མདོ་སྔགས་རྩོད་སྤང་གཟུར་གནས་དགྱེས་པའི་ལེགས་བཤད།

文化   2024-11-04 19:30   四川  

གསུང་པ་པོ།   མཁན་ཆེན་ཚུལ་ཁྲིམས་བློ་གྲོས།


ཡིག་འབེབས་པ།  ཆོས་རྗེ།


གཅིག


   དེང་སང་མི་མང་པོ་ཞིག་གིས་རབ་བྱུང་གི་སྡོམ་པ་ཉམས་དུས་ཁོ་སྔགས་པ་ཡིན་ཟེར་གྱིན་འདུག སྔགས་པ་ཡིན་ན་ལོས་བཟང་། ང་ལ་མཚོན་ན། ཕམ་ལྷག་བཅུ་བདུན་གྱིས་མ་གོས་པ་གཞིར་བཞག་གི་ཐོག་ནས་སྤང་ལྟུང་རྣམས་བཤགས་སྡོམ་ཚུལ་བཞིན་བྱས་པའི་དགེ་སློང་ཚད་ལྡན་ཞིག་ལས་ཀྱང་བསྐྱེད་རྫོགས་ཀྱི་གདེང་དང་ལྡན་པའི་སྔགས་པ་ཚད་ལྡན་ཞིག་ལ་དད་པ་ཆེ། ཡིན་ཡང་། རབ་བྱུང་གི་སྡོམ་པ་ཉམས་པ་ཙམ་གྱིས་སྔགས་པ་ཡིན་པའི་ངེས་པ་གཏན་ནས་ཡོད་མ་རེད། མི་འགའ་ཤས་ཀྱིས་ཁོ་སྔགས་པ་ཡིན་ཟེར་ནས་སྤྱོད་པ་འདྲ་མིན་སྣ་ཚོགས་ཤིག་བྱེད་བཞིན་འདུག་མོད། དེ་ནི་རང་གིས་བསམ་བློ་ཡག་པོ་ཞིག་མ་བཏང་བ་རེད་མ་གཏོགས། དེ་ལྟར་བྱས་ན་རབ་བྱུང་གི་ནང་ནས་རབ་བྱུང་གི་སྡོམ་པ་བསྲུངས་མ་ཐུབ་ནས་རབ་བྱུང་གི་བསྟན་པ་བཤིག སྔགས་པའི་ནང་དུ་སོང་ནས་སྤྱོད་པ་འཆོལ་ཉོག་བྱས་ཏེ་སྔགས་པའི་བསྟན་པ་བཤིག་པ་རེད།


གཉིས།


   མདོ་ཕྱོགས་ཀྱི་ཁྲིད་རྒྱུན་དང་། ལུང་རྒྱུན་རྣམས་ནི་ད་དུང་གནས་སྐབས་མི་འཆད་པ་འདྲ་ལ། སྔགས་ཕྱོགས་ཀྱི་དབང་རྒྱུན་དང་། ཁྲིད་རྒྱུན། ལུང་རྒྱུན་བཅས་ནི་མགྱོགས་པ་འཆད་ཨེ་འགྲོ་ཤེས་ཀྱི་མི་འདུག་པས། ང་ལ་མཚོན་ན་འདི་དག་བརྒྱུད་འཛིན་བྱེད་པའི་སྔགས་པ་རེ་རེ་ཡོད་ནའང་ཤིན་ཏུ་དགའ། དེས་ན། ཁྱེད་རྣམ་པ་ཚོ་སྔགས་པ་གྱིས། སྔགས་པ་བྱས་ཏེ་དབང་སྐུར། རྒྱུད་སྡེ་ཤོད་དང་། ངས་ཁྱེད་རྣམ་པ་ལ་རྗེས་སུ་ཡི་རང་ལོས་བྱེད་དེ། ཕྱག་ཀྱང་འཚལ་ཡོང་། འདི་ནི་ངོ་མ་བཤད་པ་ཡིན་མ་གཏོགས་རྫུན་རྩ་བ་ནས་བཤད་པ་མིན། ང་ལ་མཚོན་ན་སྔགས་ཕྱོགས་ཀྱི་དབང་ལུང་ཁྲིད་གསུམ་གྱི་རྒྱུན་འཆད་ཨེ་འགྲོ་ན་སྙམ་པའི་སེམས་ཁྲལ་ཡོད་པས། སྐབས་འདི་འདྲ་ཞིག་ལ་སྔགས་པ་ཚད་ལྡན་རེ་བྱུང་ནས།  ཁོང་རྣམ་པས་དབང་སྐུར། རྒྱུད་བཤད། ཁྲིད་བཏབ་ན་ཧ་ལས་པའི་ཡག་པོ་རེད་སྙམ་གྱིན་འདུག གནའ་བསྟན་པ་སྔར་དར་གྱི་སྐབས་སུ་ཡང་གླང་དར་མས་བསྟན་པ་སྣུབ་སྐབས་བསྟན་པ་འཛིན་མཁན་སྔགས་པ་དང་། ཁྱིམ་པ་དག་ཡིན་པ་ལས། རབ་བྱུང་ཚོ་མ་རེད།  རབ་བྱུང་ཚོས་སྡོམ་རྒྱུན་འཛིན་པ་ཙམ་མ་གཏོགས། དེ་རིང་ཁ་རྩང་གི་དབང་ལུང་ཁྲིད་གསུམ་གྱི་རྒྱུན་ཕལ་ཆེར་སྔགས་པ་དང་། ཁྱིམ་པ་ཚོས་སྤེལ་ཡོང་བ་རེད།


གསུམ།


   ཁྱེད་རྣམ་པ་ཚོས་བསྙེན་སྒྲུབ་ལས་གསུམ་ཡག་པོ་བྱོས་དང་། བསྙེན་སྒྲུབ་ལས་གསུམ་བྱེད་པའི་སྔགས་པ་ཚད་ལྡན་ཞིག་ཡིན་ན་ཡུམ་ཡོད་པས་སྐྱོན་ཡོད་མ་རེད་ལ། སྲས་དང་སྲས་མོ་ཡོད་པས་ཀྱང་སྐྱོན་ཡོད་མ་རེད། འོན་ཀྱང་། སྔགས་པ་ཚད་ལྡན་ཞིག་མིན་ན་རབ་བྱུང་གི་སྡོམ་པ་བསྲུངས་མ་ཐུབ་པ་ཙམ་རྒྱུ་མཚན་དུ་བྱས་ཏེ།  སྔགས་པ་ཡིན་ཟེར་བཞིན་སྤྱོད་པ་ཆ་བེ་ཆོབ་བེ་མང་པོ་བྱས་ན་གསང་སྔགས་ལ་གནོད་ཀྱི་རེད། ཁྱེད་རྣམ་པ་སྔགས་པ་ཡིན་ན་སྔགས་པའི་བསྟན་པ་ལ་གཅེས་སྤྲས་དང་ཤ་ཚ་རེ་ལོས་ཀྱང་བྱེད་དགོས། དེའི་ཕྱིར་སྔགས་པ་ཡིན་ཟེར་ནས་བྱ་བ་ཆ་བེ་ཆོབ་བེ་རྩ་བ་ནས་བསྒྲུབ་ཉན་ས་མི་འདུག


