འབོལ་རྩོམ། སངས་རྒྱས་འཕྲིན་ལས། རྩོམ་གསར།

文化   2024-10-04 17:02   四川  
འབོལ་རྩོམ།

རྩོམ་པ་པོ། སངས་རྒྱས་འཕྲིན་ལས།

 ཁོ་བོར་མཚོན་ན།  རྩོམ་རིག་དག་ལས་འབོལ་རྩོམ་དང་།  རང་མོས་སྙན་ངག་གཉིས་ལ་ཤིན་ཏུ་དགའ་ཞེན་ཆེ་ཞིང་།  བརྩམས་ཆོས་ཀྱང་མང་དུ་བཀླགས་མྱོང་།

དེ་ཡང་འབོལ་རྩོམ་འབྲི་བ་ལ་ཤེས་ཡོན་གྱི་ཆུ་ཚད་བརྗིད་དགོས་པའི་ཁར།  བདེན་པ་བདེན་དྲང་གི་གཤིས་ཀ་ཡོད་དགོས་པ་ནི།   མ་མཐའི་ཆ་རྐྱེན་ཏེ།  ཤེས་བྱ་མང་དུ་མ་བསགས་པ་ཞིག་གིས་འབོལ་རྩོམ་བྲིས་ན།  བརྗོད་བྱའི་སྤྱི་ཁོག་གུ་དོག་པ་དང་།  ཐལ་དྲགས་པའི་གནད་དོན་དེ་འབྱུང་བར་སླ།  དེ་ལས་ཀྱང་ཕྱི་ནང་མི་མཚུངས་པ་ཞིག་ལ།  ནམ་ཡང་འབོལ་རྩོམ་འབྲི་བའི་ལས་སྐལ་མེད་དོ། །

བྱེ་བྲག་ཏུ་རྩོམ་རྩལ་ལ་ཁྱད་ཆོས་གསུམ་ཚང་དགོས་ཏེ། ནང་དོན་གྱི་བརྗོད་སྙིང་ཞིབ་པར་བྱ་ཐུབ་པ་དང་།  གང་ཞིག་བརྗོད་དགོས་པ་དེ་གསལ་བོར་བྱེད་ནུས་པ།  ཐ་སྙད་དག་ནི་མཛེས་པ་དང་གཟི་འོད་ཆེ་དགོས་པའོ། །

དཔེར་མཚོན་ན། འགའ་རེས།  གང་ཞིག་གླེང་དགོས་པ་དེ་ཤེས་རབ་ཀྱིས་ཞིབ་པར་མ་ཆུམ་ནས།  སྤྱི་ཁོག་དང་རགས་རིམ་ནས་གླེང་བ་ལྟ་བུ། ཡང་སྲོལ་རྒྱུན་སྙན་ངག་ལ་ཡུན་རིང་འདྲིས་ཆེ་བ་འགའ་ཡིས།  འབོལ་རྩོམ་འབྲི་བ་ནའང་མངོན་བརྗོད་མང་དུ་སྤུངས་ཏེ།  བརྗོད་བྱའི་སྙིང་དོན་རབ་རིབ་ཏུ་གཏོང་བ་ལྟ་བུ།   ཁ་ཅིག  བརྗོད་བྱ་ལ་རྣོ་སོ་འབུད་མི་ཐུབ་པ་དང་།   ཡོངས་ཁྱབ་ཀྱིས་བཀོལ་ཟིན་པའི་ཐ་སྙད་སྤྱོད་པ་ལྟ་བུའོ། །

ད་ལྟའི་ཆར་ཤེས་ཡོན་པའི་སྡེ་ཁག་ཏུ།   འབོལ་རྩོམ་འབྲི་བ་ལ་སྐད་གྲག་ཆེ་ཤོས་གཉིས་ཏེ།  གཅིག་ནི་ཚ་བ་མདའ་སྨྱུག་དང་།  གཉིས་ནི་ཨ་ཁུ་སྒོ་ཤེར་ཡིན་ནོ། །

