རྩོམ་གསར། ​ཆེ་བ་བརྒྱད་ལྡན་གྱི་མཁན་ཆེན་ཚུལ་ཁྲིམས་བློ་གྲོས།

文化   2024-10-16 19:08   四川  
ཆེ་བ་བརྒྱད་ལྡན་གྱི་མཁན་ཆེན་ཚུལ་ཁྲིམས་བློ་གྲོས།

རྩོམ་པ་པོ། ཆར་སྤྲིན་ཅན།

 སྐྱབས་གཅིག་འཁོར་ལོ་མགོན་པོ་ཆོས་རྗེ་དམ་པ་ཡིད་བཞིན་ནོར་བུ་སོགས་ཚད་ལྡན་བླ་མར་མཉེས་པ་གསུམ་གྱིས་བསྟེན་ཏེ་རང་དོན་ཐོས་བསམ་སྒོམ་གསུམ་དང་གཞན་དོན་འཆད་རྩོད་རྩོམ་གསུམ་གྱིས་མཛད་ཕྲིན་བླ་མེད་བསྐྱངས་ཤིང་བརྒྱུད་འཛིན་བུ་སློབ་ནམ་མཁའི་སྐར་ཚོགས་ལྟར་བཀྲ་བའི་ཆེ་བ།
དགོན་པ་དང་ཆོས་སྡེ་རིས་སུ་མ་ཆད་པ་ཐམས་ཅད་ཀྱིས་གྲྭ་གསུམ་སྡེ་གཅིག་ཚང་དགོས་ངེས་ཀྱི་བཀའ་སློབ་དང་ལམ་སྟོན་རབ་དང་རིམ་པ་གནང་བས་དེང་སང་མདོ་ཁམས་སྨད་སོགས་ཀྱི་དགོན་པ་ཕལ་ཆེར་གྲྭ་གསུམ་སྡེ་གཅིག་གི་ལུགས་བཟང་གི་ཤུགས་རྐྱེན་་ཡག་པོ་བྱུང་བའི་ཆེ་བ།

 རྒྱ་ཆེའི་དད་ལྡན་མང་ཚོགས་རྣམས་ལ་ལེགས་ཉེས་བླང་དོར་གྱི་བསླབ་བྱ་དང་ནང་ཆོས་ངོ་སྤྲོད་སོགས་བླ་མེད་ཀྱི་ལམ་སྟོན་གནང་བས་མདོ་དབུས་ཁམས་གསུམ་གྱི་དད་ལྡན་མང་པོས་ཁོང་གི་གསུང་ཆོས་སྒྲ་ཟིན་སོགས་ཉན་མཁན་ཧ་ཅང་མང་ཞིང་མཁན་ཆེན་ཚུལ་ཁྲིམས་བློ་གྲོས་ཀྱི་མཛད་ཕྲིན་ལ་ཡི་རངས་མི་ཞུ་མཁན་ཞིག་ཕལ་ཆེར་མེད་པས་དད་ལྡན་མང་ཚོགས་ཀྱི་སེམས་ནང་གི་སྒྲོན་མེ་ལྟ་བུའི་ཆེ་བ།

 རིགས་ལ་ལྷག་བསམ་དུང་ལས་དཀར་བས་སྐད་དང་ཡི་གེའི་ཚེ་སྲོག་གི་དབུགས་རྒྱུན་སྲ་བརྟན་དུ་བཏང་དང་གཏོང་བཞིན་པའི་ཆེ་བ།
དེའང་ལུག་རྫི་རྒད་པོའི་ཀི་སྒྲ་ནས་དབུ་བརྩམས་ཤིང་དེང་རབས་རྒྱུན་བཀོལ་རིས་འབྲེལ་མིང་མཛོད་སོགས་ཀྱི་ཕྱག་ལས་མི་ལོ་ཉི་ཤུའི་རིང་དུ་མདོ་དབུས་ཁམས་གསུམ་གྱི་ངེས་པ་དོན་གྱི་དགེ་རྒན་ཆེན་མོ་དང་མི་བུ་ཤེས་འཇོན་ཐང་ཅན་མང་པོ་མཉམ་དུ་བསྡུས་ཤིང་མང་མོས་གཅིག་མཐུན་གྱིས་ཐ་སྙད་གསར་པ་ཁྲི་ཁྲག་བོད་ཡིག་དང་བོད་སྐད་གཙང་མའི་ལམ་ནས་བསྒྱུར་དང་སྒྱུར་བཞིན་པས་ཆེས་བླ་ན་མེད་པའི་ཆེ་བ།

 དགོན་སྡེའི་སྤྱི་ཚོགས་ཀྱི་ཁྲོད་དུ་མཐའ་གཉིས་སུ་མི་ལྷུང་བའི་ལམ་སྟོན་གནང་སྟེ། བཤད་པ་ཁོ་ནའི་བསྟན་པ་དངོས་དེ་འཛིན་དཀའ་བས་བཤད་པ་དང་སྒྲུབ་པ་ཉམས་ལེན་གཉིས་ཟུང་དུ་བྲེལ་ཏེ་རིས་མེད་རྒྱལ་བའི་བསྟན་པ་རིན་པོ་ཆེ་དཀར་འཇམ་ཡུག་གཅིག་ཁྱབ་པར་མཛད་དགོས་པའི་བསྐུལ་མ་དང་ཁོང་ཉིད་ཀྱིས་ཀྱང་ཐེག་ཆེན་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་ཉམས་ལེན་འབུར་དུ་ཐོན་པའི་འབྲས་རྟགས་ལྟོས་བཅས་གདུལ་བྱའི་ཚོགས་ཀྱི་ཀུན་གཞིའི་རིགས་ཁམས་སུ་བག་ཆགས་བཟང་པོར་བགོས་པ་མ་ཟད་བདག་ཉིད་ཆེན་པོ་ཁོང་གི་མཛད་པ་ཕྲིན་ལས་ཀྱི་ཆ་ཤས་རེ་རེས་ཀྱང་བྱང་ཆེན་འཕགས་པའི་མཛད་པ་བདག་གིར་བཞེས་པ་ཆེ་བ།

 ཕྲག་དོག་གིས་རབ་ཏུ་མྱོས་པའི་སྐྱེ་བོ་མ་རབས་དག་གིས་རྒྱུ་མཚན་དང་བདེན་དོན་ཅི་ཡང་མེད་པར་ཁོང་གི་མཛད་པ་དང་ཕྲིན་ལས་ལ་མི་བཟོད་པས་ངན་སེམས་ཀྱིས་གཞི་མེད་སྐྱོན་འཛུགས་མ་ཉེས་ཁ་གཡོག་དོན་དངོས་དང་མི་མཐུན་པའི་སྐྱོན་བརྗོད་སོགས་ཚིག་ངན་གྱིས་ཆར་པ་ཕབ་ཀྱང་སྟོན་མཆོག་ཐུབ་པའི་དབང་པོའི་བདུད་སྡིག་ཏོ་ཅན་དག་གིས་མཚོན་ཆའི་ཆར་ཕབ་པ་དེ་ཉིད་མེ་ཏོག་གི་ཆར་བསྒྱུར་བ་ལྟ་བུའི་མཛད་པ་བདག་གིར་བཞེས་ཏེ་དགེ་སྦྱོང་གི་ཆོས་བཞི་ཚུལ་བཞིན་དུ་ཉམས་སུ་ལེན་པའི་ཆེ་བ།

 ཁོང་གི་མི་གཞི་དང་བླ་མའི་ཡོན་ཏན་གྱི་ཆ་ཤས་རེ་རེས་ཀྱང་མདོ་ལས་ཇི་སྐད་གསུངས་པའི་དགེ་བའི་བཤེས་གཉེན་གྱི་ཡོན་ཏན་མ་ལུས་པར་ཚང་བ། གཤེས་གཉེན་དུལ་བ། ཞི་བ། ཉེར་ཞི་བ། དད་པའི་མོས་པ་རྣམས་ལ་མངོན་པར་དགའ་བ། ཤེས་རབ་ཀྱིས་ཟིལ་དུ་གནོན་པས་སྙིང་རྗེ་ཆེན་པོའི་གཞན་དབང་དུ་གྱུར་ཏེ་ཉམས་ཐག་པའི་སེམས་ཅན་གྲངས་ལས་འདས་པའི་མགོན་དང་དཔུང་གཉེན་དུ་གྱུར་བའི་ཆེ་བ།

 དེ་ལྟར་བཀྲ་ཤིས་རྟགས་བརྒྱད་ཀྱི་གྲངས་ལྡན་ཆེ་བ་བརྒྱད་ཀྱིས་བསྔགས་པ་འདི་ནི་ཁོང་གི་སྐུ་ཆེ་བའི་ཡོན་ཏན་རྒྱ་མཚོ་ལྟ་བུ་ལས་བདག་བློར་ཁབ་མིག་ལྟ་བུ་ལས་མཐོང་བ་དག་ཟུར་ཙམ་ཡིག་རིས་སུ་བཀོད་ན་དེ་ལྟར་ལགས། གཞན་དུ་ནའང་། མང་དུ་སྨྲས་པའི་དགོས་པ་ཅི།། ཐུབ་པའི་གཞན་དོན་བསྒྲུབས་པ་དང་། བྱིས་པའི་རང་དོན་བསྒྲུབས་ཡི།། དེ་གཉིས་བར་གྱི་ཁྱད་པར་ལས།། བློ་ལྡན་ཀུན་གྱིས་རྟོགས་པ་ཡིན།། ཅེས་ཀྱང་ཐལ་ལོ།

ཞེས་མ་བརྟག་མ་དཔྱད་པར་གཟུ་ལུམ་གྱིས་སྨྲ་བ་ངན་པར་རིང་དུ་སྤངས་པའི་ཆར་སྤྲིན་ཅན་འབོད་པ་དེས།

岭子藏文网站
ང་ཚོ་མཉམ་དུ་འཛོམས་པ་ནི། ལས་དབང་ཞིག་ཅི་ལ་མིན་ཨང་།
 最新文章