བཟའ་ཚང་བདེ་སྐྱིད་ཡོང་བར་ཉམས་སུ་ལེན་དགོས་པའི་དོན་ཚན་བརྒྱད།

文化   2024-09-18 19:20   四川  
བཟའ་ཚང་བདེ་སྐྱིད་ཡོང་བར་ཉམས་སུ་ལེན་དགོས་པའི་དོན་ཚན་བརྒྱད།


རྩོམ་པ་པོ། རོ་ལངས།


གཅིག ནོར་འཁྲུལ་ནི་སུ་ལའང་འབྱུང་སླ་བས། ནོར་འཁྲུལ་ཆུང་ཆུང་རེེའི་དོན་དུ་རང་གི་བཟའ་ཟླར་རྣོ་ངར་ཆེ་བའི་ཚིག་མཚོན་བཀོལ་མི་རུང་ཏེ། ཚིག་མཚོན་ནི་སེམས་ལ་རྨ་ཁ་གཏོད་བྱེད་ཙམ་ལས། ནོར་འཁྲུལ་ཡོ་སྲོང་བྱེད་ཅིག་གཏན་ནས་མིན་པས་སོ།།


གཉིས། མི་གཞན་གྱི་མིག་མདུན་དུ་ཤིན་ཏུ་ཡིན་མདོག་ཁ་པོས་རང་གི་བཟའ་ཟླར་སྐྱོན་བརྗོད་མི་རུང་སྟེ། དེས་ཁྱོད་ཀྱི་མི་གཞིའི་ངན་འཚང་ཕྱི་རུ་མངོན་པ་ཙམ་ལས་ཕན་འབྲས་ཅི་ཡང་མི་འབྱུང་བས་སོ།


གསུམ། རང་ཉིད་ནི་ཤིན་ཏུ་སྤྱང་གྲུང་ཅན་ཞིག་ཏུ་རློམས་ནས་རང་གི་བཟའ་ཟླར་ཐབས་སྣ་ཚོགས་ཀྱིས་བརྟག་མི་རུང་ཏེ། དེ་ནི་ཕན་ཚུན་ཡིད་ཆེས་ཀྱི་དམ་ཚིག་ཇེ་རྒུད་དུ་གཏོང་བྱེད་ཙམ་ལས། བརྩེ་དུང་གི་མདུད་པ་དམ་དུ་མི་འགྲོ་བས་སོ།།


བཞི། བཟའ་ཟླ་ཁོང་ཁྲོས་པའི་སྐབས་སུ་ཁྱེད་རང་ཞི་བར་གནས་དགོས་ཏེ། གལ་ཏེ་ཁྱོད་ཀྱང་ཁྲོས་ན་མེ་འབར་ཐོག་ཏུ་སྣུམ་བླུག་པ་ལྟ་བུ་ཙམ་ལས། ཁོང་ཁྲོ་ནི་ཕན་ཚུན་མཐུན་ཐབས་ཀྱི་རྒྱུ་རུ་འགྱུར་ཐབས་མེད་པས་སོ།། 

ལྔ། ཁྱོད་རང་ཁོག་པའི་ནང་དུ་སྙིང་ཡོད་མཁན་གྱི་མི་ཞིག་ཡིན་ཚེ། རང་གི་གཟའ་ཟླར་རྡུང་རྡེག་གཏན་ནས་མི་རུང་སྟེ།  ཕན་ཚུལ་རྡུང་རྡེག་བྱེད་པ་ནི་དུད་འགྲོ་དང་ཀླ་ཀློའི་བྱ་སྤྱོད་ལས་འགྲོ་བ་མིའི་བྱ་སྤྱོད་ཅིག་ཏུ་རྩི་ཐབས་ལར་ནས་མེད་པས་སོ།། 

དྲུག ཁྱིམ་ཚང་གི་དོན་བྱ་སོགས་བྱ་དངོས་ཐམས་ཅད་ལ་འདྲ་མཉམ་གྱིས་འཇུག་དགོས་པ་ལས། དཔོན་གཡོག་ལྟ་བུ་རྣམ་པ་མངོན་མི་རུང་སྟེ།  འདྲ་མཉམ་མེད་པའི་འཚོ་བ་ནི་འགའ་ཟླའི་འབྱུང་རྐྱེན་ཡིན་པས་སོ།


བདུན། རང་གི་བཟའ་ཟླ་ལ་དཀའ་སྡུག་འཕྲད་པའི་སྐབས་སུ།  ཁྱོད་ཀྱིས་ལྷག་བསམ་གཙང་མས་ཀུན་ནས་བསླངས་ཏེ་གདུང་སེམས་མཉམ་བསྐྱེད་དགོས་ཏེ།  དཀའ་སྡུག་གི་སྐབས་གདུང་སེམས་མཉམ་བསྐྱེད་བྱེད་པ་ནི་ཆེས་བླ་ན་མེད་པའི་བརྩེ་དུང་ཡིན་པས་སོ།།


བརྒྱད། རང་གི་བཟའ་ཟླར་ཆོས་གྲོགས་ལྟ་བུར་འདུ་ཤེས་བཞག་ནས།  ཕན་ཚུལ་ལ་ཡར་རྒྱས་ཀྱི་བསམ་བློ་མང་ཙམ་སྤེལ་རེས་བྱེད་དགོས་ཏེ།  ཕན་ཚུལ་ཡར་སྐྱེད་ཀྱི་བསམ་བློ་སྤེལ་བ་ནི་ཁྱིམ་ཚང་གི་མདུན་ལམ་ཆེས་ཡག་ཤོས་དེ་ཡིན་པས་སོ།།


岭子藏文网站
ང་ཚོ་མཉམ་དུ་འཛོམས་པ་ནི། ལས་དབང་ཞིག་ཅི་ལ་མིན་ཨང་།
 最新文章