ནང་པའི་གྲྭ་པ་འདི་ལ་ང་ཚོས་སློབ་སྦྱོང་བྱ་འོས། སྡེ་དགེའི་ཟླ་ཡག

文化   2024-12-19 19:36   四川  
ནང་ཆོས་ཀྱི་གཏམ་རྒྱུད་ཐུང་ངུ་ཞིག


ཡིག་སྒྱུར་བ། སྡེ་དགེའི་ཟླ་ཡག


   ནང་ཆོས་ལ་མི་ཕྱེད་པའི་དད་པ་ཡོད་པའི་གྲྭ་བ་ཞིག་ཡོད། ཁོང་གིས་སེམས་ཅན་ལ་འཚེ་བའི་ལས་མི་བགྱི་ཞིང་། རྒྱུན་པར་བསོད་སྙོམས་བྱོན་པ་ལས་གཞན་ཅི་ཡང་མེད་པའི་གྲྭ་བ་གྲྭ་རྐྱང་ཞིག་ཡིན། ཐེངས་ཤིག་ཉིན་གསུམ་ཙམ་ལ་བསོད་སྙོམས་མ་བྱོན་ནས་ཉིན་ཞིག་བསོད་སྙོམས་སློང་དུ་ཁྱིམ་ཚང་ཞིག་ཏུ་སོང་།  དེ་ཚང་གི་ཁྱིམ་བདག་བུད་མེད་དེས་མཐོང་བས་ཤ་ཚ་སྟེ་ཁོང་ལ་བཟའ་བཅའ་ཕུན་སུམ་ཚོགས་པས་སྣེ་ལེན་འཕེར་པོ་བྱས།


   དེ་ཚང་གི་ཁྱིམ་བདག་སྐྱེས་པ་དེ་རིན་པོ་ཆེའི་ཚོང་ཁང་ནས་ཕྱིར་ཁྱིམ་དུ་ཐོན་ཏེ་རིན་པོ་ཆེ་རྩ་ཆེན་ཞིག་མདུན་ཅོག་སྟེང་དུ་བཞག་ནས་གྱོན་པ་བརྗེས། སྐབས་དེར་ནེ་ཙོ་ཞིག་ཁྱིམ་དུ་འཕུར་ནས་རིན་པོ་ཆེ་དེ་ཁ་གང་བྱས་ཏེ་ཁོག་ཏུ་མྱིད། ཁྱིམ་བདག་སྐྱེས་པ་དེས་གྱོན་པ་བརྗེས་རྗེས་རིན་པོ་ཆེ་མེད་པར་མཐོང་བས་དེ་མ་ཐག་གྲྭ་བ་ལ་རིན་པོ་ཆེ་ཨེ་རིག་དྲིས། གྲྭ་བས་མ་མཐོང་བའི་ཚུལ་ལན་ཕུལ།


   ཁྱིམ་བདག་དེས་མི་གཅིག་ཀྱང་འདིར་མ་ཡོང་ན་རྐུན་མ་དེ་ཁྱོད་ཡིན་ངེས། ཁྱོད་ཀྱིས་ཅིའི་ཕྱིར་ན་བཟང་ལན་ངན་འཇལ་བྱེད་དགོས་སམ། ངེད་ཚང་གིས་ཁྱེད་ལ་བསོད་སྙོམས་ཕུལ་ཡང་ད་དུང་ང་ཚོའི་དངོས་པོ་རྐུ་ནས་ཞེས་གཤེ་གཤེ་ཚད་མེད་བཏང་མཐར། གྲྭ་བས་རྐུས་མེད་པའི་གནས་ཚུལ་ཇི་ལྟར་བཤད་ཀྱང་སྐྱེས་པ་དེ་ཁྲོས་ནས་ཤིང་དབྱུག་ཅིག་ཁྱེར་ཡོང་སྟེ་གང་སར་གཅར་རྡུང་དྲག་པོ་བྱས་པས་གྲྭ་བ་ས་རུ་འགྱེལ་ནས་ཁྲག་མང་བོ་བཞུར།


