བུད་མེད་རབ་འབྲིང་ཐ་གསུམ་ནི། །
རབ་ནི་འཁོར་ལོས་སྒྱུར་བ་ཡི། །
བཙུན་མོ་རིན་ཆེན་ཇི་བཞིན་དུ། །
མཛེས་འཛུམ་ལྷ་ཡི་བུ་མོ་ལ། །
བུད་མེད་སྐྱོན་ལྔས་མ་གོས་ཤིང་། །
ལེགས་པའི་ཡོན་ཏན་བརྒྱད་ལྡན་པ། །
པདྨ་རི་དྭགས་དུང་ཅན་སོགས། །
རྒྱུད་ལས་གསུངས་པའི་མཚན་ཉིད་ཚང་། །
དེ་འདྲའི་མཚན་ལྡན་ཌཱ་ཀི་མ། །
འཇིག་རྟེན་འདས་དང་མ་འདས་ཀྱི། །
ཡོན་ཏན་ཀུན་གྱི་སྐྱེད་མ་ཡིན། །
སྒྱུ་མ་དག་ནི་ཐམས་ཅད་ལས། །
བུད་མེད་སྒྱུ་མ་མཆོག་ཅེས་གསུངས། །
གསང་སྔགས་རྒྱུད་སྡེ་ཀུན་ནས་བསྔགས། །
འབྲིང་ནི་འཇིག་རྟེན་མི་ཆོས་ཕེར། །
དགྲ་གཉེན་གཉིས་ལ་རུས་ཐོན་ཞིང་། །
གཉེན་བཤེས་ཐམས་ཅད་སྣ་ལེན་བྱེད། །
མགྲོན་པོ་སླེབས་ན་དགའ་བཞིན་བསུ། །
རང་གི་ཁྱོ་ག་ལྷ་བཞིན་བཀུར། །
གྱོས་པོ་གྱོས་མོ་རྣམས་ལ་བྱམས། །
བུ་རྒྱུད་ཡ་རབས་གོམས་གཤིས་སློབ། །
རང་འགུལ་སྔ་ལངས་ཉལ་འཕྱི་སོགས། །
ནོར་སྤེལ་ཁྱིམ་སྲུང་ལས་ལ་བརྩོན། །
ཁ་ཉུང་ལག་ཡངས་སྐྱིད་སྡུག་ཐེག །
ངོ་དགའ་གསར་འགྲོགས་མེད་པ་ནི། །
དེང་དུས་འདི་ན་རབ་མ་ཡིན། །
བུད་མེད་ཐ་མ་ཟེར་ཙ་ན། །
གོ་ལ་མི་ཚུགས་གནས་ལ་འགྲོ། །
གནས་ལ་མི་ཚུགས་ཁྱིམ་ལ་ལོག །
ཁྱིམ་གཉིས་བར་ལ་དཀྲུག་ཤིང་བྱེད། །
འདུག་རྒྱུ་མེད་པར་གྲོང་འཁྱམ་བྱེད། །
སྡེ་གཉིས་བར་ལ་ཕྲ་མ་བཅུག །
རང་གིས་གང་ཞིམ་གང་མངར་ཟ། །
ཨ་མྱེ་ཨ་ཕྱིའི་ཟས་སྐལ་གཅོད། །
མགྲོན་པོ་བྱུང་ན་སྣ་གཉེར་བྱེད། །
གཉེན་བཤེས་རྣམས་ལ་ལྐོག་ལབ་བྱེད། །
ལས་ལ་མི་བརྩོན་ཕག་ལྟར་ཉལ། །
ཁྱིམ་ལ་མི་ལྟ་ཁྱི་ལྟར་འཁྱམས། །
བུ་རྒྱུད་རྣམས་ལ་རྐུ་ལུགས་སློབ། །
རང་ཡང་རྐུ་རྒྱུ་ཅི་རྙེད་བྱེད། །
རྐུན་མ་ཟེར་ན་འཁྲུག་པ་རྒྱག །
གྲོང་པ་ཐམས་ཅད་འུར་གྱིས་བཀང་། །
ཁ་ཕར་འཁོར་ཁྱིམ་མཚེས་རྣམས་ལ་འཛིང་། །
ཚུར་འཁོར་བཟའ་ཚང་རྣམས་ལ་འཛིང་། །
ཁྱིམ་ཆས་ལྟེབ་གཉོག་བཅག་གྲུག་བྱེད། །
རྒྱུ་མཚན་མེད་པར་ཕྲུ་གུ་རྡུང་། །
དོན་དག་མེད་པར་ཁ་མང་བྱེད། །
ཁ་ནས་མི་ཟེར་དགུ་ཟེར་ཟེར། །
རྣ་ལ་མི་གོ་དགུ་གོ་གོ། །
མི་བྱེད་དགུ་བྱེད་བྱས་བྱས་མཐར། །
ཁྱོ་ག་དགྲ་བོའི་ལག་ལ་བཞག །
ཁྱིམ་ལ་དྭ་ཕྲུག་ཐང་གང་ལུས། །
ཀྱེ་མ་ཀྱི་ཧུད་ཤ་རེ་ཚ། །
བུད་མེད་རྣམས་ལ་སྨོད་པ་ཡི། །
ཉེས་པ་བྱུང་བའི་ཆ་མཆིས་ན། །
གསང་སྔགས་ལྷ་ཚོགས་བཟོད་པར་མཛོད། །