་དུ་སོང་བསྟུན།  བོད་ནུབ་དང་བོད་བྱང་ཁུལ་གྱི་རྟོག་ཞིབ་དང་།  རིག་གནས་དང་ལོ་རྒྱུས་ཀྱི་ཞིབ་འཇུག་ཐད་ཀྱི་རིན་ཐང་དེ་ཉིད།   རིམ་གྱིས་རྒྱལ་ཕྱི་ནང་གི་རིག་གཞུང་ཉམས་ཞིབ་པ་ཚོས་དོ་སྣང་དང་དོ་ཁུར་བྱུང་ཡོད་ཅིང་།   བྷེལ་ཛ་ནི་དེ་དག་ལས་གཅིག་ཡིན་པ་ལ།  སྐབས་དེ་ཙམ་དུ་ཁོང་གིས་བོད་ཁུལ་དུ་མྱུལ་དཔྱད་བྱེད་འགོ་བཙུགས།

བྷེལ་ཛ་མཆོག་དང་ཡུལ་མི་རྣམས་མཉམ་དུ་ལས་ཀ་གྲུབ་པ།

ཁོང་གི་བརྩམས་ཆོས《བོད་ཡུལ་འགྲིམས་པའི་ལོ་རྒྱུས། ༡༩༩༩ལོའི་བྱང་ཐང་རྟོག་ཞིབ་ཟིན་ཐོ》ནང་དུ།  བྷེལ་ཛ་ཡིས་འདི་ལྟར་གསུངས་ཡོད་དེ། "བྱང་ཐང་བསྐོར་བའི་རྒྱང་བསྐྱོད་རིང་མོ་དེ་འགོ་མ་བཙུགས་གོང་ལ།   ཆེད་མཁས་པ་ཕལ་མོ་ཆེས་རྒྱ་ཆེ་བའི་བྱང་ཐང་ས་ཁུལ་ནི་ཅི་ཡང་མེད་པའི་གནས་མཐའ་འཁོབ་གཅིག་ཏུ་འདོད།  འོན་ཀྱང་ང་ཚོས་གནས་དེ་རུ།  ཐུན་མིན་གྱི་རིག་གནས་ཤིག་རྙེད་ཡོད་དེ།   བོད་བརྒྱུད་ནང་བསྟན་བོད་ལ་མ་དར་བའི་སྔ་རོལ་ཞིག་ནས།   རིག་གནས་དེ་ཉིད་མཚོ་ཚད་ལ་རྨིད4700-5000བར་གྱི་ས་འདི་རུ་མྱུ་གུ་བུད་ཟིན་དེ།  རིན་གནས་གནའ་ཤུལ་དང་གནའ་རྫས་རྟོག་ཞིབ་ཀྱི་དཔང་རྟགས་དག་གིས་དེ་དག་ལ་ར་སྤྲོད་བྱས་ཡོད། "

གནའ་ཤུལ།

བྲག་ཕུག

དཔེ་ཆ།

གནའ་མཁར།

བོད་རང་གི་ཆོས་ལུགས་ཏེ་བོན་ཆོས་འབྱུང་སའི་ཞང་ཞུང་རིག་གནས་ནས།  དར་བའི་བརྩེ་མོར་སོན་སྐབས་བོད་བརྒྱུད་ནང་བསྟན་དར་སྤེལ་དང་སྒྱུ་རྩལ་འཕེལ་རྒྱས་བླ་མེད་གཏོང་མཁན་གྱི་གུ་གེ་རྒྱལ་རབས་སྐབས་སུ།  རིག་གནས་སྣ་ཚོགས་པ་ཞིག་གཅིག་མཇུག་གཉིས་མཐུད་ཀྱིས་དེང་ཀྱང་མཇལ་དུ་ཡོད་པའི་གནའ་ཤུལ་དག་གི་ཐོག་ཏུ་མངོན་ཞིང་།  དེས་ཀྱང་བོད་ཀྱི་གནའ་བོའི་རིག་གནས་ཀྱང་ཕུན་སུམ་ཚོགས་པའི་མཛེས་ཉམས་མངོན་པར་བྱས་ཡོད།  དུས་མཚུངས་བོད་ཁུལ་གྱི་སངས་རྒྱས་ཆོས་ལུགས་དང་།  འབྲོག་ལས་རིག་གནས།  དེ་བཞིན་གྱི་བོད་དང་མཐའ་འཁོར་གྱི་རྒྱལ་ཁང་ཁག་དབར་གྱི་ལོ་རྒྱུས་རིག་གནས་འབྲེལ་བའི་སྐོར་དཔྱོད་པ་ལ་དཔང་རྟགས་རིན་ཐང་བྲལ་བ་མཁོ་འདོན་བྱས་ཡོད་ཀྱི།  ད་དག་ཀུན་གྱིས་ཀྱང་བོད་ཁུལ་རིག་གནས་ཀྱི་མ་མ་འཚོལ་ཞིབ་དང་རྒྱུས་ལོན་ཐད་ཁུངས་སྣེ་གལ་ཆེན་གཏོད་ཡོད།  

མཚོ་འགྲམ་ན།


བལྟོས་བཅས་ཀྱིས་འགྲོ་འོང་སྟབས་མི་བདེ་ཞིང་། འཚོ་བའི་ཁོར་ཡུག་ཞན་པའི་དབང་གིས། སྲོལ་རྒྱུན་གྱི་མདངས་མ་ཉམས་པའི་དཔལ་འབྱོར་གྱི་རྣམ་པ་དང་སྤྱི་ཚོགས་ཀྱི་སྒྲིག་གཞི་ཞིག་དུས་རབས་གོང་མའི་དུས་མཇུག་ཏུའང་བོད་ཀྱི་ནུབ་བརྒྱུད་དང་བྱང་བརྒྱུད་དུ་མུ་མཐུད་དེ་རྒྱུན་སྐྱོང་ཐུབ་ཡོད། གནས་འདིར་ཐུན་མིན་གྱི་ཁྱད་ཆོས་མངའ་ཞིང་། བློ་བག་ཡངས་པའི་སྲོལ་རྒྱུན་གྱི་འཚོ་ཐབས་འདི་རིགས་ད་ལྟའི་བར་དུ་རྒྱུན་བསྲིངས་ནས་ཡོད།

ཆུ་ཚ་ཚ།

གྱོན་པ།

ལག་ཤེས་ཐོན་ལས་ཀྱིས་བོད་ཡུལ་གྱི་དཔལ་འབྱོར་སྒྲིག་གཞིའི་ཁྲོད་དུ་གོ་བབ་གལ་ཆེན་བཟུང་ཡོད་དེ། དེ་ནི་བོད་མི་རྣམས་ཀྱིས་འཚོ་ཚིས་སྐྱོང་བའི་ཐབས་ལམ་འགངས་ཆེན་ཞིག་ཡིན། ལྷག་པར་དུ་འབྲོག་ལས་ཀྱི་ཐོན་ཁུངས་ཕུན་ཚོགས་པའི་བོད་ཀྱི་ནུབ་བརྒྱུད་དང་བྱང་བརྒྱུད་དུ། འབྲོག་པའི་ཁྱིམ་ཚང་ཕལ་མོ་ཆེས་རང་གི་ལག་གཉིས་ལ་བརྟེན་ནས་བལ་གྱི་ཐོན་རྫས་། ནོར་ནག་གི་རྩིད་པའི་སྦྲ་གུར། ཀོ་ཆས་སྣ་ཚོགས་པ་བཙེམས་ནས་རང་ཉིད་བཀོལ་བའམ་གཞན་ལ་འཚོང་བར་བྱེད།

སྲོལ་རྒྱུན་ཟས་རིགས།

འབྲོག་ལས་དང་ཞིང་ལས་འཁོས་ཆུང་ཙམ་གཉེར་ནས་འཚོ་ཚིས་སྐྱོང་བ་ཕུད། དུས་ཡུན་རིང་པོའི་ནང་དུ་འབྲོག་པ་རྣམས་ཀྱིས་རི་དྭགས་རྔོན་པའི་སྦྱོར་བའང་སྤེལ་བཞིན་ཡོད། གཙོད་དང་འབྲོང་ལ་སོགས་པའི་རི་དྭགས་རྔོན་པ་ལ་བརྟེན་ནས་ཉིན་རྒྱུན་གྱི་འཚོ་ཐབས་གཉེར་གྱིན་མཆིས།

རྔོན་པ།

འཇིག་རྟེན་པའི་ཉིན་རྒྱུན་གྱི་འཚོ་བའི་ནང་དོན་དེ་དག་ཕུད། གནས་སྐོར་ལ་འགྲོ་བ་དང་། ཁ་ཏོན་འདོན་པ། མ་ཎི་བསྐོར་བ་སོགས་པའི་ཆོས་ལུགས་ཀྱི་ཆོ་ག་དག་ཀྱང་བོད་མིའི་མེད་དུ་མི་རུང་བའི་འཚོ་བའི་ཆ་ཤས་ཤིག་ཡིན། དད་པ་ནི་མི་རྣམས་ཀྱི་ཉིན་རྒྱུན་གྱི་འཚོ་བའི་རྣམ་པ་ཡོད་དོ་ཅོག་པར་སིམ་ལ། དེ་ནི་ཁོ་ཚོའི་ཚེ་སྲོག་ཁྲོད་ཀྱི་ཆེས་གལ་འགངས་ཆེ་བའི་བསམ་པའི་རྟེན་གཞི་ཡིན།

