འོས་སྦྱོར། རང་རེའི་ཚོང་བ་ཕལ་ཆེར་ཐེངས་གཅིག་གི་ཚོང་བ་རེད།

文化   2024-10-31 18:50   四川  
རང་རེ་བོད་ཀྱི་ཚོང་ལས་ཀྱི་མ་འོངས།

 དུས་ཀྱི་ཐེམ་པ་དུས་རབས་རྩ་གཅིག་ལ་སླེབས་པའི་དེ་རིང་། ས་སྒང་ཧྲིལ་བོར་དཔལ་འབྱོར་འདུ་འགོད་ཀྱི་ཚ་ཟེར་རབ་ཏུ་འཕྲོ་ཞིང་། འཛམ་གླིང་ཤར་ནུབ་ཀུན་ནས་དཔལ་འབྱོར་གྱི་རིན་ཐང་གླེང་ཞིང་དཔལ་འབྱོར་གྱི་ཆེད་དུ་ཡོད་ཚད་ངལ་གྱིན་ཡོད། དེའི་ཤུགས་རྐྱེན་འོག་རང་རེ་ཁ་བ་ཅན་པའི་ཁྲོད་དུའང་དཔལ་འབྱོར་འཚོ་སྒྲུབ་ཀྱི་འོད་ཟེར་འཕྲོ་ཞིང་ཉིན་རེ་བཞིན་ཚོང་དོན་ལས་གཉེར་མཁན་གྱི་ཚོང་བ་ཙག་ཙིག་ཇེ་མང་ནས་ཇེ་མང་དུ་འགྲོ་བཞིན་ཡོད།

 དེར་འབྲེལ་ཚོང་ལས་གཉེར་མཁན་རིགས་ཀྱང་གཉིས་སུ་དགར་ཆོག་སྟེ།  འཛམ་གླིང་ཤར་ནུབ་ཀྱི་སྐད་ཡིག་སོགས་ཤེས་རིག་གི་མ་གཞི་ལེགས་པར་ཡོད་པའི་སྒོས་ཚོང་དོན་གཉེར་བའི་ལས་སུ་ཞུགས་ཏེ།  རང་ས་གནས་ཀྱི་ཁྱད་ཐོན་ཁེ་ལས་གཉེར་བ།  རང་རེའི་ན་གཞོན་རྣམས་ཀྱིས་མིག་དཔེར་འོས་པ། ཡུལ་མདོ་སྨད་ཀྱི་ཚོང་ལས་རིག་པའི་དཔའ་བོ་གངས་ཅན་ལྷ་གཡག་རྟགས་མའི་གསར་གཏོད་པ་རྒན་མི་འགྱུར་རྡོ་རྗེ་དང་།  དབུས་ལྷ་ལྡན་ཞིང་གི་བོད་ཀྱི་ཚོང་ལས་དཔའ་མོ་སྤྱོད་ཡོན་གཉིས་འཛོམས་ཀྱི་མཛངས་མ་DLSཡི་གསར་གཏོད་པ་རྒན་བདེ་སྐྱིད་དབང་མོ་དང་། 

 གཞན་ཡང་སྐུ་ཞབས་ཞོགས་དུང་གི་བུ་མོ་ཏིང་འཛིན་མཚོ་མོ་སོགས་བོད་ཀྱི་ཚོང་ལས་རིག་པའི་གར་སྟེགས་སུ་རང་རེའི་གཟི་བརྗིད་དུ་སྒོམ་ཆོག་པའི་ཚོང་བ་ཚད་དང་ལྡན་པའང་མདོ་དབུས་ཁམས་གསུམ་དུ་མང་པོ་བཞུགས།  ཁྱད་པར་སྔར་མེད་པའི་བོད་ཀྱི་བུད་མེད་ཀྱི་སྡེ་ནས་ཁེ་ལས་ཀྱི་ལམ་པར་ཞུགས་ཏེ་ཐོན་རྫས་ཚད་ལྡན་གྱི་སྟེང་ད་ལྟ་(身价)མ་དངུལ་ཁྲི་ཚོ་སྟོང་ཕྲག་ལས་བརྒལ་པའང་ཁ་ཤས་འཐོན་བཞིན་པ་ཤིན་ཏུ་དགའ་བ་སྒོམ་འོས་པའི་གནས་སོ། །

