སྟོང་གསལ་མཁའ་ཁྱབ་གཉུག་མ་དོན་གྱི་གཤིས། །
རང་བྱུང་རིག་པའི་ངོ་བོ་འཇམ་པའི་དབྱངས། །
བློ་འདས་ཆོས་སྐུ་ཆེན་པོར་རང་བབ་ཏུ། །
ཡེ་ནས་བཞུགས་པ་ཆེན་པོར་ཡེ་ཕྱག་འཚལ། །
མདོ་སྔགས་ཉི་ཟླའི་བགྲོད་ལམ་རབ་ཡངས་ཤིང་། །
གཙུག་ལག་རིག་པའི་སྐར་ཚོགས་འབུམ་བཀྲ་བ། །
ཀུན་མཁྱེན་བླ་མ་འཇམ་པའི་རྡོ་རྗེའི་འཕྲུལ། །
རྙོག་བྲལ་ལྟ་གྲུབ་རླབས་ཕྲེང་གཡོ་བ་ཅན། །
བསླུ་མེད་བཀའ་ཡི་རྒྱ་མཚོར་བསྲེས་པ་ན། །
ངེས་དོན་ཆོས་ཀྱི་རྒྱལ་པོའི་སྙན་པ་རྒྱས། །
གསུང་གི་ཟབ་ཁྱད་ཆོས་རབ་རྣམ་འབྱེད་ཀྱི། །
བློ་གྲོས་དྲི་མ་མེད་པས་ལེགས་འདོམས་པ། །
མི་ཕམ་འཇམ་དབྱངས་ཕྱོགས་ལས་རྣམ་རྒྱལ་ཉིད། །
ལན་མེད་རིགས་པའི་གློག་གི་ཟི་ར་འཚུབ། །
རྨད་བྱུང་ལེགས་བཤད་ཆོས་ཀྱི་ཆར་རྒྱུན་འབེབས། །
མཁས་དགུའི་གཙུག་གི་རྒྱན་གྱུར་མི་ཕམ་པ། །
སྔ་འགྱུར་པ་ཡི་མདོ་སྔགས་ལྟ་བའི་གནད། །
ཉི་ལྟར་གསལ་བྱེད་ཟླ་ལྟར་སྣང་བྱེད་ཀྱི། །
མཚན་བཟང་གྲངས་ལ་བསྟར་བའི་བསྟན་བཅོས་ཆེ། །
བསོད་ནམས་དཔལ་དུ་སྐྲུན་པའི་དྷིཿ མིང་པ། །
ལས་སྨོན་དམ་པོས་སྦྲེལ་བ་གླིང་གི་རྗེ། །
དགྲ་འདུལ་མ་སང་སྐྱེས་བུ་དོན་འགྲུབ་རྩལ། །
གོས་དང་གོང་བ་ཇི་བཞིན་མི་འབྲལ་བའི། །
འདན་མའི་འཕྲུལ་རྗེ་འོད་ལྡན་དཀར་པོ་ཁྱེད། །
སྐྱབས་གཅིག་ངག་དབང་བློ་གྲོས་མཚུངས་མེད་པས། །
བུ་ཆུང་མ་ལ་འཁྲེན་པའི་གདུང་ཡུས་ལྟར། །
མགོན་ཁྱེད་དྲན་པའི་སྤྱན་ཆབ་ཕྱུང་བའི་ཚུལ། །
ད་ལྟ་བསམ་ན་སྐྱོ་བའི་སྣོན་མ་ལགས། །
བདག་ཀྱང་དད་པའི་ཡིད་ཀྱིས་རབ་བསྐུལ་ཏེ། །
ཡོན་ཏན་རྗེས་སུ་དྲན་པའི་རྗོད་བྱེད་ཚིག །
བཀྲ་ཤིས་མཚན་མའི་གྲངས་ལ་བསྟར་བའི་དགེས། །
ཚེ་རབས་འཕྲེང་བར་ཁྱེད་དང་འབྲལ་མེེད་ཤོག །
ཅེས་པ་འདི་ནི་བོད་ཤིང་འབྲུག་བོད་ཟླ་༡༠ པའི་ཚེས་༥ སྟེ། འཇམ་མགོན་བླ་མ་མི་ཕམ་པའི་འཁྲུངས་སྐར་གྱི་ཉིན་རིག་འཛིན་དར་རྒྱས་ཀྱིས་བྲིས།