མཁས་དབང་དགེ་འདུན་ཆོས་འཕེལ་མཆོག་རྒྱ་གར་དུ་ཕེབས་དགོས་དོན་སྐོར།

文化   2024-12-10 19:44   四川  
མཁས་དབང་དགེ་འདུན་ཆོས་འཕེལ་རྒྱ་གར་དུ་ཕེབས་དགོས་དོན་སྐོར་ཅུང་ཟད་གླེང་བ།

 ངས་ཕལ་ཆེར་མཁས་དབང་དགེ་འདུན་ཆོས་འཕེལ་གྱི་བརྩམས་ཆོས་དང་རྣམ་ཐར་ལ་ལྟ་མ་མྱོང་བ་མེད་མོད། འོན་ཀྱང་དྲྭ་གྲོགས་ཤིག་གིས། དགེ་ཆོས་ཁོང་རྒྱ་གར་དུ་ཕེབས་དོན་གང་ཡིན་མིན་སྐོར་ང་ལ་དྲིས་བྱུང་བས་ཐད་ཀར་ལན་འདེབས་མ་ཐུབ་པར་ཐུན་གྱི་དུས་ཚོད་བེད་སྤྱད་ནས་སླར་ཡང་དགེ་ཆོས་དང་འབྲེལ་བའི་ཡིག་ཆ་དཔེ་མཛོད་དང་དྲྭ་ཐོག་ནས་བཙལ་ཞིང་ལན་གྱི་ཚུལ་དུ་འདི་བྲི་མགོ་བརྩམ་པ་ཡིན།

 བརྩམས་ཆོས་འདི་ཉིད་རྩོམ་པ་ལ་མཁས་དབང་ཁོང་གི་ལོ་རྒྱུས་མདོར་བསྡུས་ཤིག་སྨྲ་དགོས་མོད། རྒྱལ་ཕྱི་ནང་དུ་སྙན་གྲགས་ཀྱི་བ་དན་ཆེན་པོ་ས་གསུམ་དུ་ཁྱབ་པར་བསྒྲེང་པ་མཁས་དབང་དམ་པ་ཁོང་ནི་སྐྱེས་བུ་མཆོག་དམན་བར་མ་གསུམ་གྱིས་མ་ལོན་པ་མེད་པས་མ་སྤྲོས་སོ།།

 དེ་ཡང་ཡོངས་གྲགས་ལྟར་ན་མཁས་དབང་ཁོང་རྒྱ་གར་དུ་ཐེངས་གཉིས་ཕེབས་པ་ཡིན་ཞིང་། རང་ལོ་སོ་གཉིས་སུ་སོན་པ་བོད་ཀྱི་རབ་བྱུང་བཅུ་དྲུག་པའི་ཤིང་ཕོ་ཁྱིའི་ལོ་ལ་རྒྱ་གར་དུ་ཕེབས། 《རྒྱལ་ཁམས་རིག་པས་བསྐོར་བའི་གཏམ་རྒྱུད་གསེར་གྱི་ཐང་མ།》ལས། “ དེ་ཡང་ཁོ་བོ་གཞོན་ནུ་ཞིག་ནས་རྒྱ་གར་གྱི་ཡུལ་དེར་ལན་གཅིག་སླེབས་ན་སྙམ་པ་ཡང་ཡོད་ཅིང་། དབུས་སུ་སླེབས་ནས་འབྲས་སྤུངས་སུ་ལོ་བདུན་ཙམ་སོང་བ་ན། རྒྱ་གར་ནས་པཎྜི་ཏ་ར་ཧུ་ལ་བྱ་བ་ཞིག་བོད་དུ་བྱོན་པ་དང་འཕྲད་ནས་འགྲོ་བའི་སྐུལ་མ་བཏབ་པ་བཞིན་འདོད་ཐོག་ཏུ་སྨིན་ཏེ་ཆས་སོ།།”ཞེས་པ་ལས། ཁོ་བོ་གཞོན་ནུ་ཞིག་ནས་རྒྱ་གར་གྱི་ཡུལ་དེར་ལན་གཅིག་སླེབས་ན་སྙམ་པ་ཡང་ཡོད་ཅིང་། ཞེས་པ་ལས་ཁོང་ཆུང་ནས་བློ་རིག་བཀྲ་ཞིང་མཁྱེན་དཔྱོད་ཡངས་པས་རྒྱ་གར་དུ་སློབ་གཉེར་ལ་འགྲོ་འདོད་པའི་འདུན་པ་ཡོད་པ་ནི་བསྙོན་དུ་མེད་ལ་འདོད་ཐོག་ཏུ་སྨིན་ཏེ་ཆས་སོ།།ཞེས་པ་ལས་ཁོང་ནི་བོད་ཀྱི་རིག་གཞུང་ཙམ་མ་ཟད་རིགས་གཞན་གྱི་རིག་གཞུང་ལ་སློབ་གཉེར་བྱ་འདོད་པའི་དགའ་བ་འབུམ་གྱི་ཚིམ་ཡོད་པར་ཤེས་ཏེ། ཁོང་གི་ལོ་རྒྱུས་ཁག་ལས་ཀྱང་ཁོང་གྲུབ་མཐའ་གཞན་གྱི་གནད་ལ་མཁས་པའི་དན་རྟགས་ཡང་གསལ་བའི་ཕྱིར། ཁོང་རྒྱ་གར་དུ་ཕེབས་དོན་ཡང་སློབ་གཉེར་གྱི་དོན་ཁོ་ན་ཡིན་པར་ར་སྤྲོད་ཐུབ། མ་ཟད་པཎྜི་ཏ་ར་ཧུ་ལ་དང་རྒྱ་གར་པ་མི་གཉིས་དང་བཅས་བོད་དུ་རྒྱ་དཔེ་རྩད་གཅོད་ལ་ཆེད་གཏད་ཀྱིས་འོངས་པ་ཡིན་ཞིང་། ཁོང་ཀྱང་ལྷན་དུ་ཉིན་མང་པོར་དབུས་གཙང་ཀྱི་དགོན་སྡེ་ཁག་ཏུ་ཞིབ་མཇལ་གནང་རྒྱུ་བྱུང་བས་མཐོང་ཐོས་རེག་གསུམ་གྱི་བསྡོམས་གསེར་གྱི་ཐང་མ་འདིར་བྲིས་ཡོད་པ་ཡིན་པའི་དོན་ལ་དཔྱད་ན་དེ་ལས་ཀྱང་ཁོང་སློབ་གཉེར་ལ་དགའ་བར་ཤེས།  དེ་ཉིད་ལས་ཀྱང་།“རྒྱལ་བསྟན་བོད་དུ་བྱོན་པའི་གནས་ཁྱད་པར་ཅན་རྒྱ་གར་འཕགས་པའི་ཡུལ་འདི་ལ་མཆོག་དམན་བར་མའི་སྐྱེ་བོ་ཀུན་གྱིས་དད་ཞེན་གུས་པ་ཚད་མེད་ཡོད་གཤིས།”ཞེས་ཁོད་པ་ལྟར། བོད་པ་ནི་རྒྱ་གར་ལ་ཆེས་ཆེར་དགའ་བ་ཞིག་ཡིན་ཏེ། དགེ་ཆོས་ཀྱིས་གསུངས་པ་ལྟར་རང་རེའི་མཁས་པ་རྣམས་ཀྱི་འཆར་ཚུལ། རྩོམ་པའི་སྒྲིག་གཞི། ཆས་གོས་དང་ཆོ་ག་སོགས་ཏིལ་ལ་ཏིལ་མར་གྱི་ཚུལ་དུ་རྒྱ་གར་པའི་ཤན་གྱིས་ཁྱབ་ཡོད་ཅིང་། ཐ་ན་ཚིགས་བཅད་གཅིག་གི་ནང་དུ་དཔེ་འགའ་རེ་སྟོན་དགོས་ཚེ་རྒྱ་གར་གྱི་རི་ཆུ་ཀླུང་དང་ལྗོངས། མེ་ཏོག་སྲོག་ཆགས་སོགས་ཀྱི་མིང་འོངས་པ། དོན་དུ་རང་ཉིད་ཀྱིས་དེ་དང་དེ་རྩ་བ་ནས་མཐོང་མ་མྱོང་ན་ཡང་དཔེ་དེ་ལྟར་དུ་བཀོད་པ་སོགས་ལས་ཤེས་པར་རིགས་སོ།། དེ་ཕྱིར་མཁས་དབང་ཁོང་རྒྱ་གར་དུ་ཕེབས་དོན་ནི་ང་རང་ཚོ་བོད་པ་རྣམས་ཡུལ་ཁྱད་པར་ཅན་དེར་དགའ་བའི་རྒྱུ་མཚན་ར་སྤྲོད་ཆེད་ཡིན་པར་ཡང་སྙམ་ཏེ། དེ་ཉིད་ཀྱི་ཞལ་སྔ་ནས་མཛད་པའི་རྒྱལ་ཁམས་རིག་པས་བསྐོར་བའི་གཏམ་རྒྱུད་གསེར་གྱི་ཐང་མའི་རྩོམ་གཤིས་ལ་གཟིགས་དང་ཤེས། ཐོག་མར་ཁོང་དང་རྒྱ་གར་གྱི་པཎྜི་ཏ་ར་ཧུ་ལ་འཕན་ཡུལ་དུ་གནས་མཇལ་ཞུས་ཤིང་སྟག་ལུང་བརྒྱུད་ནས་རྭ་སྒྲེང་དུ་ཕེབས། དེ་ནས་བཀྲས་ལྷུན་བརྒྱུད་དེ་ཞ་ལུར་འབྱོར། རི་ཕུག་སོགས་ནས་རྒྱ་དཔེ་མང་པོ་གདན་དྲངས་ཤིང་ཞིབ་ཏུ་བརྟགས། ཕྱིས་རྒྱ་གར་ཞེས་བྱ་བའི་ཡུལ་དུ་འབྱོར། “ཡུལ་གྱི་ཆགས་ཚུལ་མི་འདྲ་བའི་རིགས་དང་། མི་འདྲ་བའི་ཡུལ་སྡེ་དང་། མི་འདྲ་བའི་ཆོས་དང་སྤྱོད་ལམ་ཐ་དད་པ་སྣ་ཚོགས་ཀྱི་འབྱུང་ཁུངས་སུ་འགྱུར་བ། ཤིན་ཏུ་མཐོ་ཞིང་རྩེ་མོ་ནམ་མཁར་སྙེགས་པའི་རི་བོ། སྲོག་ཆགས་གྲོགས་སྤུར་ཙམ་ལ་ཡང་འཚེ་བ་སྤངས་པའི་སྙིང་རྗེ་ཅན་གྱི་བསྟན་པ།……”ཞེས་གསུངས་པ་ལྟར་ཁོང་ནི་རྒྱ་གར་ཡུལ་ལ་ཤིན་ཏུ་ནས་ཡ་མཚན་དང་ངོ་མཚར་གྱི་འཆར་རྟོག་ཐུགས་ལ་བཞད་པའི་རྒྱུ་མཚན་ནི་རྒྱ་གར་གྱི་རིག་གཞུང་སྦྱངས་ཏེ་ཐོས་པའི་ལམ་དུ་ཞུགས་འདོད་པས་ཡིན་པར་སྙམ། མཁས་དབང་འདི་ཉིད་ཀྱིས་མཛད་པའི་༼    རྒྱལ་ཁམས་རིག་པས་བསྐོར་བའི་གཏམ་རྒྱུད་གསེར་གྱི་ཐང་མ། ལེའུ་བཅོ་ལྔ་བ། ༽   ལས། “ ད་ནི་སྔོན་གྱི་དུས་སུ་བོད་རྣམས་ཀྱི་གནས་སྐབས་དང་ཚུལ་ལུགས་ཅི་ལྟར་ཡོད་པ་བསམ་པར་བྱ་སྟེ། ” ཞེས་གསུངས་པ་ལྟར། ཁོང་གིས་གོང་དུ་རྒྱ་གར་པ་རྣམས་ཀྱི་ཚུལ་ལུགས་སོགས་ཡོངས་སུ་ཚང་བ་གསུངས་ཟིན་ཞིང་མཇུག་ཏུ་ད༵་ནི༵་ཞེས་ཚིག་གི་གསལ་ཁ་བྱས་ནས་གསུངས་འདུག་པ་ནི་ཁོང་རྒྱ་གར་དུ་ཕེབས་དོན་ཡང་བོད་ཀྱི་ལོ་རྒྱུས་ཀྱི་རིག་གནས་ལ་ཁ་སྐོང་ཕྱིར་ཡིན་པར་སྙམ་མོད། འོན་ཀྱང་པཎྜི་ཏ་ར་ཧུ་ལའི་གདན་ཞུ་ལྟར་༡༩༣༤ལོར་དངོས་སུ་རྒྱ་གར་དུ་ཕེབས་གནང་རྗེས་རྒྱ་གར་གྱི་ཡུལ་མང་པོ་ཞིག་ལ་གནས་བསྐོར་དུ་ཕེབས་ཤིང་། ལྷག་པར་དུ་སིང་ག་ལར་ཕེབས་ཏེ་སམ་ཀྲི་ཏའི་སྐད་ལེགས་པར་སྦྱངས། གཞན་ཡང་དབྱིན་ཡིག་དང་གཞུང་ལུགས་ཁག་མང་པོར་ཐོས་པ་རྒྱ་ཆེར་མཛད་པའི་ལོ་རྒྱུས་སོགས་ལ་དམིགས་ན་ཁོང་སྐབས་དེར་རྒྱ་གར་དུ་ཕེབས་དོན་གཙོ་བོ་ནི་རིག་གནས་ཐ་དག་ནང་བྱན་ཆུད་པ་བྱས་ནས་ལུང་རྟོགས་ཀྱི་ཐོས་པའི་ལམ་དུ་ཞུགས་ཕྱིར་ཡིན་པར་སྙམ། མཁས་དབང་ཁོང་ནི་རིག་གནས་ཀྱི་ནགས་ཚལ་ན་སེང་གེ་ཞིག་དང་འདྲ་སྟེ། གང་ལྟར་ཀྱང་མཐར་མཁས་དབང་ཁོང་གི་མི་ཚེ་ཧྲིལ་པོ་ནི་ལོ་རྒྱུས་ཀྱི་སྟོང་ཆ་ན་རིག་པའི་སྟོབས་རྩལ་ལ་ཕོ་རྩལ་སྣ་དགུ་འགྲན་དང་མཚུངས་པ་ནི་གོར་མ་ཆག

 སྤྱི་ལོ་༡༩༣༤རབ་བྱུང་བཅུ་དྲུག་པའི་ས་ཕག་སྟག་གི་ལོ་ལ་མཁས་དབང་ཁོང་སླར་ཡང་པཎྜི་ཏ་ར་ཧུ་ལ་དང་རྒྱ་གར་རི་མོ་མཁས་ཅན་ཝར་ཁི་ཤི་ནར་སོགས་ཀྱི་མཉམ་དུ་བོད་ས་སྐྱའི་ཕྱོགས་སུ་ཕེབས་ཤིང་། རྒྱ་དཔེ་མང་པོ་ཞིག་རྩད་གཅོད་གནང་ཞིང་ཞིབ་བསྡོམས་རྣམས་བརྩམས་ཆོས་དེར་ཁོད་ཡོད། གཟིགས་སྐོར་གནང་རྗེས་ཡུལ་དབུས་སུ་མ་བྱོན་པར་རྒྱ་གར་དུ་ལོག་ཕེབས་པ་ཡིན། ཕྱིས་སུ་ཁྲི་འཆར་རིན་པོ་ཆེ་དང་བཀའ་ལོན་ཁ་ཤོད་པ་རྣམ་གཉིས་ཀྱིས་བོད་ལ་ཚུར་ཕེབས་དགོས་པའི་འཕྲིན་ཡིག་ནན་པོ་གནང་བ་སོགས་ཀྱི་རྒྱུ་རྐྱེན་མང་པོས་རྒྱ་གར་གཞུང་ནས་ཕུལ་གནང་བའི་ལས་འགན་ཁག་ཀྱང་མཚམས་འཇོག་གནང་ནས་ཕྱིར་བོད་དུ་ལོག་ཕེབས་པ་ཡིན།

岭子藏文网站
ང་ཚོ་མཉམ་དུ་འཛོམས་པ་ནི། ལས་དབང་ཞིག་ཅི་ལ་མིན་ཨང་།
 最新文章