གསལ་བཤད།
ཀློག་པ་པོས་གཟིགས་བདེ་བའི་ཆེད་དུ་དགེ་བཤེས་ཀྱི་གསུང་རྣམས་ཇི་བཞིན་དུ་བཀོད་ནས་རེ་རེ་བཞིན་ལན་བཏབ་ཡོད། སྤྱིར་ཁོང་གིས་གཞུང་དོན་དང་རིགས་ལམ་ལུང་ཁུངས་བཅས་ཚན་པ་གསུམ་གསུམ་བགོས་ནས་བྲིས་འདུག་མོད།
ལུང་ཁུངས་རྣམས་ནི་ཚན་པ་དང་པོའི་ལུང་དོན་གོ་སོང་ན་ལུང་གཞན་ཐམས་ཅད་ཀྱི་དོན་ཡང་བདེ་བླག་ཏུ་གོ་ནུས་པ་ཤ་སྟག་སྣང་བས། ལུང་ཁུངས་ཚན་པ་རེ་རེ་བཞིན་དུ་ལན་བྲི་བའི་ངལ་བ་ལྷུར་ལེན་བྱས་མེད། གཞུང་དོན་དང་རིགས་ལམ་གཉིས་ལའང་ཁྱད་པར་ཆེར་མི་འདུག་ཀྱང་ཁོང་ལ་གུས་པ་མཚོན་བྱེད་ཙམ་དུ་ལན་རེ་རེ་བཞིན་བྲིས་ཡོད།
དགེ་བཤེས།
གཞུང་དོན།
༡༽ཡོད་མེད་བློ་ཡིས་རྟོགས་དང་མ་རྟོགས་ཡིན།།
བདེན་རྫུན་ཡུལ་གཉིས་ཇི་ལྟར་དེ་ལྟར་དུ།།
མ་རྟོགས་དེ་ལས་གཞན་པའི་རྣམ་གཞག་མེད།།
ཡོད་ན་ཆོས་ཉིད་བདེན་པའི་དཔང་རྟགས་གང་།།
དེ་ཕྱིར་ཐ་སྙད་ཚད་གྲུབ་བློ་བདེར་བྱོས།།
བུམ་པ་བུམ་འཛིན་མངོན་སུམ་ཚད་མས་གྲུབ།།
ད་དུང་བདེན་དཔང་གཞན་ནས་འཚོལ་བ་ནི།།
ཁ་ཟས་ཟ་ནས་ཕོ་བ་རྒྱག་བཞིན་དུ།།
ད་དུང་རྒྱག་པའི་བདེན་དཔང་འཚོལ་དང་མཚུངས།།
དེ་ཕྱིར་ཐ་སྙད་ཚད་གྲུབ་བློ་བདེར་བྱོས།།
གོང་སོང་རིགས་པའི་དཔང་རྟགས་རི་ལས་བརྟན།།
ལུང་གི་དཔང་རྟགས་དཔལ་ལྡན་ཟླ་བ་ཡིས།།
ཀླུ་སྒྲུབ་དགོངས་པ་ཐལ་འགྱུར་བཀྲལ་བ་ན།།
རྩ་ཤེའི་ཚིག་གསལ་ཚད་མ་བཞི་གསུངས་ལྟོས།།
དེ་ནས་ཐ་སྙད་ཚད་གྲུབ་བློ་བདེར་བྱོས།།
ལན།
༡༽ཡུལ་ལ་ཡོད་མེད་གཉིས་སུ་མ་ཆོད་གོང་།།
བློ་ལ་རྟོགས་དང་མ་རྟོགས་འབྱེད་པ་འདི།།
ལོང་བས་གཞན་ལ་ལོང་ཁྲིད་བྱེད་དང་འདྲ།།
དགེ་བཤེས་ད་རུང་ཚད་གྲུབ་འཚོལ་དུ་སོང་།།
༢༽བུམ་པ་ཡོད་པར་བུམ་མངོན་ཚད་མས་སྒྲུབ།།
བུམ་འཛིན་མངོན་སུམ་བུམ་པའི་རྟགས་ཀྱིས་སྒྲུབ།།
སྒྲུབ་ཚུལ་འདི་ལ་གོ་རིམ་མི་འདུག་པས།།
དགེ་བཤེས་ད་རུང་ཚད་གྲུབ་འཚོལ་དུ་སོང་།།
༣༽རང་ངོར་རིགས་པ་རི་ལས་མཐོ་རློམ་ཡང་།།
གཞན་ངོར་སེན་མོའི་རྡུལ་ལས་ཆུང་བ་འདི།།
ཐ་སྙད་ཚད་གྲུབ་བརྡོལ་པའི་རང་མཚང་ཡིན།།
དགེ་བཤེས་ད་རུང་ཚད་གྲུབ་འཚོལ་དུ་སོང་།།
དོན་དཔྱོད་རིགས་པས་ཚད་གྲུབ་མི་ཁེགས་པའི།།
ཡིད་རྟོན་འཕེར་བའི་རྒྱ་གཞུང་མ་རྙེད་ན།།
ཐ་སྙད་ངོར་བྱེད་ཐ་སྙད་ཚད་གྲུབ་ཅེས།།
མདོ་ལུང་བརྒྱ་ཕྲག་བརྩེགས་ཀྱང་ཕན་པ་ཅི།།
མ་བརྟགས་འཇིག་རྟེན་འཁྲུལ་བའི་བློ་ངོ་རུ།།
ལྟོས་ནས་ཚད་མའི་རྣམ་དབྱེ་འབྱེད་པ་ལ།།
བརྟགས་པས་མ་ཁེགས་ཤུལ་དུ་མི་ལུས་པས།།
དེ་ཉིད་སྐབས་སུ་འཇིག་རྟེན་མི་གནོད་གསུངས།།
དཔྱད་ན་རིགས་པས་ཚད་མ་ཁེགས་པ་དང་།།
མ་དཔྱད་ལྟོས་ནས་ཚད་གྲུབ་འཇོག་པ་གཉིས།།
རང་སྡེ་དངོས་སྨྲའི་ལུགས་ལ་འགལ་ན་ཡང་།།
ཟླ་བྲལ་ཟླ་བའི་ལུགས་ལ་འགལ་བ་མེད།།
དགེ་བཤེས།
༢)མ་བརྟགས་མ་དཔྱད་ཐ་སྙད་བདེན་པ་དང་།།
བརྟགས་ནས་མ་རྙེད་དོན་དམ་བདེན་པ་གཉིས།།
གཅིག་གིས་གཅིག་ལ་བརྟེན་ཅིང་འབྲེལ་བ་འབྱུང་།།
བདེན་གཉིས་ཟུང་འཇུག་རིགས་ལམ་རི་ལས་བརྟན།།
དེ་ཕྱིར་ཐ་སྙད་ཚད་གྲུབ་བློར་བདེར་བྱོས།།
ཀ་བས་གདུང་མ་འདེགས་ནས་ཐོག་ཁང་ནང་།།
ཐ་སྙད་བདེན་ནས་ཉམས་དགའ་མྱོང་བཞིན་དུ།།
གྲུབ་མཐས་བཅིངས་ནས་བློ་མ་བདེ་བ་མཚར།།
དེ་ཕྱིར་ཐ་སྙད་ཚད་གྲུབ་བློ་བདེར་བྱོས།།
ལན།
སྣང་བ་དགག་ཏུ་མེད་པའི་ཀུན་རྫོབ་དང་།།
དོན་དམ་བདེན་གྲུབ་བཅད་པའི་མེད་དགག་གཉིས།།
གཅིག་ཤོས་སྣང་ན་གཅིག་ཤོས་མེད་སྣང་བས།།
ལག་པའི་མདུན་རྒྱབ་འདྲ་བའི་ཟུང་འཇུག་ཞིག།
སྒྱུ་མའི་རྟ་གླང་སྣང་བའི་སྣང་བ་དང་།།
ཕྱི་རོལ་རྟ་གླང་སྣང་བའི་སྣང་བ་གཉིས།།
ཉམས་དགའ་མྱོང་ལ་ཁྱད་པར་མི་འདུག་པས།།
དགེ་བཤེས་ད་རུང་ཚད་གྲུབ་འཚོལ་དུ་སོང་།།
སྟོང་ཉིད་ལྟ་བ་ཟླ་གྲགས་གཞུང་ལ་གཏུགས།།
ཐ་སྙད་ཚད་གྲུབ་གནག་རྫི་བུ་ལ་དྲི།།
མི་འགལ་ཟུང་འཇུག་ཀླུ་སྒྲུབ་ལུགས་སུ་སྒྲུབ།།
