ང་ཚོས་ལྟ་ལོག་པ་དག་ལ་རྟགས་གསལ་བཏང་ནས་ཚར་མི་གཅོད་དོན་ཅི་ཡིན།

文化   2024-12-22 18:44   四川  
རྟགས་གསལ་ལས་ཞིབ་འཇུག་གལ་ཆེ་སྙམ།


རྩོམ་པ་པོ། ལྷ་སད་སྨྲ་ཕོད།


   དེང་སྐབས་བོད་ཀྱི་བཤད་གྲྭ་ཁག་ཏུ་ཤུགས་ཆེན་དར་བཞིན་པའི་རྟགས་གསལ་འདི་ནི་སྔར་གྱི་མཁས་གྲུབ་ཀྱི་སྐྱེས་ཆེན་དམ་པ་ཚོས་མ་ཉམས་གང་འཕེལ་གྱི་སྲོལ་བཟང་བཏོད་པའི་འོག་ནས་བརྒྱུད་འཛིན་བྱས་ནས་ཡོང་བ་རེད་ལ། ད་ལྟའི་ཆར་མཚོན་ནའང་བོད་ཀྱི་བཤད་གྲྭ་ཀུན་ལ་དར་ཡོད་པ་ལྟ་བུ་ཆགས་ཡོད། སྔོན་གྱི་ནང་པའི་མཁས་པ་དག་ལ་མཚོན་ན་རྟགས་གསལ་འདི་ཉིད་ནི་ཕྱི་རོལ་མུ་སྟེགས་པའི་རྒོལ་བ་ངན་པ་དག་ཚར་གཅོད་བྱེད་ཀྱི་ལག་ཆ་ལྟ་བུ་ཞིག་རེད་ལ། དགག་གཞག་བྱེད་ཆེད་ཀྱི་རིག་པ་ཞིག་ཀྱང་རེད། ལ་ལས་བཤད་གྲྭ་ཁུག་ཏུ་དར་བཞིན་པའི་རྟགས་གསལ་འདི་ནི་ཚན་རིག་དང་མཐུན་ཞིང་རྒྱུ་མཚན་ཡང་དག་པའི་སྒོ་ནས་རྩོད་པ་སྤོང་བྱེད་ཀྱི་ཕུལ་དུ་བྱུང་བའི་རྩོད་པ་བྱེད་སྟངས་ཞིག་ཀྱང་རེད་ཟེར་མོད། ང་རང་གི་ལྟ་ཚུལ་བཤད་ན། བཤད་གྲྭ་ཁག་ཏུ་དར་བཞིན་པའི་རྟགས་གསལ་འདི་ཉིད་ནི་བདེན་པ་སྒྲུབ་བྱེད་དང་རྫུན་པ་འགོག་བྱེད། ལོག་རྟོག་འཇོམས་བྱེད་དང་སྒྲོ་འདོགས་གཅོད་བྱེད་ཅིག་ཏུ་ལར་ནས་གྱུར་མི་འདུག་སྟེ། འདི་ནི་གཞུང་ལུགས་དག་ལ་བརྡར་ཤ་གཅོད་བྱེད་དང་ཁ་སུ་མཁས་ལྟ་བྱེད་ཙམ་དུ་སྣང་ངོ་།།


   དེ་བས་བཤད་གྲྭ་ཁག་ཏུ་རྟགས་གསལ་གཏོང་བའི་ཚེ་ན་རིག་པ་ཡོད་མེད་དང་། གནས་ལུགས་ཡོད་མེད་ལ་མི་ལྟ་བར། མང་ཆེ་བས་ཁ་མཁས་པོ་ཡོད་ཚེ་རྒྱལ་བ་ཡིན་པར་རློམ་མོད། གལ་ཏེ་རྟགས་གསལ་འདི་ཉིད་ནི་ནང་ཕན་ཚུན་དུ་ཚར་གཅོད་བྱེད་དང་ཐལ་བ་འཕེན་བྱེད་ཅིག་མ་ཡིན་པར། ལོག་རྟོག་ཅན་དང་རྒོལ་ངན་ཅན་དག་ཚར་གཅོད་བྱེད་ཅིག་ཏུ་ཡིན་པར་བདེན་ན། ལྟ་ལོག་པ་དག་ལ་རྟགས་གསལ་བཏང་ནས་ཁོ་ཚོར་ཚར་མི་གཅོད་དོན་ཅི།  རྟོག་སད་པ་དག་ལ་རྟགས་གསལ་མི་གཏོང་དོན་ཅི། བོད་ཡུལ་གྱི་སྤྲུལ་རྫུན་དང་། བླ་རྫུན། གྲྭ་རྫུན་སོགས་ཟོག་པོ་ལུང་པ་གང་ཡོད་པ་འདི་དག་ཚར་མི་གཅོད་དོན་ཅི།  མདོར་ན་ཡང་མ་དག་པ་རྣམས་རྟགས་གསལ་གྱིས་སྒོ་ནས་མེད་པར་མི་བཟོ་དོན་ཅི། གལ་ཏེ་ཁོ་ཚོས་རྟགས་གསལ་མི་ཤེས་པས་རྟགས་གསལ་གཏོང་ཐབས་མེད་ཅེས་ཟེར་ན། འོ་ན་རྟགས་གསལ་འདི་ཉིད་ནི་ནང་པ་ཕན་ཚུན་ལ་ཐལ་བ་འཕེན་བྱེད་ཙམ་ལས་ཅི་ཡང་མ་ཡིིན་ནམ། ང་རང་གི་བསམ་ཚུལ་ལྟར་ན་རྟགས་གསལ་འདི་ལས་ཞིབ་འཇུག་འདི་ང་ཚོ་ལ་མེད་ན་ཐབས་ཆག་ཡོད་ན་དེས་ཆོག་པ་ཞིག་རེད་འདུག་སེམས། འོན་ཀྱང་བོད་ཀྱི་བཤད་གྲྭ་ཁག་ཏུ་ཞིབ་འཇུག་གི་ལག་ལེན་སྟར་མཁན་ཕལ་ཆེར་མཐོང་རྒྱུ་མེད། 


