ཁོ་བོས་ཚངས་སྤྱོད་ཉེར་གནས་ཀྱི་སྡོམ་པ་དགེ་སློང་ཕ་ཚོགས་རྐྱང་བས་སྟེར་ཆོག་པའི་སྒྲུབ་བྱེད་དུ། མདོ་རྩ་བ་དང་རྒྱ་ཆེར་འགྲེལ་བར་མཚམས་ཀྱི་ཕྱི་རོལ་ན་ཡོད་པའི་དགེ་སློབ་མ་ལ་ཚངས་སྤྱོད་ཉེར་གནས་ཀྱི་སྡོམ་པ་སྦྱིན་པའི་དོན་དུ་དགེ་སློང་དབྱར་གནས་གནས་པས་དབྱར་བྱིན་གྱིས་བརླབས་ཏེ་འགྲོ་བར་གསུངས་པའི་ལུང་དྲངས་པ་ལ།
ཁ་ཅིག་གིས། ཁྱེད་ལྟར་ན་སློབ་དཔོན་ཡོན་ཏན་འོད་དང་རྒྱ་ཆེར་འགྲེལ་གཉིས་ཀ་ལ་ནང་འགལ་ཡོད་པར་འགྱུར་ཏེ་དེ་ཡང་སློབ་དཔོན་ཡོན་ཏན་འོད་ཀྱིས་མཛད་པའི་འདུལ་བ་མདོ་རྩ་བ་ལས། ཚངས་པར་སྤྱོད་པ་ལ་ཉེ་བར་གནས་པའི་སྡོམ་པ་མ་ཐོབ་པར་བསྙེན་པར་རྫོགས་པར་མི་འགྱུར་རོ། །ཞེས་སོགས་གསུངས་པ་དང་། ཡང་སློབ་དཔོན་ཡོན་ཏན་འོད་ཀྱིས་མཛད་པའི་རང་གི་རྣམ་བཤད་ལས། དགེ་སློང་མའི་དགེ་འདུན་འབའ་ཞིག་གི་དབུས་སུ་ཚངས་པར་སྤྱོད་པ་ལ་ཉེ་བར་གནས་པ་སྡོམ་པའི་ཡན་ལག་ཏུ་གྱུར་པ་ནི་གཉིས་པའོ། །གཉིས་ཀའི་མདུན་གྱི་དབུས་སུ་བསྙེན་པར་རྫོགས་པར་གསོལ་བ་ལ་བསྙེན་པར་རྫོགས་པའི་ཡན་ལག་ཏུ་གྱུར་པ་ནི་གསུམ་པའོ། །ཞེས་སོགས་བུད་མེད་བསྙེན་པར་རྫོགས་པ་ལ་ཚངས་སྤྱོད་ཉེར་གནས་ཀྱི་སྡོམ་པ་མ་ཐོབ་པར་བསྙེན་རྫོགས་ཀྱི་སྡོམ་པ་མི་སྐྱེ་བར་གསུངས་པ་དང་།
ཚངས་སྤྱོད་ཉེར་གནས་དེ་ཡང་དགེ་སློང་མའི་དགེ་འདུན་འབའ་གིས་སྦྱིན་དགོས་པར་གསུངས་པས་ཁྱེད་ལྟར་ན་དགེ་སློང་མའི་དགེ་འདུན་འབའ་ཞིག་གི་དབུས་སུ་ཚངས་སྤྱོད་ཉེར་གནས་ཀྱི་སྡོམ་པ་སྦྱིན་དགོས་པར་གསུངས་པ་འདི་མི་འཐད་པར་ཐལ། དགེ་སློང་ཕའི་དགེ་འདུན་འབའ་ཞིག་གི་དབུས་སུ་ཡང་ཚངས་སྤྱོད་ཉེར་གནས་ཀྱི་སྡོམ་པ་སྦྱིན་ཆོག་པ་ཡོད་པའི་ཕྱིར། དེས་ན་ཁྱོད་ཀྱིས་གོང་གི་གཞུང་འདི་དག་མ་མཐོང་བའམ་ཡང་ན་རང་གིས་མཐོང་ན་ཡང་རང་ཉིད་ཀྱི་དམ་བཅའ་ལ་གནོད་ཀྱིས་དོགས་ནས་མ་མཐོང་བའི་ཟོལ་མཛད་དེ་བཞུགས་པ་གང་རུང་ལས་མ་འདས་སོ། ། ཞེས་སྨྲས་སོ། །