ངོ་མཚར་ཆེའོ་དགེ་བཤེས་རིན་པོ་ཆེ།།
དགེ་བཤེས།
༣༽སོ་སྐྱེའི་བུམ་འཛིན་མངོན་སུམ་སྣང་ཡུལ་འཁྲུལ།།
འོན་ཀྱང་དོན་ལ་འཛིན་སྟངས་ཚད་མས་གྲུབ།།
སྣང་ཡུལ་འཛིན་སྟངས་ཡུལ་གཉིས་སྲེ་བྱེད་པའི།།
དགེ་ཆོས་རགས་བཤད་བླུན་མང་མགོ་བོ་འཁོར།།
དེ་ཕྱིར་ཐ་སྙད་ཚད་གྲུབ་བློ་བདེར་བྱོས།།
མ་དཔྱད་བློ་ལ་སྣང་བ་ཚད་མས་གྲུབ།།
དཔྱད་ན་གཤིས་ལུགས་ཡིན་པར་སུ་ཡིས་ངེས།།
བདེན་གཉིས་ཉེ་རིང་གཏོང་བའི་བློ་ངན་དེ།།
རིགས་ལམ་བྱང་ཆ་མེད་པའི་གདོན་གྱིས་ཟིན།།
དེ་ཕྱིར་ཐ་སྙད་ཚད་གྲུབ་བློ་བདེར་བྱོས།།
ལན།
མ་དཔྱད་སྣང་ཙམ་བཞག་པའི་ཚད་གྲུབ་དང་།།
བུམ་སྣང་བློ་ལ་བདེན་རྫུན་དཔྱད་པ་འགལ།།
དཔྱད་པས་གྲུབ་ན་བདེན་པར་གྲུབ་པ་དང་།།
དཔྱད་ནས་ཐ་སྙད་ཚད་གྲུབ་འཇོག་པ་འགལ།།
གང་ལ་སྣང་བ་དེ་ཉིད་མི་འཛིན་ཞིང་།།
གང་གིས་འཛིན་པ་དེ་ཉིད་མི་སྣང་བའི།།
མངོན་སུམ་དེ་འདྲ་སུས་ཀྱང་མི་འདོད་པས།།
དགེ་བཤེས་ད་རུང་ཚད་གྲུབ་འཚོལ་དུ་སོང་།།
དམིགས་པའི་ཆོས་ཀུན་བདེན་གྲུབ་སྣང་བཞིན་དུ།།
འཛིན་པའི་ཆ་ལ་ཚད་མ་ཡོད་གྱུར་ན།།
གངས་རི་སེར་འཛིན་ཚད་མར་ཐལ་འགྱུར་བས།།
དགེ་བཤེས་ད་རུང་ཚད་གྲུབ་འཚོལ་དུ་སོང་།།
དགེ་བཤེས།
༤༽རང་སྐྱོན་རི་བོ་འགེབས་པའི་སྔ་རབས་དང་།།།
གཞན་སྐྱོན་ཁབ་ཀྱིས་འཚོལ་བའི་དགེ་ཆོས་གཉིས།།
གཅིག་གི་སྐྱོན་མཚང་གཅིག་གིས་བཏོན་པ་ནི།།
རགས་བཤད་ཕྲ་བཤད་ཁྱད་པར་ཡོད་པས་ཤེས།།
དེ་ཕྱིར་ཐ་སྙད་ཐ་སྙད་ཚད་གྲུབ་བློ་བདེར་བྱོས།།
གདགས་གཞི་བཏགས་ཆོས་དབྱེ་བས་ཐལ་རང་བྱེ།།
སྔ་རབས་པ་ཡིས་སྔ་ནས་འདི་མ་ཤེས།།
དགེ་ཆོས་དགེ་ལྡན་དྲིན་གྱིས་འདི་ཤེས་པ།།
ངག་གི་དབང་ཕྱུག་གྲགས་པས་གཏེར་བཞིན་བཏོན།།
དེ་ཕྱིར་ཐ་སྙད་ཚད་གྲུབ་བློ་བདེར་བྱོས།།
ལན།
རང་རྒྱུད་སློབ་དཔོན་ཐུགས་ལའང་མ་ཤར་བའི།།
རང་མཚན་གདགས་གཞིའི་ངོས་ནས་གྲུབ་པ་དེ།།
