གྲྭ་པས་ཆགས་སྡང་མ་རྩོད། མི་སྐྱ་ཕོ་མོ་ཚོས་རང་ཁ་རང་གསོ་ཡག་པོ་བྱོས།

文化   2024-12-11 19:44   四川  
གསུངས་པ་པོ་མཁན་ཆེན་ཚུལ་ཁྲིམས་བློ་གྲོས།

ཟིན་འདེབས་པ་ཆར་སྤྲིན་ཅན།

 གཞུང་པོད་ལྔའི་འགྲེལ་བ་སྔོན་གྱི་ས་དགེ་བཀའ་རྙིང་སོགས་གྲུབ་མཐའ་རང་རང་གི་མཁས་པ་དང་གྲུབ་པ་གོང་མ་རྣམས་ཀྱིས་པོད་ཏི་བྲག་རི་ལྟ་བུ་མང་པོ་ཞིག་བྲིས་འདུག་པས་དེའི་མ་འཐུས་པ་ཞིག་མེད་པ་ཡིན་དུས་དེ་དག་ལ་སློབ་སྦྱོང་ཡག་པོ་མཛད་ཐུབ་ན་འགྲིག་འདུག དགོས་རྒྱུ་ངོ་མ་དེ་དེང་སང་རིག་གནས་གསར་པ་འདི་དག་གིས་ནང་ཆོས་ལ་གྲོགས་ཀྱང་བྱེད་ཀྱི་ཡོད་ལ། ཡང་འཇིག་རྟེན་ཆགས་ཚུལ་སོགས་ནང་ཆོས་ཀྱིས་འབྲེལ་བཤད་རྒྱག་སྟངས་དང་མི་མཐུན་པ་ཡང་མང་པོ་ཡོད་པས་དེ་དག་གི་འགལ་འབྲེལ་སོགས་ཀྱི་སྐོར་ལ་སློབ་སྦྱོང་བྱེད་ན་དགོས་པ་ཧ་ཅང་ཆེ་སྟེ། དུས་རབས་གསར་པའི་མིའི་བསམ་བློ་དང་མཐུན་པའི་ནང་ཆོས་འགྲེལ་བཤད་མཛད་སྟངས་ཤེས་དགོས།

 ཡང་ཁོང་གིས་དེང་གི་རིག་གནས་སྣ་ཚོགས་ཀྱི་ཁྲོད་ནས་ནང་ཆོས་ཀྱི་མཛེས་སྡུག་དེ་ཇེ་གསལ་ཇེ་གསལ་ཡིན་པ་ལས་ནང་ཆོས་ཀྱི་གཞི་ལམ་འབྲས་བུའི་རྣམ་བཞག་ལ་ནམ་ཡང་འགལ་འདུའི་འཕྲང་མཐོང་རྒྱུ་མེད་པ་ལྟ་བུ་ཞིག་རེད། གུ་རུ་རིན་པོ་ཆེས། ཐོས་བསམ་ཕྱོགས་མེད་དུ་བྱས་ན།། ཆོས་ལ་ཕྱོགས་རིས་ཆུང་བ་ཆོས་ཉིད་ཡིན།། གསུངས། དཔེར་ན་རྙིང་མ་པ་ལྟ་བུ་ཞིག་ལ་མཚོན་ན། རྙིང་མ་པ་ལས་གཞན་པའི་མཁས་པ་དག་གི་གཞུང་ལ་སློབ་སྦྱོང་མི་བྱེད། ཆོས་རའི་ནང་གྲུབ་མཐའ་གཞན་གྱི་མཁས་པ་དང་གྲུབ་པ་རྣམས་ཀྱིས་ལུང་དང་རིགས་པ་དྲངས་ན་ཁས་མི་ལེན། དེ་འདྲ་མཛད་ན་ཡག་ནི་མ་རེད། དེ་རྙིང་མ་པ་མིན་ན། གཞན་ས་དགེ་བཀའ་ཇོ་སོགས་ཀྱང་གཅིག་མཚུངས་རེད། 