དེ་ལ་ཚིག་གི་བཤད་ཡམས་སྤང་ནས་ལུང་རིགས་ཀྱི་ལན་རྣལ་མ་གདབ་པར་བྱ་སྟེ། འདུལ་བ་མདོ་རྩ་བ་ལས། ཚངས་པར་སྤྱོད་པ་ལ་ཉེ་བར་གནས་པའི་སྡོམ་པ་མ་ཐོབ་པར་བསྙེན་པར་རྫོགས་པར་མི་འགྱུར་རོ། །ཞེས་པའི་དོན་ནི། ཚངས་སྤྱོད་ཉེར་གནས་ཀྱི་སྡོམ་པ་མ་ཐོབ་པར་ཉེས་མེད་ཕུན་ཚོགས་སུ་བསྙེན་པར་རྫོགས་པར་མི་འགྱུར་བའི་དོན་དུ་སྔ་ཕྱིའི་འདུལ་འཛིན་དུ་མས་ལུང་རིགས་ཀྱི་སྒྲུབ་བྱེད་དང་བཅས་པའི་སྒོ་ནས་འདི་ལྟར་བཤད་དེ། དུས་རབས་བཅུ་གཅིག་པའི་ནང་བྱོན་པ་སྔ་རབས་པའི་འདུལ་བ་འཛིན་པ་ཡོངས་ཀྱི་ཁྱུ་མཆོག་བྱ་འདུལ་འཛིན་བརྩོན་འགྲུས་འབར་གྱི་ཊཱི་ཀ་འཐད་ལྡན་ལས། རྒྱུད་སྣོད་དུ་རུང་བའི་ཁྱད་པར་བསྟན་པ་ནི་(མདོ་རྩ་བར)ཚངས་པར་སྤྱོད་པ་ཞེས་བྱ་བའོ།། འདི་ལ་ཁ་ཅིག་བསྙེན་པར་རྫོགས་པའི་སྡོམ་པ་སྐྱེ་བའི་སྐལ་བ་ཅན་དུ་ངེས་པའི་ཕྱིར་མེེད་ན་མི་སྐྱེའོ།། སྐྱེས་པའི་ཆོ་གས་བུད་མེད་བསྙེན་པར་རྫོགས་པར་བསྟན་པ་ནི་སྐྱེས་པའི་ཆོ་གས་བྱེད་པས་ན་ཆོ་ག་ཆད་པ་མེད་ལ། བུད་མེད་ཀྱི་ཆོ་གས་བྱེད་པ་ནི་དེ་མེད་ན་ཆོ་ག་མ་ཚང་པས་སོ་ཞེའོ།།འདི་མི་འཐད་དེ། ཆོ་ག་འདི་མ་བྱས་ན་མི་སྐྱེ་བ་ཡིན་ན་སྐྱེས་པའི་ཆོ་ག་བྱས་ནའང་མི་སྐྱེ་བར་འགྱུར་ཏེ། མེད་ན་མི་འབྱུང་བའི་རྒྱུར་མཚུངས་པའི་ཕྱིར་རོ།།ཡང་ཁ་ཅིག་དངོས་གཞིའི་ཆོ་ག་ཁོ་ནའི་དབང་དུ་བྱས་པ་ཡིན་ནོ་ཞེ་ན། འདི་ཡང་མ་ཡིན་ཏེ། དངོས་གཞིའི་ཆོ་ག་ཐ་དད་པ་ཡང་མྱེད་པའི་ཕྱིར་དང་།བུད་མྱེད་ལ་སྐྱེས་པའི་མིང་དང་། སྐྱེས་པ་ལ་བུད་མྱེད་ཀྱི་མིང་བཏགས་ན་སྐྱེ་བར་གསུངས་པ་དང་ཁྱད་པར་མེད་པས་སོ།།དེས་ན་འདིར་མི་སྐྱེ་བར་གསུངས་པ་དང་། སྐྱེས་པའི་སྐལ་བ་ཅན་དུ་བྱེད་ཅེས་བཤད་པ་ནི་ཉེས་པ་མྱེད་པའི་དབང་དུ་བྱས་པ་ཡིན་པར་ཤེས་སོ།།ཞེས་དང་།