འཕགས་ཡུལ་མཁས་པའི་གཞུང་ལས་མ་བྱུང་ཕྱིར།།
ཕྲ་བཤད་གཞི་མེད་འདི་ཡི་དགོས་པ་མེད།།
རང་ལྟ་རང་རྒྱུད་ཚུལ་ལ་གནས་བཞིན་དུ།།
རང་རྒྱུད་ལྟ་བ་ཀུན་ནས་སྨད་པ་འདི།།
དཔེར་ན་ལྗོན་པའི་ཤིང་གི་སྤྲེའུ་འདྲ།།
ཚུལ་འདི་སྔ་རབས་མཁས་པས་ཅི་ལ་དགོངས།།
གདགས་གཞིའི་ངོས་ནས་མེད་པར་རྙེད་བཞིན་དུ།།
བཏགས་ཆོས་ལོགས་སུ་མ་ཁེགས་ལུས་པ་འདི།།
མུ་སྟེགས་སྤྱི་དངོས་སྨྲ་བའི་ལུགས་ཡིན་པས།།
དགེ་བཤེས་ད་རུང་ཚད་གྲུབ་འཚོལ་དུ་སོང་།།
དགེ་བཤེས།
༥༽ཟླ་བས་སྣང་རུང་མ་དམིགས་ཡོད་མཐའ་འགོག།
དགེ་ཆོས་མི་སྣང་མ་དམིགས་མེད་མཐའ་ལྷུང་།།
ཟླ་བས་ཐ་སྙད་ཚད་མའི་རྣམ་གཞག་གསུངས།།
དགེ་ཆོས་ཐ་སྙད་ཚད་མའི་རྣམ་གཞག་བརླགས།།
དེ་ཕྱིར་ཐ་སྙད་ཚད་གྲུབ་བློ་བདེར་བྱོས།།
བུམ་མེད་ས་ཕྱོགས་བུམ་མེད་ཆོས་ཅན་དེར།།
བུམ་པ་ཡོད་མེད་གནག་བརྫི་བླུན་པོས་ཤེས།།
བུམ་མེད་ས་ཕྱོགས་བུམ་པ་ཡོད་མེད་གཉིས།།
དགེ་ཆོས་མཁས་པས་ཐག་མ་ཆོད་དེ་མཚར།།
དེ་ཕྱིར་ཐ་སྙད་ཚད་གྲུབ་བློ་བདེར་བྱོས།།
ལན།
འཁྲུལ་པའི་བློ་ཡིས་འཇོག་པའི་བུམ་པ་དང་།།
ནོར་བའི་གྲུབ་མཐས་འཇོག་པའི་བདེན་གྲུབ་གཉིས།།
རིགས་པས་ཡོད་པ་ཁེགས་ལ་གཅིག་མཚུངས་པས།།
དགེ་བཤེས་ད་རུང་ཚད་གྲུབ་འཚོལ་དུ་སོང་།།
འཕངས་པའི་མདའ་ལ་རྣོ་ཞན་མ་མཐོང་ཞིང་།།
བཙུགས་པའི་འབེན་ལ་སྲབ་མཐུག་མ་མཐོང་བས།།
བདེན་སྟོང་འགོག་ལ་མི་སྣང་མ་དམིགས་དང་།།
བདེན་གྲུབ་འགོག་ལ་སྣང་རུང་མ་དམིགས་ཞེས།།
གཏན་ཚིགས་གཉིས་ལ་རྣོ་སོ་འབྱེད་པར་འཁྲུལ།།
བདེན་རྫུན་ཁྱད་པར་དྲི་མེད་རིགས་པས་འབྱེད།།
དྲི་མེད་རིགས་པ་ཚད་མས་གྲུབ་མིན་ལྟ།།
ཚད་མས་གྲུབ་མིན་གནག་རྫི་བུ་ལ་དྲི།།
མཁས་པའི་དབུས་སུ་བླུན་པོ་ཁྲི་ལ་བཀོད།།
དགེ་བཤེས།
༦༽གྲོགས་པོ་བདེན་པར་ཞེན་པའི་མཚན་འཛིན་དང་། །
སྒྱུ་མ་ལྟ་བུའི་གྲོགས་ཀྱིས་ཕན་འདོགས་གཉིས། །