   སྐབས་དེར་ནེ་ཚོ་དེས་ཁྲག་བཞུར་བ་མཐོང་བས་དེ་འཐུང་འདོད་ཀྱི་འདུན་པ་ཁྱེར་ནས་ཕྱིར་ཁྱིམ་དུ་འཕུར་ཡོང་། ཁྱིམ་བདག་གིས་དབྱུག་པས་གྲྭ་བར་རྒྱག་སྐབས་དང་ཁེལ་ནས་ནེ་ཙོ་ལ་དབྱུག་པ་ཕོག་སྟེ་ནེ་ཙོ་དེ་མ་ཐག་ཚེ་ལས་འདས། སྐབས་དེར་གྲྭ་བ་དེས་ཁྱིམ་བདག་ལགས་ཁྱེད་ཀྱི་རིན་པོ་ཆེ་དེ་ནེ་ཙོ་འདིས་ཁོག་པར་མྱིད་བཞག་ཅེས་གསལ་བཤད་བགྱིས།


   ཁྱིམ་བདག་གིས་ནེ་ཙོའི་ལྟོ་བ་བཤས་པས་རིན་པོ་ཆེ་ཡོད་པ་རྙེད་པས་ཕྱིར་བཏོན། དེ་ནས་ཁྱིམ་བདག་ན་རེ་ཁྱེད་ཀྱིས་རིན་པོ་ཆེ་ནེ་ཙོས་མྱིད་ཡོད་པར་གསལ་བོར་ཤེས་བཞིན་དུ་ཅིའི་ཕྱིར་སྔ་ཚེ་ནས་མ་བཤད་པ་ཡིན་ནམ། ཁྱོད་ཀྱིས་ཀྱང་དེ་ལྟར་སྡུག་བསྔལ་མྱོང་དགོས་དོན་མེད་ཅེས་བཤད།


   གྲྭ་བས་ངའི་སྟོན་པ་ནི་བྱམས་དང་སྙིང་རྗེའི་བདག་ཉིད་ཅིག་ཡིན་པས་སྲོག་གཅོད་པའི་གནང་བ་བྱིན་མེད། མ་གཞི་ངས་ཁྱོད་ལ་བཤད་འདོད་ཡོད་ཀྱང་ནེ་ཙོའི་ཁོག་པ་གཤགས་རྒྱུ་རེད་འདོད་ནས་བཤད་པའི་འདུན་པ་ཡོད་མ་སོང་། ཡིན་ཡང་ད་ལྟ་གང་ལྟར་ནེ་ཙོ་ཤི་ཚར་བས་བཤད་ཀྱང་གནོད་པ་མི་འདུག་ཅེས་བཤད་པས་ཁྱིམ་བདག་ཤིན་ཏུ་ནས་རབ་ཏུ་འགྱོད། ཞི་དུལ་བག་ལྷོད་ཀྱིས་ཕྱུག་པའི་གྲྭ་བ་དེས་ད་དུང་ཐུགས་ཁྲོ་བའི་རྣམ་འགྱུར་སྤུ་ཙམ་ཡང་མ་མཛད་དོ།།


   ང་ཚོ་ཆོས་ལུགས་པ་རྣམས་ཀྱིས་རང་གི་ཆོས་ལུགས་ལ་བློ་བརྟན་འགྱུར་མེད་ཀྱིས་དད་པ་དགོས་ཤིང་བཟོད་པ་དང་བཟོད་སེམས་ལ་སློབ་སྦྱོང་བྱ་དགོས། རྟག་ཏུ་གཞན་གྱིས་གང་སྒྲུབ་པ་དེ་འགྲིག་པ་དང་རང་གིས་གང་བྱས་པ་དེ་ནོར་བའི་འདུ་ཤེས་ཡག་པོ་ཞིག་ཆགས་ན། རང་ལ་དགྲ་བོ་དང་གནོད་ས་མེད་པར་ཆགས་ནས་རྟག་ཏུ་ལས་གནས་དང་འཚོ་བ་གང་ཡིན་རུང་གེགས་མེད་ལྷུན་གྲུབ་ཏུ་འབྱུང་ངེས་སོ།།


岭子藏文网站
ང་ཚོ་མཉམ་དུ་འཛོམས་པ་ནི། ལས་དབང་ཞིག་ཅི་ལ་མིན་ཨང་།
 最新文章