རྩོམ་གསར། བོད་ཀྱི་སྐད་ཡིག་དང་བོད་མིའི་བར་ཐག་གླེང་བ། ཨ་ལོང་།

文化   2024-11-24 17:48   四川  
བོད་ཀྱི་སྐད་ཡིག་དང་བོད་མིའི་བར་ཐག་གླེང་བ།

གཅིག

རང་རེའི་མཁས་པ་མང་པོས་ནང་བསྟན་རིག་གཞུང་གཞན་སྐད་དུ་བསྒྱུར་བ་ནི། བོད་སྐད་ཡིག་ལ་རྨོངས་པའི་ཆོས་དད་ཅན་ཚོ། རྨོངས་པའི་གཉིད་ལས་སད་པའི་རྒྱུར་སོང་ཡོད་ན། དེར་དགེ་མཚན་དམིགས་བསལ་ཡོད་པར་མ་ཟད།  འགྲོ་བ་རྣམས་ལ་བླང་དོར་གྱི་མིག་བྱིན་པ་དང་སྒོ་ཀུན་ནས་མཚུངས་པས། དགོས་པ་ཡང་ཆེན་པོར་མཐོང་གིན་ཡོད།  གཞན་ཡང་དཔལ་ན་ལེནྡྲ་ནས་མཆེད་པའི་རིགས་པའི་རྒྱབ་རྟེན་ཡོད་པའི་སངས་རྒྱས་ཆོས་ལུགས་འདི། ཇི་སྲིད་བསྐལ་པའི་བར་དུ་གནས་པའང་ཕན་ཐོགས་ཆེས་ཆེར་ཡོད་པ་ནི་གདོན་མི་ཟ་བ་ཞིག་ཡིན།

གཉིས། 
   
འོན་ཀྱང་མི་རིགས་ཤིག་གི་སྲོག་རྩ་དེ་སྐད་དང་ཡི་གེ་ཉིད་ལ་ཐུག་ཡོད་པས། རང་རེའི་སྐད་ཡིག་ནང་དུ་ཡོད་པའི་སྲོལ་རྒྱུན་གྱི་རིག་གནས་དང་། ཁྱད་པར་འཛམ་གླིང་ན་ངོམ་ཆོག་པའི་ལོ་ངོ་བརྒྱ་ཕྲག་སྔོན་དུ་བསྲེས་སྐོམ་ལྟོགས་གསུམ་གྱིས་མནར་བའི་ལོ་ཙྭ་བ་བཀའ་དྲིན་ཅན་ཚོས་བཞག་པའི་སྙིང་ནོར་འདི། ལ་ལས་དཔལ་འབྱོར་ཆེད་དུ་བསྒྱུར་བ་དང་། ལ་ལས་ཐོབ་ཐང་ཆེད་དུ་བསྒྱུར་བ་དང་། ལ་ལས་སྙན་གྲགས་ཆེད་དུ་བསྒྱུར་བ་སོགས་ནི་སྐྱོན་འབའ་ཞིག་ནས་ཅི་ཡང་མེད་ཀྱང་། ཕན་སེམས་ཀྱིས་བསྒྱུར་ནའང་སྐད་ཡིག་རང་ཐད་ནས་ཡར་རྒྱས་འགྲོ་བར་འགོག་རྐྱེན་བཟོ་སྟངས་གཞན་ཞིག་ཡིན་པས་ཀུན་གྱིས་གསལ་བོར་གོ་དགོས།  

གསུམ། 
   
དེང་རབས་ཚན་རྩལ་ཤེས་བྱ་དང་ཚོང་ལས་ཐད་ཀྱི་བྱ་བ་མང་པོ་ཞིག་ལ། རང་རེའི་སྐད་ཡིག་བཀོལ་སྤྱོད་མེད་ན།  ང་ཚོ་དང་སྐད་ཡིག་གཉིས་ཀྱི་བར་ཐག་ཆེས་ཐག་རིང་དུ་འགྲོ་བ་ནི་ཆོས་ཉིད་ཅིག་ཆགས་ཡོད། མ་ཟད་སྐད་ཡིག་གང་འདོད་དུ་བཀོལ་དུ་མི་རུང་སྙམ་པའི་རྨོངས་དད་དེས་ཀྱང་ང་ཚོའི་སྐད་ཡིག་ལ་འགོག་རྐྱེན་བཟོ་བཞིན་ཡོད་པར་ཅིས་ཀྱང་ངེས་དགོས།

བཞི།
  
ཉེ་ཆར་བོད་ཀྱི་སྤྱི་ཚོགས་ཁྲོད་དུ་སྦྲགས་སྐད་ཤོད་མཁན་ཇེ་མང་དུ་འགྲོ་བཞིན་འདུག། དེའི་གནད་ཅིག་ནི་མཁས་པ་ཚོའི་ངག་ནས་སྦྲགས་སྐད་ཡོང་རྒྱུ་མང་དྲགས་པ་མ་ཟད་མཁས་པ་སྐོར་ཞིག་གིས་དཔེར་ན། འཕྲིན་ཕྲན་ལ་སྐད་ཕྲན། འདར་དབྱངས་ལ་འཁྱུག་དབྱངས། ཁྱེའུ་འཕྲིན་ལ་བྱ་རྐང་ཐང་། ཚད་གཉིས་ཨང་ལ་བཤེར་རིས། ལྡུམ་སྒོང་ལ་ཀྲོ་མ་ཀྲུག་ཟེར་བ་སོགས་མང་པོ་འདུག དེ་ཚོས་འདི་ལྟར་མ་དག་རྒྱུན་འབྱམས་ཐ་སྙད་བཀོལ་བ་འདིས། ཕྱི་རབས་གཞོན་སྐྱེས་རྣམས་ལ་མིག་དཔེ་ངན་པ་ཞིག་བཞག་པ་ཡིན་ནོ།།


———      ཕྱི་ལོ། ༢༠༢༤ ལོའི་ཟླ་༡༡ པའི་༢༣ ཉིན་སྨར་ཁམས་པ་ཨ་ལོང་གིས་རང་ཤག་ཏུ་བྲིས།

岭子藏文网站
ང་ཚོ་མཉམ་དུ་འཛོམས་པ་ནི། ལས་དབང་ཞིག་ཅི་ལ་མིན་ཨང་།
 最新文章