མཚོ་ལྷ་བསོ་བ།


འབྱམས་ཡས་པའི་ས་གཞི་ཆེན་པོས་མཐོ་སྒང་བ་རྣམས་ལ་དཀྱེལ་ཡངས་དང་དྲག་ཉམས་ཀྱི་གཤིས་རྒྱུད་དང་བརྟན་ཚུགས་བསྩལ་ལ། སྔོ་བསངས་ཀྱི་ནམ་མཁས་མི་རྣམས་ལ་སེམས་ཀྱི་གཏིང་རུམ་དུ་སིམ་པའི་ཁོག་རྒྱ་དང་། ལྷག་བསམ། ཞི་ལྷོད་གནང་། གནམ་ས་དང་ངོ་བོ་གཅིག་ཏུ་འདྲེས་པའི་ཡིད་འོངས་ཀྱི་སྲོལ་རྒྱུན་ཁྲོད། གནའ་ཉམས་ཀྱིས་ཕྱུག་ཅིང་མཆོག་ཏུ་འགྱུར་པའི་འཚོ་བའི་རྣམ་དཔྱོད་ཅིག་མི་རབས་ནས་མི་རབས་བར་དུ་རྒྱུན་འཛིན་བྱས། སྐབས་དེར་དེང་རབས་ཀྱི་དཔལ་ཡོན་གྲོང་ཚོའི་གསེབ་ཏུ་གཞི་ནས་སླེབས་མེད་པས། རྒྱང་རིང་གི་ལོ་ཟླའི་ཁུག་སོ་ནས་བཞུར་བའི་བག་ཡངས་དང་ཞི་ལྷོད་དེ་རིགས་སྔར་མུས་བཞིན་སྨུག་ལོང་ལྟར་དུ་གནས་འདིར་འཁྱིལ།

ཞིང་ལས་སྐབས།

ཕྱུགས་འཚོ་བ་དང་། འོ་མ་གཞོ་བ། ཐགས་འཐག་པ་བཅས་ནི་མཐོ་སྒང་གི་འབྲོག་པའི་འཚོ་བའི་ཁྲོད་དུ་ཆེས་རྒྱུན་གཏན་གྱི་ངལ་རྩལ་གྱི་རྣམ་པ་ཡིན། བློ་བརྟན་བག་ཡངས་ཀྱི་གསོན་སྟོབས་ཤིག་རང་བྱུང་གི་ཁོར་ཡུག་རྩིང་པོའི་ཁྲོད་དུ་དམར་དམར་རྗེན་རྗེན་དུ་མངོན་པར་བྱས། 

འབྲོག་ལས་ཀྱི་འཚོ་བ་དང་མཐོ་སྒང་གི་དད་མོས་གཉིས་པོ་སྡེབ་ནས་ངམ་ཐང་ཐོག་ཏུ་མི་སེམས་འགུལ་བའི་འགྱུར་ཁུག་སྙན་པོ་ཞིག་གྲུབ་ཅིང་། འདས་སོང་ནི་ད་ལྟ་བའི་ཀློང་དུ་འདྲེས་དང་མཚུངས། མི་རྣམས་གནམ་སའི་བར་ནས་མིག་སྔའི་ཚེ་སྲོག་གི་རིན་ཐང་དང་སྙིང་པོ་བསྐྲུན་པར་འབད་ལ། ལོ་ཟླའི་གཏིང་རུམ་གྱི་གཏམ་རྒྱུད་སྙན་པོའི་འཕྲོ་མ་སྐྱོང་ལ་བྲེལ།

ངལ་རྩོལ།

ལོ་ལེགས།

དུས་ཆེན།

སྨོན་ལམ།

བདག་ཅག་ལ་བྷེལ་ཛ་ལྟར་དུ་མཐོ་སྒང་འདི་ལ་རྒྱ་ཆེ་གཏིང་ཟབ་ཀྱི་ཞིབ་འཇུག་བྱ་བའི་གོ་སྐབས་མེད་ཀྱང་སྲིད་མོད། མཁས་པའི་ཞིབ་ཅིང་ཕྲ་བའི་ཡིག་འབྲུའི་གསེང་དང་ཕུན་སུམ་ཚོགས་ལ་གསོན་ཉམས་ལྡན་པའི་བརྙན་ཟློས་ཀྱི་རྒྱུ་ཆར་བལྟས་པ་ཉིད་ཀྱིས། རང་རེ་ནི་འདི་ཚེ་འདིའི་དུས་ན་གནས་འདིར་གནས་པ་ལྟར་དུ་ཟད་ལ། མཁས་པ་ཞིག་གིས་དུས་དེར་རྟོག་ཞིབ་གནང་བའི་བརྒྱུད་རིམ་ཁྲོད་དུ་གསར་རྙེད་རེ་རེ་བྱུང་བའི་རྗེས་ཀྱི་དགའ་སྤྲོ་དང་སེམས་འགུལ་ལོངས་སུ་སྤྱད་ཆོག