ཚ་བ་མདའ་སྨྱུག་གི་རྩོམ་རྩལ་ལ་གང་ཞིག་གསོན་གསོན་བསྲེག་ཐུབ་པའི་གདུག་རྩུབ་དང་།  ཚིག་སྔ་མའི་འཕྲོས་སུ་ཕྱི་མ་འདོན་པར་སེར་སྣ་ཤོར་འོང་བ་ཞིག་ཡིན།མཚན་གཞི་གཅིག་ཕུལ་ན།  ཁོང་གི་བརྩམས་ཆོས་ནང་དུ།   “དགག་རྩོམ་འདི་ལ་ལན་མ་བྱུང་ན་ལན་མ་ཐེབས་པ་ལས་མ་བཏབ་པའི་གྲས་སུ་བརྩི་རྒྱུ་མིན།  ཚིག་སྤུ་གཏོག་ལ་དགའ་བའི་དགེ་ལྡན་པ་ཚོས་ཚིག་སྐྱོན་ཐོངས།   དོན་དམར་འཇུ་ལ་མཁས་པའི་རྙིང་མ་པ་ཚོས་དོན་སྐྱོན་ཚོལ།  ཡུལ་ལ་དགྲ་བྱུང་ན་རྔ་འབྱར་ཁྱི་ཡིན་ནའང་ཟུག་དགོས་པས་འཆུགས་མི་ཉན།  བྲིས་པ་ལྟ་བུ་རེད། ” རྩོམ་འདི་ལྟ་བུ་ཀློག་པ་ན།  དུས་ཚོད་མཐའ་དག་རྩོམ་བཀླག་རྒྱུ་ལ་བསྐྱལ་དགོས་པའི་སྣང་བ་ཞིག་གཏིང་ནས་ཤར་འོང་།

གཉིས་པ་ཨ་ཁུ་སྒོ་ཤེར་ཚང་གི་བརྩམས་ཆོས་དག་ལས།   རང་ཉིད་ཆེས་ཞེན་ཆགས་ཤོར་བ་ནི།   དགེ་ཆོས་ལ་བྲིས་པའི་མཇུག་མཐའི་སྐུ་པར་ཞེས་པ་དེའོ། །རྩོམ་དེར། “ ཅི་ཞིག་བོར་སོང་བ་འདྲ་བའི་དགེ་ཆོས་ཀྱིས་རེ་ཐག་ཆད་པའི་མིག་ཟུང་གིས་མི་ཡུལ་ལ་ཅེར་རེར་གཟིགས་འདུག  ཁོང་གིས་མིག་འོད་གཉོམ་པོ་དེ་དང་།   ཞལ་མདངས་རྨས་མ་དེའི་ཕ་རོལ་ན་བཤད་དཀའ་བའི་གསང་བའི་གཏམ་རྒྱུད་ཅི་ཞིག་སྦས་ཡོད་དམ། ” ཞེས་པའི་ཚིག་འདིས།  གཉོམ་ལྷིང་ལྷིང་གི་དགེ་ཆོས་ཀྱི་སྐུ་པར་དེ་ལ།  མྱ་ངན་གྱིས་བཙགས་པའི་ཁེར་རྐྱང་ཞིག་གཏིང་ནས་མངོན་པ་དང་། སྤྱན་ཆབ་ཀྱི་འོད་མདངས་ཧྲིག་གེར།  ཐག་རིང་ལ་ཅེར་ཚུགས་སུ་ལྟ་བཞིན།   སྐུ་ཚེ་གང་བོར་བསགས་པའི་སྐྱོ་ངལ་ལ་ཕྱིར་དྲན་བྱེད་པ་ལྟ་བུའི་ཞལ་མདངས་དེ།  ཡིད་ལ་གསལ་ཧྲིག་གེར་བྱ་འོང་།

མདོར་བསྡུས་ན།   བསྟོད་པའི་དུས་ལ་འབབ་ཉིན།   སྐྱོན་ཡོད་ཚད་དགོས་པ་དང་དགོངས་གཞིར་བསྒྱུར།  སྨད་པའི་དུས་ལ་འབབ་ཚེ་ཡོན་ཏན་ཀུན་ཤི་སྦས་རོ་སྦས་སུ་བྱེད་པ་ནི།  ཤེས་ཡོན་ཅན་གྱི་བསྟོད་པ་བྱེད་སྟངས་ཤིག་ལར་ནས་མིན། དེ་བཞིན་དུ།   རིག་གནས་སྣ་གཅིག་ལ་མཁས་པ་ཡིན་ཚེ།   ཤེས་བྱ་ཀུན་ལ་ཕྱི་གསལ་ནང་གསལ་ཡིན་སྙམ་པ་ནི།  མི་དམངས་ཕལ་ཆེ་བའི་སེམས་སུ་ཡོད་དེ།  དོན་དུ་རང་ཉིད་རིག་གནས་ཀུན་ལ་རྨོངས་པ་ཡིན་པའི་གཏན་ཚིགས་ཡིན་ནོ། །

岭子藏文网站
ང་ཚོ་མཉམ་དུ་འཛོམས་པ་ནི། ལས་དབང་ཞིག་ཅི་ལ་མིན་ཨང་།
 最新文章