གྲྭ་པ་ཚོས་སྤོ་ལོ་རྩེ་བ་དང་འཕྲུལ་རྟར་ཞོན་པ་སོགས་འགྲིག་གམ།

文化   2024-12-14 19:54   四川  
གསུང་བ་པོ། མཁན་ཆེན་ཚུལ་ཁྲིམས་བློ་གྲོས།

དྲི་བ། གྲྭ་པ་ཚོས་སྤོ་ལོ་རྩེ་བ་དང་འཕྲུལ་རྟར་ཞོན་པ་སོགས་འགྲིག་གམ།

 ལན། རྒྱ་གར་ན་ཡོད་པའི་གྲྭ་པ་ཚོས་སྤོ་ལོ་རྩེ་གིན་ཡོད་པ་མ་ཟད་དགོན་པའི་ནང་ན་ཡང་སྤོ་ལོ་ཐང་ཡོད་རེད། དེ་ལུས་པོ་སྦྱོང་བརྡར་རེད་གསུང་གིན་ཡོད་པ་རེད། ང་ཚོའི་ནང་དུ་སྤོ་ལོ་བརྩེས་ན་མི་ཉན་ཟེར་གིན་ཡོད་པ་རེད། དེ་ཉན་དང་མི་ཉན་ཟེར་རྒྱུ་དེ། རྒྱ་གར་གྱི་མི་རྣམས་ཀྱིས་སྤོ་ལོ་རྩེ་རྒྱུ་དེ་སྡུག་པོ་ཞིག་ལ་མི་འཇོག་པའི་རྒྱུ་མཚན་གྱིས། རྒྱ་གར་གྱི་བླ་མ་རྣམས་ཀྱིས་སྤོ་ལོ་བརྩེས་བཞག་ན་ཡང་འགྲིག་འདུག་བསམས་ནས། དེ་ལུས་པོ་སྦྱོང་བརྡར་རེད། ཡག་འདུག་གསུངས་པ་རེད། ང་ཚོ་འབྲོག་པ་དང་རོང་བ་རྣམས་ཀྱིས། བན་དེ་རྣམ་པས་སྤོ་ལོ་རྩེ་བ་མཐོང་ན། བན་དེ་རྣམས་ཀྱིས་སྡུག་པོ་ཞིག་བྱེད་བཞིན་འདུག་ཟེར་ཡོང་བས། གནས་སྐབས་སུ་སྤོ་ལོ་རྩེ་ཉན་པ་མ་རེད། མ་འོངས་པ་ན་བོད་ཀྱི་མི་རྣམས་ཀྱང་བསམ་བློ་གུ་ཡངས་པོར་གྱུར་ནས། སྤོ་ལོ་བརྩེས་ན་ཡག དེ་སྲོག་བཅད་པ་ནི་མ་རེད། རྐུ་བྱས་པ་ནི་མ་རེད་ཟེར་ནས་བོད་མང་ཚོགས་ཀྱི་བསམ་བློའི་ཚད་དེ་འདྲ་ཞིག་ལ་ཐོན་ཡོང་ན། དེ་དུས་བོད་ཀྱི་བན་དེ་རྣམས་ཀྱིས་སྤོ་ལོ་རྩེད་དང་ཆོག་རེད། དེར་སྒུག་དགོས་རེད།

 དེ་ནས་འཕྲུལ་རྟ་ཡང་དེ་རེད། མང་ཚོགས་ཀྱིས་གྲྭ་པ་རྣམས་ཀྱིས་འཕྲུལ་རྟར་ཞོན་ན་འགྲིག རྟ་རྣམས་ལ་དཀའ་ལས་མི་འདུག་བསམ་ནས་ཡག་ཟེར་ན། སྐབས་དེར་འཕྲུལ་རྟར་ཞོན་དགོས་ཆོག་རེད། མང་ཚོགས་ཀྱིས་བན་དེ་ཞིག་གིས་དམར་ལྷབ་ལྷབ་ལྷབ་འདི་མི་ཡག་བསམ་ན། དེ་དུས་འཕྲུལ་རྟར་གནས་སྐབས་སུ་ཞོན་ཉན་མ་རེད། དེ་འདྲ་ཞིག་མ་གཏོགས་འདི་དག་ལ་འདི་རེད་དང་འདི་མ་རེད་ཅི་ཡང་ཟེར་རྒྱུ་ཡོད་མ་རེད།

 བཅོམ་ལྡན་འདས་ཀྱིས་ཀྱང་འདུལ་བའི་བསླབ་པ་ཕལ་ཆེར་ཐམས་ཅད་པོ་དེ་ལྟར་བཅས་པ་རེད། བཅོམ་ལྡན་འདས་ཀྱིས་དང་པོའི་གནས་སྐབས་ན་ཤམ་ཐབ་གྱོན་རྒྱུ་དེ། དགེ་སློང་རྣམས་ཉི་མ་རེ་རེ་བཞིན་དུ་བསོད་སྙོམས་ལ་འགྲོ་སྐབས། ཤམ་ཐབ་ཡར་པུས་མོ་སར་བརྫེས་ནས་སོང་དུས། རྒྱ་གར་གྱི་མི་རྣམས་ཀྱིས་འཕྱ་སྨོད་བྱས་ནས། དགེ་སློང་རྣམས་ལ་ཁྱེད་ཚོས་ཤམ་ཐབ་འདི་འདྲ་བརྫེས་ནས་བྱ་བདའ་སར་འགྲོ་རྒྱུ་ཨེ་ཡིན་ཞེས་ཟེར་བས། དགེ་སློང་རྣམས་ཡར་སངས་རྒྱས་ཀྱི་མདུན་དུ་སོང་ནས་དེ་ལྟར་ཞུས་ཚེ། བཅོམ་ལྡན་འདས་ཀྱིས། དེས་ན་དེ་འདྲ་མ་རྫེ། མར་ཅུང་དམའ་སར་ཕོབ་ཅེས་གསུངས་བ་རེད། ཡང་དགེ་སློང་ཚང་མས་ཤམ་ཐབ་དེ་ས་ལ་འདྲུད་ཙམ་ཞིག་བྱས་ནས་སོང་དུས། ཡང་རྒྱ་གར་གྱི་མི་རྣམས་ཀྱིས་ཁྱེད་ཚོ་རྒྱལ་པོའི་བཙུན་མོ་ཡིན་པ་ཨེ་རེད་ཅེས་ཟེར་སྐབས།  ཡང་དགེ་སློང་རྣམས་ཕྱིར་སོང་ནས་བཅོམ་ལྡན་འདས་ལ་དེ་ལྟར་ཞུས་ཚེ། བཅོམ་ལྡན་འདས་ཀྱིས། ད་དེ་འདྲ་མ་བྱེད། རྐང་པའི་རྒྱ་ཚིགས་ཀྱི་མཚམས་ནས་སོར་མོ་བཞི་ཙམ་ཞིག་ལ་བརྫེས་དང་ཅང་ཟེར་རྒྱུ་མ་རེད་ཅེས་གསུངས་པ་རེད། དེ་ནང་བཞིན་དུ་གནས་ཚུལ་འདི་དག་མང་ཚོགས་ཀྱི་བསམ་བློ་དང་བསྟུན་དགོས་གིན་རེད།

岭子藏文网站
ང་ཚོ་མཉམ་དུ་འཛོམས་པ་ནི། ལས་དབང་ཞིག་ཅི་ལ་མིན་ཨང་།
 最新文章