   བཤད་གྲྭ་ཁག་ཏུ་རྟགས་གསལ་འདི་ལས་ཞིབ་འཇུག་འདི་གཙིགས་སུ་འཛིན་ན་འདི་ཉིད་ཁེ་ཕན་ཆེ་བར་སྙམ། ཞིབ་འཇུག་གི་འབྲས་བུ་དག་ཀྱང་དཔྱད་རྩོམ་གྱི་ལམ་ནས་མངོན་ཐོབ་ན་དེ་བས་ཡག  དེ་རིང་ཁ་སང་འཛམ་གླིང་ན་སྐད་གྲགས་ཡོད་པའི་བོད་རིག་པ་ཞེས་པ་འདི་ཡང་ཞིབ་འཇུག་གི་ལམ་འདིའི་སྟེང་ནས་འགྲོ་བཞིན་ཡོད་པ་རེད། འདི་ནི་ང་ཚོ་ལ་མཁོ་བ་དེ་རེད། མི་རིགས་ལ་མཁོ་བ་ཡང་དེ་རེད། རྒྱལ་སྤྱི་རྒྱལ་ནང་ལ་མཁོ་བ་ཡང་དེ་རེད། དེར་བརྟེན་བཤད་གྲྭ་ཁག་གི་གྲྭ་བཙུན་ཚོས་མི་ཚེ་རྩོད་པ་འདིའི་སྟེང་ནས་ཟད་དུ་མི་བཅུག་པ་དང་། མི་ཚེའི་ཕུགས་འདུན་རྩོད་པ་ཡིན་པའི་ལྟ་བ་དོར་ནས་ཞིབ་འཇུག་གི་ལམ་དུ་བསྐྱོད་དགོས་པ་ནི་ང་ཚོའི་ཡང་དག་པའི་ལམ་ཁ་ངོ་མ་དེ་རེད་སྙམ། དེ་ནི་རིན་ཐང་ཡོད་པ་དང་། གྲུབ་འབྲས་ཡོད་པ། ཁེ་ཕན་ཡོད་པ་ཞིག་ཀྱང་རེད་སེམས། ཤེེས་དགོས་པ་ཞིག་ལ་རྟགས་གསལ་འདི་ཡང་གཡུགས་རྒྱུ་ཞིག་དང་དོར་རྒྱུ་ཞིག་ཡང་ན་མི་དགོས་རྒྱུ་ཞིག་རེད་ལར་ནས་ཟེར་བ་མ་ཡིན་ལགས། འདི་ཡང་ནང་པའི་ཕུན་སུམ་ཚོགས་པའི་ཁྱད་ཆོས་ཤིག་ཀྱང་ཡིན་པས་ང་ཚོས་བརྒྱུད་འཛིན་བྱེད་དགོས་པ་ཞིག་ཀྱང་ཆགས་ཡོད། འོན་ཀྱང་བོད་ཀྱི་བཤད་གྲྭ་ཁག་གི་གྲྭ་བཙུན་མང་ཆེ་བས་ཞིབ་འཇུག་གི་ཐབས་ལམ་ལ་ཁ་མ་ཕྱོགས་པར་རྩོད་པ་འདི་ཁོ་ནའི་སྟེང་དུ་ཟད་ཀྱིན་ཡོད་པ་འདི་ནི་ཡང་དག་པའི་ལམ་ཞིག་མ་རེད་འདོད་སོང་། འདི་ལ་བསྒྱུར་བཅོས་གཏོང་ཐོབ་ན་བཟང་སྙམ། དེ་བས་མཁས་པ་དག་གིས་དཔྱད་པ་ཞིབ་མོར་གཏོང་བར་འཚལ་ཞེས་ཞུའོ། །


ཞེས་ལྷ་སད་སྨྲ་ཕོད་ཀྱིས་མགྱོགས་བྲིས་བཏབ་པས་ཚིག་ལ་སྐྱོན་གྱི་ལྷག་མ་ཅི་རིགས་པ་ཡོད་སྲིད་པས་ཀློག་པ་པོ་ཚང་མའི་མདུན་ནས་བཟོད་གསོལ་ཞུའོ།།


岭子藏文网站
ང་ཚོ་མཉམ་དུ་འཛོམས་པ་ནི། ལས་དབང་ཞིག་ཅི་ལ་མིན་ཨང་།
 最新文章