རྒྱ་འདུལ་འཛིན་དང་བྱ་འདུལ་འཛིན་གཉིས་ཀྱི་སློབ་མ་དུས་རབས་བཅུ་གཉིས་པའི་དཀྱིལ་ཙམ་དུ་བྱོན་པའི་དགེ་སློང་རིན་ཆེན་སྐྱབས་ཀྱིས་མཛད་པའི་མདོ་རྩ་བའི་འགྲེལ་བ་རིན་ཆེན་རྒྱན་འབུམ་ལས། དེ་མ་ཐོབ་པར་བསྙེན་པར་རྫོགས་པར་མི་འགྱུར་ཞེས་བསྟན་པ་ལ། ཁ་ཅིག་ན་རེ། མེད་ན་མི་སྐྱེ་བ་ཡིན་ཏེ།བསྙེན་པར་རྫོགས་པའི་སྡོམ་པ་སྐྱེ་བའི་སྐལ་བ་ཅན་དུ་བྱེད་ཅེས་ཊཱི་ཀས་བཤད་པའི་ཕྱིར་དང་། ཆོ་ག་འདི་རྒྱུད་དག་པར་བྱེད་པ་ཡིན་པའི་ཕྱིར་རོ། །འོ་ན་སྐྱེས་པའི་ཆོ་གས་བུད་མེད་བསྙེན་པར་རྫོགས་པ་ལའང་འགལ་བ་མྱེད་དེ། སྐྱེས་པའི་ཆོ་གས་བུད་མེད་བསྙེན་པར་རྫོགས་པར་བྱེད་པ་ན་ཆོ་ག་ཆད་པ་མྱེད་ལ། བུད་མྱེད་རང་གི་ཆོ་ག་དེ་མ་ཚང་ན་ཆོ་ག་ཆད་པའི་ཕྱིར་རོ་ཞེས་ཟེར་རོ། །འདི་ནི་མི་འཐད་དེ། སྐལ་བ་ཅན་དུ་བྱེད་པ་ནི་ཕུན་སུམ་ཚོགས་པའི་དབང་དུ་བྱེད་པ་ཡིན་ལ། སྤྱིར་ཆོ་ག་འདི་ཆད་པས་མི་སྐྱེ་ན་སྐྱེས་པའི་ཆོ་གའི་ཚེ་ནའང་མི་སྐྱེ་བར་འགྱུར་ཏེ། མེད་ན་མི་འབྱུང་བའི་རྒྱུ་མཚུངས་པའི་ཕྱིར་རོ། །དེས་ན་མེད་ཀྱང་སྐྱེ་བ་ཡིན་ཏེ། སྐྱེས་པ་ལ་བུད་མྱེད་ཀྱི་མིང་གིས་བཏགས་པ་དང་།བུད་མྱེད་ལ་སྐྱེས་པའི་མིང་གིས་བཏགས་པ་ན་སྐྱེ་བ་དང་། སྐྱེས་པའི་ཆོ་གས་བུད་མྱེད་བསྙེན་པར་རྫོགས་པར་བྱས་ན་སྐྱེ་བའི་ཕྱིར་དང་། ལུང་ཕྲན་ཚེགས་ཕྱིས་འགྱུར་ལས། ཚངས་སྤྱོད་ལ་ཉེར་གནས་མ་ཐོབ་ན་ནི་བསྙེན་པར་རྫོགས་པར་མི་བྱ་ཞེས་གསུངས་ཀྱི། མི་འགྱུར་ཞེས་མ་བཤད་པ་དང་། ཕྲན་ཚེགས་སྔ་མ་ཉུང་ཤོས་ལས་འདི་མ་བཤད་པར་འདུག་པས་མྱེད་ཀྱང་སྐྱེ་བ་ཡིན་ནོ། །ཞེས་དང་།
