མ་ཎི་ལག་ཏུ་བཟུང་བའི་ཤ་ཟན་གཅིག།
ཆགས་སྡང་ཁོག་ཏུ་ཉར་བའི་སྒོམ་ཆེན་གཉིས།།
མཛེས་མའི་མལ་དུ་ཉལ་བའི་གྲྭ་གཟུགས་གསུམ།།
ཆོས་ལྡན་བོད་མི་ཡོངས་ཀྱི་ཞབས་འདྲེན་ཡིན།།
བཤད་སྒྲུབ་བསྟན་པ་མེད་པའི་དགོན་སྡེ་གཅིག།
མི་མང་མགོ་སྐོར་གཏོང་བའི་བླ་མ་གཉིས།།
དད་སེམས་སྒེར་སྡོམ་བྱེད་པའི་ཆོས་ལུགས་གསུམ།།
དམ་ཆོས་རྣལ་མ་འཕེལ་བའི་དགྲ་བོ་ཉིད།།
ཕ་སྐད་དག་མ་མི་ཤེས་གཞོན་ནུ་གཅིག།
ཕུ་ནུ་ནང་དམེ་བྱེད་པའི་དཔའ་བོ་གཉིས།།
གཏན་གྲོགས་གཞན་རིགས་འཚོལ་བའི་མོ་གཞོན་གསུམ།།
ང་ཚོ་གདོང་དམར་བོད་པའི་སྙིང་ནད་ཡིན།།
མི་རིགས་མདུན་ལམ་མི་སེམས་སློབ་སྤྱི་གཅིག།
སློབ་མར་ལྷག་བསམ་མེད་པའི་དགེ་རྒན་གཉིས།།
དུས་ཚོད་ཆུད་ཟོས་གཏོང་བའི་སློབ་མ་གསུམ།།
འབྱུང་འགྱུར་བོད་མི་བརླག་པའི་གཏེ་བོ་ཡིན།།
རྙིང་ནོར་གཞན་ལ་བཙོང་བའི་ཚོང་པ་གཅིག།
རང་ལུས་གཞན་ལ་བཙོང་བའི་ན་ཆུང་གཉིས།།
དངུལ་གྱིས་ཨེ་ནད་ཉོ་བའི་ཕོ་གསར་གསུམ།།
རང་རིགས་གཡང་སར་འཁྲིད་པའི་དམིགས་བུ་ཡིན།།
ཉེར་གཅིག་དུས་ཀྱི་ཀྱོག་མཚམས་ཆེན་པོ་འདིར།།
རང་རིགས་ཉེན་ཁར་ཁྲིད་པའི་མི་བུ་ལ།།
གཅིག་གཉིས་གསུམ་གྱི་གྲངས་ཀྱིས་མི་ཆོད་ཀྱང་།།
འགའ་ཞིག་དྲན་སྐུལ་ཚུལ་དུ་སྨྲས་པ་ཡིན།།