བཞི།


   སྔགས་པ་ཡིན་ན་དགེ་སློང་བསྒྲུབ་དགོས་པ་མ་རེད་ལ། དགེ་ཚུལ་ཡང་བསྒྲུབ་དགོས་པ་མ་རེད། དགེ་བསྙེན་གྱི་སྡོམ་པ་ཙམ་ཞུས་ནས་བསྙེན་སྒྲུབ་ལས་གསུམ་ཡག་པོ་བྱས་ཏེ་དབང་སྐུར། ལུང་གནོངས། ཁྲིད་ཤོད་དང་། རྗེས་མ་ངེད་ཚོ་སུ་ཡིན་ཡང་ཁྱེད་རྣམ་པའི་མདུན་ནས་དབང་ལུང་ཁྲིད་གསུམ་ཞུ་ཡོང་གི་རེད། གལ་ཏེ་དེ་ལྟར་མིན་པར་རང་གིས་སྡོམ་པ་བསྲུངས་མ་ཐུབ་དུས་སྔགས་པའི་གྱོན་ཆས་རེ་གྱོན་ནས་སྔགས་པ་ལ་ཁ་གཡར་ཏེ་ཆེན་པོ་ཞིག་ཡིན་ཟེར་ནས་བཤད་བསྡད་ན། ཐུགས་བསམ་ཡག་པོ་ཞིག་བཞེས་མ་གཏོགས། སྔགས་པའི་ཆས་སོགས་མདོར་ན་སྔགས་ཀྱི་བྱ་བ་གང་ཡིན་ཡང་གསང་བའི་སྒོ་ནས་བེད་སྤྱད་རྒྱུ་ཤ་སྟག་ཡིན་པ་ལས།  མང་ཚོགས་ལ་ཁྲོམ་བསྒྲག་བྱེད་རྒྱུ་ཞིག་ལར་ནས་མ་རེད། དེ་འདྲ་ཡིན་དུས། གལ་ཏེ་སྤྱོད་པ་སྣ་ཚོགས་བྱས་ཚེ་ནང་པ་སངས་རྒྱས་པའི་རང་གི་དབང་དུ་བྱས་ན། རྒྱ་བརྒྱུད་ནང་བསྟན་ཆོས་ལུགས་པ་རྣམས་ཀྱིས་ཅི་བསམ་རྒྱུ་རེད། ལྷོ་ཕྱོགས་ཀྱི་ཉན་ཐོས་རྣམས་ཀྱིས་ཅི་ཟེར་རྒྱུ་རེད། དེ་ཡིན་དུས། རང་རང་སོ་སོས་རབ་བྱུང་གི་སྡོམ་པ་བསྲུངས་མ་ཐུབ་ན་དགེ་བ་བསྒྲུབས་ནས་འདུག་པ་མ་གཏོགས།  སྔགས་པ་ཡིན་ཟེར་ནས་གྲུབ་པ་མ་ཐོབ་ན་ཐོབ་ཁུལ་མ་བྱེད།  དེ་ལྟར་བྱས་ན་གསང་སྔགས་ལ་གནོད་ཀི།


ལྔ།


   སྔགས་པ་ཚོས་གྲུབ་ཐོབ་ཡིན་ཟེར་ནས་རང་གིས་དུ་བ་འཐེན།  གཞན་ལ་འཐེན་དུ་བཅུག དེ་བཞིན་དུ་རང་གིས་ཆང་འཐུང་། གཞན་རྒྱ་བོད་སུ་ལ་ཡང་འཐུང་དུ་བཅུག ཁྱད་པར་དུ་ཤ་མི་ཟ་བའི་རྒྱ་མི་རྣམས་ལ་ཤ་ཟ་བཅུག་གིན་འདུག དེ་འདྲ་རྩ་བ་ནས་བྱེད་ཉན་ས་མི་འདུག དོན་ངོ་མར་བཤད་ན་ཁྱེད་རྣམ་པ་གྲུབ་ཐོབ་ཡིན་ན་ཐང་ལ་མིན་ནའང་ཐང་། ཡིན་ཡང་། གཞན་ལ་དེ་ལྟར་བྱས་ན་གསང་སྔགས་ལ་ངན་སྨོད་ཟེར་མཁན་མང་པོ་ཡོང་ས་འདུག་པས།   དེའི་རིགས་རྩ་བ་ནས་མ་བྱེད།    


ཕྱི་ལོ་༢༠༢༡ལོའི་ཟླ་བ་༧པའི་ཚེས་༢༡ཉིན་ཡི་གེར་བཀོད།


岭子藏文网站
ང་ཚོ་མཉམ་དུ་འཛོམས་པ་ནི། ལས་དབང་ཞིག་ཅི་ལ་མིན་ཨང་།
 最新文章