མཚོ་ཊཱིཀ་ཉི་མའི་འོད་ཟེར་ལེགས་བཤད་ལུང་གི་རྒྱ་མཚོ་ལས།སྐབས་འདིར་བླ་མ་རྣམས་ནི་ཚངས་སྤྱོད་ཉེར་གནས་མ་ཐོབ་པར་ཉེས་མེད་དུ་དགེ་སློང་མའི་སྡོམ་པ་མི་སྐྱེའོ་ཞེས་སོ་ཞེས་དང་། ད་ལྟར་གི་ཆོ་གའི་སྐབས་སུ་དགེ་སློང་མའི་སྡོམ་པ་ལེན་པ་དེས་ཚངས་པར་སྤྱོད་པ་ལ་ཉེ་བར་གནས་པའི་སྡོམ་པ་མ་ཐོབ་པར་ཕུན་སུམ་ཚོགས་པ་ཉེས་མེད་དུ་བསྙེན་པར་རྫོགས་པར་མི་འགྱུར་རོ། །ཞེས་དང་།
ཀརྨ་པ་མི་བསྐྱོད་རྡོ་རྗེའི་འདུལ་འགྲེལ་ལས། ཁོ་བོ་ཅག་ཚངས་སྤྱོད་ཉེར་གནས་མ་བྱས་པར་དགེ་སློང་མའི་སྡོམ་པ་མི་འཆགས་ཞེས་པ་དེ་ཉེས་མེད་ཕུན་ཚོགས་ཀྱི་དབང་དུ་བྱས་པའི་མི་འཆགས་པར་བཤད་པ་ཡིན་གྱི། སྐྱེ་ལ་ཉེས་བྱས་ཀྱི་དབང་དུ་བྱས་ནས་མི་འཆགས་པར་མ་སྨྲས་པའི་ཕྱིར་སྐྱོན་མེད་དོ། ། ཞེས་དང་། ཀུན་མཁྱེན་འཇམ་དབྱངས་བཞད་པའི་འདུལ་བའི་མཐའ་དཔྱད་ལས། ཉེས་མེད་ཕུན་ཚོགས་ལ་དགེ་བསྙེན་རབ་བྱུང་དགེ་ཚུལ་མ་དགེ་སློབ་མ་ཚངས་སྤྱོད་ཉེར་གནས་རྣམས་སྔོན་དུ་སོང་བ་དང་། ལོ་བཅུ་གཉིས་སམ་ཉི་ཤུ་ལོན་པ་དགོས་པའི་ཕྱིར་ཏེ།རྩ་བར། བུད་མེད་ལ་ནི་དགེ་སློབ་མ་ཞེས་བྱ་བའི་ཚིག་གཞན་ཡོད་དོ་ཞེས་དང་། ཚངས་པར་སྤྱོད་པ་ལ་ཉེ་བར་གནས་པའི་སྡོམ་པ་མ་ཐོབ་པར་བསྙེན་པར་རྫོགས་པར་མི་འགྱུར་རོ་ཞེས་དང་། ཞེས་སོགས་གསུངས་པའི་ཕྱིར་རོ།།
གལ་ཏེ་ཁྱེད་ཀྱིས་བཤད་པ་ལྟར་ན་སློབ་དཔོན་ཡོན་ཏན་འོད་དང་རྒྱ་ཆེར་འགྲེལ་གཉིས་ཀ་ལ་ནང་འགལ་ཡོད་པར་འགྱུར་ཏེ།རྩ་འགྲེལ་དེ་གཉིས་ཆར་ལས་དགེ་སློང་ཕའི་ཆོ་གས་དགེ་སློང་མ་བསྒྲུབ་ཆོག་པར་གསུངས་པ་གང་ཞིག ཕ་ཆོག་ལ་ཚངས་སྤྱོད་ཉེར་གནས་སྦྱིན་པའི་ཆོ་ག་མེད་པའི་ཕྱིར་རོ། །