 རིགས་གཉིས་པ་ནི་བྱམས་བརྩེ་དང་སླད་མེད་ཀྱི་འབྲོག་པ་ཚོའི་ཡིད་ཆེས་ལ་བརྟེན་རང་རེའི་རོང་འབྲོག་མང་ཚོགས་ཁྲོད་དུ་གད་སྙིགས་ནང་འདྲེན་ལ་མཁས་པ་དག་སྟེ།  བོད་ཀྱི་རྡུང་ལེན་སྒྱུ་སྩལ་གཙོར་གྱུར་པའི་རིག་གནས་མང་པོ་རྩེད་ཆས་སུ་བྱེད་བཞིན་མཆི། འོན་ཀྱང་དེ་རིང་དམིགས་བསལ་དེའི་སྐོར་ནས་ཞུ་མི་བྲོད་ལ།  ཤིན་ཏུ་ཞུ་འདོད་པ་ནི་ད་ལོ་བོད་ཀྱི་ཚོང་པ་ཁ་ཤས་ལ་འཛད་སྤྱོད་པ་དང་ཚོང་བདག་གི་ཚུལ་གྱིས་འབྲེལ་འདྲིས་ཅུང་མང་པོ་བྱས་པའི་ཉམས་མྱོང་དང་འབྲེལ།  རང་རེའི་ཚོང་པ་མང་ཤས་ལ་ཕལ་ཆེར་འདྲ་མཉམ་དུ་མངའ་བའི་མིག་རྒྱང་ཐུང་བའི་བྱེད་ཚུལ་ཞིག་སྟེ།  གནས་སྐབས་དང་མཐར་ཐུག་གཉིས་ལས་མཐར་ཐུག་ལ་མི་སེམས་པར་འཕྲལ་གྱི་ཁེ་ཕན་ཕྲན་བུ་རེའི་ཆེད་དུ་འཛད་སྤྱོད་པར་དང་པོར་ཁ་ཡག་གིས་ཚོང་རྫས་རེ་བཙོང་སྟེ། 

གཅིག སྒོར་མོ་ལག་ཏུ་ཐོན་ཕྱིན་ཚོང་རྫས་ལ་འགན་མི་ལེན་པ།

གཉིས། སྔར་གྱི་བཤད་པ་དང་ཕྱིས་ཀྱི་ཚོང་རྫས་ཐོ་མི་ཐུག་པ།

གསུམ། ཚོང་རྫས་ཀྱི་སྤུས་ཚད་ཞན་ཞིང་མི་བཟང་ཞེས་བརྗོད་ན་ཁོང་ཁྲོ་ལངས་པ་སོགས་མདོར་ན་ཞབས་ཞུའི་རྣམ་འགྱུར་གྱི་ཐད་མི་རིགས་གཞན་དང་ལེ་བར་ཁྲི་ཕྲག་གི་བར་ཁྱད་ད་དུང་འདུག 

 སྤྱིར་ཚོང་ལས་སྤུས་དག་ཅིག་གཉེར་བར་ངེས་པར་མིག་རྒྱང་རིང་བོ་ཞིག་དགོས་ཏེ།  འཛམ་གླིང་གི་ཚད་ལྡན་གྱི་ཚོང་པ་སུས་ཀྱང་ཚོང་ལས་ཀྱི་ཆེད་དུ་ཕལ་ཆེར་མི་ཚེ་བསྐྱལ་པ་ལ།  ཁྱོད་ཀྱིས་དུས་ཚོད་ཉུང་ངུ་ཞིག་བེད་སྤྱད་དེ་གྲུབ་འབྲས་ཆེན་པོ་ཞིག་ལོན་པ་དཔེ་མི་སྲིད་པས་སོ། །  

 འོན་ཀྱང་རང་རེའི་ཚོང་བ་མང་པོའི་བྱེད་ཚུལ་ནི།  དེ་རིང་མགོ་གཡོག་ཐུབ་ན་དེ་རིང་མགོ་གཡོག་པ་ལས་སང་ཉིན་ད་དུང་ཐོན་རྫས་ཤིག་འཚོང་བའི་རེ་བ་གཏན་ནས་འཆང་མི་ཤེས། ངོ་མ་དེ་ལྟར་བསམ་ན་ཤེས་ཡོན་སློབ་སྦྱོང་ནི་ཇི་འདྲའི་གལ་ཆེ་བ་ཞིག་རེད་ཨང་།  མི་རིགས་གཞན་གྱི་ཚོང་བ་ཚོས་དེ་རིང་འཚོང་ན་སང་ཉིན་ཨེ་འཚོང་བལྟ། སང་ཉིན་འཚོང་ན་གནངས་ཉིན་ཨེ་འཚོང་གི་རེ་བ་བྱེད་པ་ལས། “ཐེངས་གཅིག་གི་ཚོང་བ”་གཏན་ནས་མི་བྱེད། དེའི་རྐྱེན་གྱིས་མི་རིགས་གཞན་གྱི་ཚོང་བ་ཚོའི་ཚོང་རྫས་ཀྱི་སྤུས་ཀ་འང་ཇེ་མཐོར་བཏང་ཞིང་། རང་རེའི་ཚོང་བ་རྣམས་ཀྱིས་ཚོང་རྫས་ཀྱི་སྤུས་ཚད་ཀྱང་རིན་གོང་ཆེས་དམའ་བ་དེ་བདམས་པ་ཡིན། 

 ཚོང་ལས་ཀྱི་འཇིག་རྟེན་དུ་ཞབས་ཞུའི་རྣམ་འགྱུར་ནི་ཤིན་ཏུ་གལ་ཆེ་སྟེ། དཔེར་ན།  ཨ་མདོ་ནས་ལྷ་སར་གླ་གཏོང་བྱེད་པའི་ཁ་ལོ་བ་ཞིག་ལ་ཆ་བཞག་ན། ཁྱོད་ཀྱིས་དེ་རིང་སྐྱེལ་བའི་མགྲོན་པོ་ལ་སང་ཉིན་ཡང་ཞབས་ཞུའི་རྣམ་འགྱུར་སྔར་བཞིན་བཟང་པོར་འཛིན། གནངས་ཉིན་ཡང་དེ་ལྟར་ཡིན་ན་ཁྱོད་ཀྱི་གླ་གཏོང་གི་ལས་ཀ་དེ་སྔར་ལས་ཇེ་བཟང་ཇེ་དར་དུ་འགྱུར་ངེས། འོན་ཀྱང་ལྡོག་སྟེ་ཐེངས་གཉིས་པར་སླེབས་པའི་མགྲོན་པོ་ལ་དབུས་ལྷ་ལྡན་དུ་བསྐྱལ་པ་ཙམ་ལས་ཞབས་ཞུའི་རྣམ་འགྱུར་མ་ལེགས་ན། དུས་དེ་ནས་བཟུང་ཡང་བསྐྱར་གླ་བྱེད་མཁན་གྱི་མགྲོན་པོ་རྙེད་ག་ལ་སྲིད། དེར་བརྟེན་ཁྱོད་ཀྱིས་ཀྱང་ལས་ཀ་དེར་སྔ་མོ་ནས་གྱེས་ཕྱག་འབུལ་དགོས་ངེས། དེས་ན་བརྒྱ་བཤད་ཚིག་གི་རྩ་བ་ཚོང་ལས་གཉེར་བར་འདོད་ན་ཕུགས་རིང་ཞིང་རྣམ་འགྱུར་བཟང་པོ་ཞིག་འཛིན་རྒྱུ་ནི་ཤིན་ཏུ་གལ་ཆེ་བར་སྙམ་མོ།།

 ཞེས་འདི་སྐད་སྨྲ་བ་པོ་ཡང་རྗེས་དཔག་རིག་པའི་གཏན་ཚིགས་ལ་འདྲེས་པ་དགེ་འདུན་རྒྱ་མཚོ་རུ་འབོད་པས་ཕྱི་ལོ་༢༠༢༤ལོའི་ཟླ་༡༠པའི་ནང་སྦྱར་ཏོ༎

岭子藏文网站
ང་ཚོ་མཉམ་དུ་འཛོམས་པ་ནི། ལས་དབང་ཞིག་ཅི་ལ་མིན་ཨང་།
 最新文章