འོས་སྦྱོར། ཕྲག་དོག་གིས་གཞན་འདུལ་བར་བསམ་པ་ནི་གླེན་རྟགས་ཤིག་ཡིན།

文化   2024-10-12 21:58   四川  
ཕྲག་དོག་གིས་གཞན་འདུལ་བར་བསམ་པ་ནི་གླེན་རྟགས་ཤིག་ཡིན། 

རྩོམ་པ་པོ། རྐང་ཚ་བྱམས་པ།

གཅིག 
ཁྱོད་ཀྱིས་ནམ་རྒྱུན་གཞན་ལ་ཕྲག་དོག་བྱེད་དམ། གཞན་གྱི་ཕུན་ཚོགས་ལ་དགའ་བ་སྐྱེའམ། གལ་སྲིད་མི་སྐྱེ་དུས་ཁྱོད་ལ་ཕྲག་དོག་ཡོད་ངེས། ལྷག་པར་དུ་གཞན་གྱི་བདེ་བ་ནི་རང་གི་ན་ཟུག་ཅིག་ཏུ་མཐོང་དུས། ཁྱོད་མ་གཞི་ནས་ཕྲག་དོག་གིས་དམ་དུ་བཅངས་ཡོད་ངེས།

གཉིས། 
ཕྲག་དོག་གིས་ཁྱོད་ནི་མི་གཞན་ཞིག་ལ་བསྒྱུར་སྲིད། སྔར་འདྲིས་དག་རྒྱུས་མངའ་མེད་པ་ཞིག་ཏུ་གཏོང་སྲིད། ད་འདྲིས་དག་རེ་ཐག་ཆད་པ་ཞིག་ཏུ་གཏོང་ངེས། ཕྲག་དོག་ལ་ཚད་མེད་ན་གླང་སྨྱོན་གཡུལ་ངོར་མཆོང་བ་དང་འདྲ། ཁྱི་སྤྱང་ལུག་ཁྱུར་རྒྱུག་པ་དང་འདྲ། ཕྲག་དོག་གིས་ཡོད་ཚད་བརླག་ཅིང་། ཡོད་ཚད་ཁ་ལུད་སར་འཕངས་པ་བཞིན་ཕྱིར་ལེན་མེད་སྲོལ་ཞིག་ཏུ་གཏོང་ངེས། 

གསུམ།
ཕྲག་དོག་གིས་གཞན་འདུལ་བར་བསམ་པ་ནི་གླེན་རྟགས་ཤིག་ཡིན། དེ་ལས་ལྡོག་སྟེ་རང་གི་དེ་ཉིད་ཀྱང་ལྷིང་ལ་འཕུད་ངེས། ཕྲག་དོག་གིས་རྒྱལ་ཁབ་ཅིག་བསྐྱབས་པའི་སྲོལ་མེད་ལ། ཕྲག་དོག་གིས་རྒྱལ་ཁ་ཞིག་ལོན་པའི་དཔེ་ཡང་མེད། ཕྲག་དོག་གིས་ཕྱུག་པོར་ཉན་པའི་མི་མེད་ལ། ཕྲག་དོག་གིས་ཁྱིམ་གཞི་ཚུགས་པའི་ལྟོས་ཀྱང་མེད། 

བཞི། 
མི་ཞིག་དོན་སྙིང་སྒོས་འཚོ་དགོས་ཚེ་ཕྲག་དོག་གི་མགོ་གནོན་རྒྱུ་ལས། ཕྲག་དོག་གི་བྲན་དུ་འཁོད་མི་རུང་། གཞན་གྱི་ལོངས་སྤྱོད་ལ་དགའ་བ་སྒོམ་ཤེས་ན་ཕྲག་དོག་གི་མགོ་ནོན་པ་ཡིན། གཞན་གྱི་བདེ་བ་ལ་ཡི་རང་བྱ་ཤེས་ན་ཕྲག་དོག་གི་རྐང་བཅགས་པ་ཡིན། རྩ་བ་ནས་མེད་པ་ཞིག་ཁག་ཀྱང་། ཅུད་ཟད་རེ་བསྒྱུར་བཅོས་ཐུབ་ན་ཡང་ཅི་འདྲའི་ལེགས་ཨང་། 

ལྔ། 
ཕྲག་དོག་གི་འཇིག་རྟེན་ནས་དམྱལ་བ་མངོན་སུམ་མཐོང་ཡང་རྒྱུ་འབྲས་སྣོག་ངེས། ཕྲག་དོག་གི་འཇིག་རྟེན་ནས་རང་སྡེའི་ཕུ་ནུ་ཡིན་ཡང་ནང་འཛིང་བྱ་ངེས། དེ་བས་ཕྲག་དོག་གིས་འཚོ་བའི་མིས་མི་དྲན་པ་ཞིག་མེད་ལ། མི་ལས་པ་ཞིག་ཀྱང་མེད། 

དེའི་ཕྱིར། ཕྲག་དོག་གིས་གཡོགས་པའི་ལུས་པོ་རྒྱང་དུ་དོར་ནས། བཟོད་པ་ཡིས་རྒྱན་པའི་སེམས་ཁམས་ཤིག་གསར་དུ་བསྐྲུན་རྒྱུ་ནི་ཕྲག་དོག་གིས་འཚོ་བའི་མི་དག་གི་འཁན་འཁྲི་ཉག་གཅིག་རེད། བདེ་སྐྱིད་ཀྱི་རྩ་བ་ཡང་དེ་ཡིན། ཕྲག་དོག་གིས་དབང་རྩ་སྦྲིད་དུ་གཞུག་དགོས་དོན་མེད་ལ། ཕྲག་དོག་གིས་གྲོགས་ཕན་ཚུན་ལ་གྱེས་བརྡ་གཏོང་དགོས་དོན་ཡང་ཁྱོན་ནས་མེད་དོ།།

岭子藏文网站
ང་ཚོ་མཉམ་དུ་འཛོམས་པ་ནི། ལས་དབང་ཞིག་ཅི་ལ་མིན་ཨང་།
 最新文章