སྲེད་པ་སྐྱེད་ལ་ཁྱད་པར་མ་མཐོང་ན། །
སྟོང་པས་མེད་མཐའ་མི་སེལ་འབྲས་རྟགས་ཡིན། །
དེ་ཕྱིར་ཐ་སྙད་ཚད་གྲུབ་བློ་བདེར་བྱོས།།
སྐུ་དྲག་སྲས་མོར་སྲེད་ཤུགས་ཆེ་ཡང་འཇིགས།།
ཕལ་བའི་བུ་མོར་སྲེད་ཤུགས་ཆུང་ཡང་འདྲེས།།
བདེན་ཞེན་དབང་གིས་གཉིས་ཀར་སྲེད་པ་དེ།།
བདེན་སྟོང་སྒྱུ་མར་མི་ཤེས་འབྲས་རྟགས་ཡིན།།
དེ་ཕྱིར་ཐ་སྙད་ཚད་གྲུབ་བློ་བདེར་བྱོས།།
༧༽དགྲ་བོ་བདེན་པར་ཞེན་པའི་དངོས་འཛིན་དང་། །
སྒྱུ་མ་ལྟ་བུའི་དགྲ་ཡི་གནོད་པ་གཉིས། །
ཞེན་སྡང་སྐྱེད་ལ་ཁྱད་པར་མ་མཐོང་ན། །
སྣང་བས་ཡོད་མཐའ་མི་སེལ་འབྲས་རྟགས་ཡིན། །
དེ་ཕྱིར་ཐ་སྙད་ཚད་གྲུབ་བློ་བདེར་བྱོས།།
རང་རིགས་ཞེན་པ་དཀར་བའི་ལོ་རྒྱུས་དང་། །
རང་རིགས་ཞེ་ནག་བཙོན་གྱི་སྡུག་བསྔལ་གཉིས། །
ཁྱད་མེད་བཞེད་བཞིན་ཁྱད་པར་མྱོང་བ་དེ། །
བདེན་གཉིས་ཟུང་འཇུག་དཀའ་བའི་འབྲས་རྟགས་ཡིན། །
དེ་ཕྱིར་ཐ་སྙད་ཚད་གྲུབ་བློ་བདེར་བྱོས།།
ལན།
དགེ་ཆོས་རྟོག་བཏགས་རྟོགས་པའི་དགེ་བཤེས་དང་།།
དགེ་ཆོས་བདེན་གྲུབ་ཞེན་པའི་རྒད་མོ་གཉིས།།
ཆགས་སྡང་སྐྱེས་ལ་ཁྱད་པར་མ་མཐོང་བས།།
དགེ་བཤེས་ད་རུང་ཚད་གྲུབ་འཚོལ་དུ་སོང།།
ཟག་བཅས་ཡིད་འོང་རིགས་པས་མི་ཁེགས་ན།།
དེ་ལ་དམིགས་པའི་ཆགས་པ་ཅི་ལ་ལྡོག།
དགག་བྱ་བདེན་གྲུབ་བཀག་དང་མ་བཀག་མེད།།
དགེ་བཤེས་ད་རུང་ཚད་གྲུབ་འཚོལ་དུ་སོང་།།
རིགས་པའི་ལན་ལ་རིགས་པ་མ་མཆིས་ནས།།
སྐུ་ཚེ་བཙོན་ལ་བཅུག་ཀྱང་མ་ཁོག་ན།།
ངན་ཤག་འཐབ་མོ་བྱེད་པས་ཅི་ལ་ཁོག།
དེ་བས་དགེ་བཤེས་ཚད་གྲུབ་འཚོལ་དུ་སོང་།།
གཟུང་བའི་ཆོས་ཀུན་རྟོག་བཏགས་སྒྲུབ་སྒྲུབ་མཐར།།
སླར་ཡང་ཚད་གྲུབ་མ་ཁེགས་ལུས་པ་དེ།།
ལོ་མང་རྡོ་ལ་བརྡར་བའི་སྤུ་གྲི་གང་།།
དགྲ་དང་ཐུག་དུས་ཤུབས་ལ་བཅུག་དང་འདྲ།།
མ་དཔྱད་བདེན་གྲུབ་གྲོགས་ཀྱི་ཕན་པ་དང་།།