ཁོང་དང་མཉམ་དུ་ལོ་རྒྱུས་ཀྱི་གཏིང་དུ་བག་ལ་ཞ་བ་དང་། དུས་ཚོད་ཀྱིས་གཏིང་བརྗེད་དུ་བཏང་བའི་ངོ་མཚར་ལ་ཡིད་དབང་འཕྲོག་པའི་ས་ཆ་རེ་རེར་སླེབས་དང་འདྲ། བཅོས་མིན་སེམས་ཀྱི་གཏིང་ནས་གནའ་བོའི་དཔལ་ཡོན་དེ་དག་གི་གཟི་བརྗིད་དེ་དག་ལ་བདེན་དཔང་དང་ཉམས་སུ་མྱངས།

འཚེམ་འབྲུབ།

སྔར་མུས་སུ་གསོན་ཉམས་ཀྱིས་ཕྱུག་པའི་བརྙན་རིས་རྩ་ཆེན་རེ་རེར་ཅེར་བའི་ཚེ། དུས་ཚོད་ནི་འཁྱུག་སྒོ་གནོན་པའི་སྐད་ཅིག་ཉིད་དུ་དམ་ལ་བཏགས་དང་མཚུངས། ཤུལ་དུ་བཞག་པ་ནི་ཡི་གར་འོངས་པའི་དྲན་པ་རྩ་ཆེན་ཞིག་ལ་དྲན་གསོ་བྱེད་པ་འབའ་ཞིག་མིན་པར། སྔོན་གྱི་ཚེ་མཚར་སྡུག་འོད་སྟོང་འབར་བའི་དཔལ་ཡོན་ཞིག་ལོ་རྒྱུས་དང་ལྷ་སྒྲུང་མངོན་པར་འདྲེས་པའི་ས་ཆ་འདི་རུ་མངོན་མངོན་རྗེན་རྗེན་དུ་གནས་པ་ར་སྤྲོད་པའི་དཔང་རྟགས་ཤིག་ཀྱང་ཅི་ལ་མིན།

ཕུན་སུམ་ཚོགས་ལ་ལོ་རྒྱུས་ཡུན་རིང་བའི་རིག་གནས་ཀྱི་རྒྱུན་སྲོལ་འདི་ཡིས་ངེད་ཅག་འདས་སོང་དང་མ་འོངས་པའི་དབར་ལ་དུས་ཡུན་རིང་པོའི་ནང་བསམ་གཞིག་དང་རྒྱང་ལྟ་བྱ་རུ་འཇུག་ངེས།

མཐོ་སྒང་གི་བུ་མོ།


རྩོམ་པ་པོ།


ཏཱ་ལུ།(大路)

པེ་ཅིང་དུ་བཞུགས། བོད་ཡུལ་སེམས་ཀྱི་ཕ་སར་འཛིན། གདོང་ལེན་འཆར་འགོད་དང་སྲོལ་རྒྱུན་སྒྱུ་རྩལ་གཉེར་ནས་ལོ་ངོ་བཅུ་གྲངས་སོང་། ད་ཆ་རྩོམ་འབྲིའི་བྱ་བ་ཁོ་ན་དོན་དུ་གཉེར་བཞིན་ཡོད། ཁོང་གི་རྩོམ་རྒྱ་ཡངས་ཤིང་ནང་དོན་གཏིང་ཟབ་ལ། ཚེ་སྲོག་ནི་རྒྱུན་མེད་ཀྱི་བརྟག་དཔྱད་དང་མྱོང་བ་། སློབ་སྦྱོང་། དེ་བཞིན་ཚོད་ལྟའི་བརྒྱུད་རིམ་ཞིག་ཏུ་བརྩི་བཞིན་ཡོད། ཁོང་གིས་སེམས་པ་ནམ་ཡང་ལྷད་མེད་དུ་གནས་གྱུར་ཅིག དཔེ་ཀློག་གི་འགྲུལ་བཞུད་ཁྲོད་བདེན་པ་དང་མཛེས་པ་འཚོལ་རྟོག་བྱེད་རྒྱུ་ལྷོད་པར་མ་གྱུར་ཅིག་ཅེས་གསུངས།



ཨ字耳钉


ༀ字白水晶耳坠




   
 

CHARU
ཆ་རུ། 迦入源于藏语,是一枚黑帐篷上的木扣子。社会企业|游牧可持续|博物馆|设计品牌心措
 最新文章