 ཐོས་བསམ་ཕྱོགས་མ་བྱེད་ན་རང་ཤུགས་ཀྱིས་ང་རྒྱལ་སྐྱེས་ན། རང་ལས་གཞན་པ་ཚང་མ་མཐོང་བྱེད། གུ་དོག་གི་བསམ་བློས་རང་ལྟ་ཕྱོགས་འཛིན་ངང་གིས་ཡོང་གི་རེད། ཐོས་བསམ་སློབ་གཉེར་བ་ཞིག་ལ་མཚོན་ན་རིས་མེད་ཀྱི་གསུང་རབ་ལ་ཐོས་བསམ་མཛད་རྒྱུ་གལ་ཆེ། ང་རང་ཡང་སྔོན་ཐོས་བསམ་བྱེད་པའི་སྐབས་སུ་བཀའ་བརྒྱུད་པའི་ཡིག་ཆ་དེ་སྐབས་དཀོན་པས་མང་པོ་ལྟ་རྒྱུ་མ་བྱུང་། དེ་ལས་གཞན་པའི་ས་སྐྱའི་མཁས་པ་གོ་ཤཱཀ་སྟག་གསུམ་སོགས་བསམ་གྱིས་མི་ཁྱབ་པའི་མཁས་པ་ཚོའི་གསུང་རབ་མང་པོ་མཇལ་མྱོང་། 

 དེ་བཞིན་དུ་དགེ་ལུགས་པའི་ཡིག་ཆ་གཙོ་བོ་རྗེ་ཡབ་སྲས་གསུམ་གྱི་གསུང་རབ་མང་པོ་མཇལ་རྒྱུའི་སྐལ་བ་བྱུང་། དེ་དུས་གཙོ་བོ་རིགས་པའི་འཛིན་མཚམས་ཀྱི་སྐོར་རེད། དེང་སང་རིགས་པའི་དགག་བཞག་སྐོར་དེ་གཙོ་བོ་ལྟ་ཡི་མེད། དཔེར་ན་བཀའ་བརྒྱུད་པའི་ཐུན་མོང་དང་ཐུན་མོང་མ་ཡིན་པའི་ཕྱག་ཆེན་སྔོན་འགྲོའི་སྐོར་དེ་དག་དཔེ་བལྟས་བྱེད་ཀྱི་ཡོད། ཕྱག་ཆེན་དངོས་གཞི་དང་རྫོགས་ཆེན་དངོས་གཞི་ལ་ཁྱད་པར་ཅི་ཡང་མི་འདུག

 མདོར་ན་ཐོས་བསམ་ཕྱོགས་མེད་དུ་མཛད་ན། གྲུབ་མཐའ་དང་ཆོས་རྒྱུད་ཕན་ཚུན་དོན་གྱི་རིས་མེད་དུ་ཡོང་བའི་དགོས་པ་ཡོད། གྲྭ་པ་ཚོའི་ཆགས་སྡང་མ་རྩོད། མི་སྐྱ་ཕོ་མོའི་ཚོའི་དེ་བས་རང་ཁ་རང་གསོ་ཡག་པོ་གྱིས་ཆགས་སྡང་མ་རྩོད། བོད་ཀྱི་ཆོས་བརྒྱུད་ཆེན་པོ་ཐམས་ཅད་དགོངས་པ་གཅིག་ཡིན་པ་ལས་ཁ་ཁ་གང་ཡང་མ་རེད། པཎ་ཆེན་བློ་བཟང་ཆོས་རྒྱན་གྱིས། ཉམས་མྱོང་ཅན་གྱི་གང་ཟག་གིས།། དཔྱད་ན་དགོངས་པ་གཅིག་ཏུ་བབ། ། ཅེས་གསུངས་པ་རེད།  དེ་བཞིན་དུ་སེམས་ཁམས་རིག་པའི་སྐོར་དེ་དང་ཚན་རིག་དང་ནང་ཆོས་ཀྱི་འགལ་འབྲེལ་རིགས་དེ་དག་སློབ་སྦྱོང་མཛད་དགོས་འདུག ཚན་ཉིད་རིག་པའི་སྐོར་དེ་ནང་ཆོས་ཀྱི་ཚན་ཉིད་རིག་པའི་སྐོར་དེ་ལས་ལྷག་ཅིག་མི་འདུག་པས་ཚན་ཉིད་རིག་པའི་སྐོར་དེ་དག་ནང་ཆོས་སློབ་གཉེར་བ་དག་གིས་ལྟ་མ་ཐུབ་ཀྱང་མི་གལ།

མདོར་ན་དཔེ་ཆ་བ་དག་ཅིས་ཀྱང་གུ་དོག་མི་ཉེན་ལ། རང་ལྟ་ཆོག་འཛིན་གྱི་སྒྲོག་གིས་མ་བཅིངས། གུ་ཡངས་བྱོས། ཐོས་བསམ་ཕྱོགས་མེད་མཛད་རོགས་ཀྱིས།

岭子藏文网站
ང་ཚོ་མཉམ་དུ་འཛོམས་པ་ནི། ལས་དབང་ཞིག་ཅི་ལ་མིན་ཨང་།
 最新文章