དཔྱད་པའི་རྟོག་བཏགས་གྲོགས་ཀྱི་ཕན་པ་གཉིས།།
ཕན་འདོགས་ཚུལ་ལ་ཁྱད་པར་མེད་པས་ན།།
སྲེད་པ་སྐྱེས་ལ་ཁྱད་པར་ཡོང་དོན་མེད།།
དགེ་བཤེས།
༨༽རྗེས་དཔག་ཚད་མས་བདེན་མེད་རྟོགས་པའི་དུས།།
བདེན་འཛིན་ཡུལ་གྱི་འཛིན་སྟངས་མ་ལུས་བཤིགས།།
ད་དུང་མངོན་སུམ་གཞན་ལ་བདེན་དཔང་འཚོལ།།
རྗེས་དཔག་ཚད་མར་རྒོལ་འདི་རྒྱང་འཕེན་ལུགས།།
དེ་ཕྱིར་ཐ་སྙད་ཚད་གྲུབ་བློ་བདེར་བྱོས།།
གཟའ་ཟླ་རྙེད་ནས་བདེ་བ་མྱོང་བཞིན་དུ།།
བདེ་བ་མྱོང་བའི་དཔང་རྟགས་གཞན་དགོས་སམ།།
མ་དགོས་རྗེས་དཔག་ཚད་མས་རྟོགས་པ་དེ།།
མངོན་སུམ་གཞན་ལ་བདེན་དཔང་བཅོལ་དོན་ཅི།།
དེ་ཕྱིར་ཐ་སྙད་ཚད་གྲུབ་བློ་བདེར་བྱོས།།
ལན།
ཨ་མདོ་རྡོ་སྦས་དགེ་བཤེས་རྗེས་དཔག་གིས།།
ས་ལྒང་ཉི་མས་བསྐོར་བ་སྒྲུབ་སྒྲུབ་མཐར།།
ནུབ་ཕྱོགས་རྒད་པོས་མངོན་སུམ་བསལ་བ་འདི།།
རྗེས་དཔག་ཡིད་རྟོན་མེད་པའི་རང་མཚང་ཡིན།།
སད་པའི་བཟའ་ཟླ་རྙེད་པའི་བདེ་བ་འདིས།།
དགག་ཏུ་མེད་པའི་ཚད་མ་འགྲུབ་འགྱུར་ན།།
མ་སད་བུ་ཆུང་རྙེད་པའི་བདེ་བ་ཡང་།།
ཚད་མ་གྲུབ་པའི་སྒྲུབ་བྱེད་ཅི་ལ་མིན།།
ཉིན་མོར་བཟའ་ཟླ་རྙེད་པའི་སྣང་བ་དང་།།
མཚན་མོར་བུ་ཆུང་རྙེད་པའི་སྣང་བ་གཉིས།།
དུས་ལ་རིང་ཐུང་ཙམ་གྱི་ཁྱད་པར་ལས།།
ཡུལ་ལ་བདེན་རྫུན་གཉིས་ཀྱི་ཁྱད་པར་མེད།།
དགེ་བཤེས།
༩༽མ་དཔྱད་མངོན་སུམ་ཚད་མས་བུམ་པ་རྙེད།།
དཔྱད་པས་བུམ་པ་བདེན་མེད་རིགས་པས་རྙེད།།
མ་དཔྱད་ཕ་ལས་དཔྱད་པའི་བུ་བཟང་འཁྲུངས།།
ཕ་ཡི་དཔུང་རོགས་བུ་ཡིས་བྱེད་འདིར་བསྔགས།།
དེ་ཕྱིར་ཐ་སྙད་ཚད་གྲུབ་བློ་བདེར་བྱོས།།
བུམ་པའི་དོན་དམ་རྟོགས་པའི་རྗེས་དཔག་དེ།།
ཐ་སྙད་བུམ་འཛིན་མངོན་སུམ་ཉིད་ལ་ལྟོས།།
མཉམ་གཞག་ཟག་མེད་འཕགས་པའི་མངོན་སུམ་དེ།།
ཟག་བཅས་སྦྱོར་ལམ་རྟོག་པ་ཉིད་ལ་ལྟོས།།
དེ་ཕྱིར་ཐ་སྙད་ཚད་གྲུབ་བློ་བདེར་བྱོས།།
ལན།
བརྟགས་ཤིང་དཔྱད་པའི་དབུ་སེམས་རིགས་པ་ཡིས།།
མ་བརྟགས་ཐལ་མའི་འཛིན་པ་མ་ཆོད་ན།།
གྲོང་ཁྱེར་འཕོང་ར་འགྲིམ་ནས་བསྡད་པ་ལས།།
མཁས་པ་དབུ་སེམས་གྲུབ་མཐའ་ཅི་ལ་སྦྱང་།།
འཕགས་པའི་ཡེ་ཤེས་སོ་སྐྱེས་བློ་ལ་གཏུགས།།
སོ་སྐྱེས་རིགས་ཤེས་ཕལ་པའི་ངོ་ལ་བསྟུན།།
འཕགས་ལམ་ཕྱུགས་རྫིའི་བློ་ལ་བཅོལ་བ་འདི།།
ཐེག་པ་ཆེ་ཆུང་གཉིས་ཀྱི་ལུགས་ལ་མེད།།
མཁས་པས་གནས་ལུགས་གཏན་ལ་འབེབས་པ་ལ།།
བླུན་པོ་གནག་རྫིའི་ཁ་ལ་ཉན་དོན་མེད།།
རྒྱལ་བློན་རྒྱལ་སྲིད་དོན་ཆེན་སྒྲུབ་པ་ལ།།
སྡེ་འདབས་སྤྲང་པོའི་བཀའ་ལ་ཅི་ཞིག་བརྩི།།
རྩེད་མཚར་དུ་བཀོད་པ།
བསྡུས་གཞུང་གསེད་ཞོར་སྡེ་མཐའ་ཉུལ་བ་དེ།།
རྒྱལ་ཁམས་རིག་པས་བསྐོར་བའི་གཏམ་བརྒྱུད་མིན།།
སྨྱུ་གུ་འཛིན་ནས་ཤེས་རབ་འཚོལ་ཞོར་དུ།།
རྒྱལ་ཁམས་བསྐོར་ན་རིག་པས་བསྐོར་བ་ཟེར།།
གཞུང་མང་བཀླགས་ཀྱང་གལ་གནད་མི་ཁྲོལ་བའི།།
ནེ་ཙོས་བཀའ་འགྱུར་ཀློག་ཀྱང་ཅི་མཚར་ཏེ།།
མེས་པོ་མེས་དབོན་གསལ་བའི་མེ་ལོང་གཅིག།
དེབ་ཐེར་དཀར་པོ་བརྩམས་འདི་རབ་ཏུ་རྨད།།
ཚེ་སྟོད་དགོན་པའི་ཆོས་རྭར་འགྲིམ་འགྲིམ་མཐར།།
ཚེ་སྨད་དྲྭ་སྒང་ཉུལ་ནས་འདའ་བ་དེ།།
གཏམ་བརྒྱུད་ཡིན་ཡང་གསེར་གྱི་ཐང་མ་མིན།།
མཁས་པ་མཁས་པས་རྫོགས་ན་གསེར་ཐང་ཡིན།།
རང་སྣང་རང་གིས་སྤུར་བ་ཆེས་དྲག་ནས།།
ར་རྒན་བྲག་ཐོག་འཛེགས་ཀྱང་མི་མཐོ་སྟེ།།
གཞན་སྣང་གཅན་གཟན་ཚོགས་ཀུན་ཟིལ་གནོན་པའི།།
སེང་གེ་ཐང་ལ་རྒྱུགས་ཀྱང་རབ་ཏུ་མཐོ།།
ཚིག་ལན་ཚིག་གི་ལམ་ནས་བྲི་བ་ལ།།
ཚིག་རྩོད་འདི་ལ་ཟད་མཐའ་མེད་མོད་ཀྱང་།།
ཚིག་དོན་མདོར་བསྡུས་ཤིག་གིས་དགེ་བཤེས་ལ།།
ཚིག་ལ་ཚིག་གི་རོལ་རྩེད་དོད་དུ་ཕུལ།།
ཞེས་རྒྱལ་དབང་མཚོ་སྐྱེས་རྡོ་རྗེའི་རྗེས་སུ་འཇུག་པའི་སྐལ་བ་ཅན་ཤར་སྨར་ཁམས་པ་ཐུབ་བསྟན་ཆོས་རྒྱལ་ཞེས་འབོད་པ་དེས་གསེར་ལྗོངས་བླ་མ་རུང་ནས་སྤྲིངས་པའོ།། །།