གོང་དུ་ཁྱེད་ཀྱིས་དྲངས་པའི་རང་གི་རྣམ་བཤད་ལས་མཐའ་གཅིག་ཏུ་ཚངས་སྤྱོད་ཉེར་གནས་དེ་དགེ་སློང་མའི་དགེ་འདུན་གྱི་དབུས་སུ་བསྒྲུབ་དགོས་པར་གསུངས་པ་མ་ཡིན་ཏེ། ལུང་ཕྲན་ཚེགས་དང་ཀརྨ་ཤ་ཏཾ་སོགས་ལས་གསུངས་པ་ལྟར་དགེ་སློང་མའི་དགེ་འདུན་དང་བཅས་པས་མ་ཆོག་ལ་བརྟེན་ནས་ཚངས་སྤྱོད་ཉེར་གནས་དང་དགེ་སློང་མ་གཉིས་རིམ་གྱིས་བསྒྲུབ་པའི་དབང་དུ་བྱས་པ་ཡིན་ལ།
དེའི་ཚེ་ཚངས་སྤྱོད་ཉེར་གནས་ལ་ནི་དགེ་སློང་ཕའི་དགེ་འདུན་མི་དགོས་པར་དགེ་སློང་མའི་དགེ་འདུན་འབའ་ཞིག་གི་དབུས་སུ་སྒྲུབ་པ་དང་། བསྙེན་པར་དངོས་སུ་རྫོགས་ཚེ། མདོ་རྩ་བར།འདིར་དགེ་འདུན་གྱིས་བསྣན་པར་བྱའོ་ཞེས་གསུངས་པ་ལྟར་ཕའི་དགེ་འདུན་བསྣན་ནས་གཉིས་ཀའི་དགེ་འདུན་གྱི་དབུས་སུ་བསྙེན་པར་རྫོགས་པར་གསོལ་བ་འདེབས་པ་སོགས་ཀྱི་དོན་ཡིན་པའི་ཕྱིར་ཏེ། གཞུང་གི་སྐབས་དོན་ལ་བལྟས་པ་ཙམ་གྱིས་ཤེས་ནུས་པའི་ཕྱིར་རོ། །གལ་ཏེ་དགེ་སློང་མའི་དགེ་འདུན་མེད་ཚེ་ཀུན་མཁྱེན་མཚོ་སྣ་བ་སོགས་ཀྱི་དགོངས་པ་ལྟར་དགེ་སློང་ཕ་འབའ་ཞིག་གི་དབུས་སུ་ཚངས་སྤྱོད་ཉེར་གནས་སྦྱིན་དགོས་སོ། །
ཁོང་གིས། དགེ་སློང་ཕས་ཚངས་སྤྱོད་ཉེར་གནས་ཀྱི་སྡོམ་པ་སྦྱིན་ཆོག་པར་གསུངས་སའི་རྒྱ་འགྲེལ་གྱི་ལུང་གང་ཡང་ཁྱོད་ལ་འདྲེན་རྒྱུ་མེད་པའི་ཕྱིར་རོ། །
གལ་ཏེ་མདོ་རྩ་དང་རྒྱ་ཆེར་འགྲེལ་ལས་དགེ་སློབ་མ་ལ་ཚངས་སྤྱོད་ཉེར་གནས་ཀྱི་སྡོམ་པ་སྦྱིན་པའི་ཆེད་དུ་དབྱར་གྱིས་མཚམས་བཅད་པའི་དགེ་སློང་རྣམས་ཉིན་བདུན་གྱི་བར་དུ་བྱིན་རླབས་བྱར་ཆོག་པར་གསུངས་པས་དེས་གྲུབ་བོ་སྙམ་ན་དེ་ནི་ཁྱེད་རང་གི་འགྲེལ་ཚུལ་དང་འདོད་ཕྱོགས་ཙམ་ཏེ་གཞུང་དེ་དག་གི་དོན་ནི་དགེ་སློབ་མས་ཚངས་སྤྱོད་ཉེར་གནས་དང་དགེ་སློང་མའི་སྡོམ་པ་གཉིས་པོ་རིམ་གྱིས་ལེན་པའི་ཚེ་གཉིས་ཀའི་དགེ་འདུན་ལས་ལེན་དགོས་པས་དེའི་སྐབས་སུ་དགེ་སློང་ཕའང་ངེས་པར་དུ་ཡོད་དགོས་པས་དེའི་དབང་དུ་བྱས་ཏེ་དགེ་སློང་ཕ་དབྱར་གནས་པའི་ནང་ནས་བྱིན་གྱིས་རླབས་སུ་རུང་བར་བཤད་པ་ཡིན་པ་ལས་བྱེ་བྲག་ཚངས་སྤྱོད་ཉེར་གནས་ཀྱི་སྡོམ་པ་སྦྱིན་དགོས་པའི་ཆེད་དུ་དགེ་སློང་ཕས་བྱིན་རླབས་བྱར་དགོས་པར་གསུངས་པ་མ་ཡིན་པའི་ཕྱིར་རོ། འོ་ན་གོང་དུ་དྲངས་པའི་གཞུང་དེ་གཉིས་ཀྱི་དོན་གང་ཡིན་ཞེ་ན་གོང་ཞུས་ལྟར་གཞུང་དེ་དག་གི་དོན་ནི་དགེ་སློབ་མས་ཚངས་སྤྱོད་ཉེར་གནས་དང་བསྙེན་རྫོགས་ཀྱི་སྡོམ་པ་གཉིས་པོ་རིམ་གྱིས་བསྒྲུབ་པའི་ཚེ་དགེ་སློང་ཕ་དབྱར་གྱི་ནང་ནས་བྱིན་གྱིས་རླབས་ཆོག་པར་སྤྱིར་ཙམ་གྱིས་དབང་དུ་བྱས་ཏེ་གསུངས་པ་ཡིན་པ་ལས་བྱེ་བྲག་ཚངས་སྤྱོད་ཉེར་གནས་ལོགས་སུ་བཀར་ཏེ་དེ་སྦྱིན་པའི་ཆེད་དུ་དགེ་སློང་ཕས་བྱིན་གྱིས་རླབས་དགོས་པར་མ་གསུངས་ཏེ་གཞུང་གོང་འོག་རྣམས་ལ་ཞིབ་མོར་གཟིགས་མཛོད་དང་ཤེས་ནུས་སོ། །ཞེས་སྨྲས།
ལན། དགེ་སློང་ཕས་ཚངས་སྤྱོད་ཉེར་གནས་ཀྱི་སྡོམ་པ་སྦྱིན་ཆོག་པར་གསུངས་སའི་རྒྱ་འགྲེལ་གྱི་ལུང་གང་ཡང་ཁྱོད་ལ་འདྲེན་རྒྱུ་མེད་པའི་ཕྱིར་ཞེས་པ་མ་གྲུབ་སྟེ། མདོ་རྩ་དང་རྒྱ་ཆེར་འགྲེལ་ལས་དགེ་སློབ་མ་ལ་ཚངས་སྤྱོད་ཉེར་གནས་ཀྱི་སྡོམ་པ་སྦྱིན་པའི་ཆེད་དུ་དབྱར་གྱིས་མཚམས་བཅད་པའི་དགེ་སློང་རྣམས་ཉིན་བདུན་གྱི་བར་དུ་བྱིན་རླབས་བྱ་བར་གསུངས་པས་འགྲུབ་པའི་ཕྱིར་ཏེ། ལུང་དོན་དེ་ལྟར་ཡིན་པའི་ཕྱིར། མཚོ་ཊཱིཀ་ལས། དགེ་སློང་མ་དེ་དག་མ་རྙེད་ན་དགེ་སློང་ཕའི་དགེ་འདུན་གྱིས་ཀྱང་ཚངས་སྤྱོད་ཉེར་གནས་སྦྱིན་དུ་རུང་སྟེ།དབྱར་གྱི་གཞི་ལས་དགེ་སློབ་མའི་ཚངས་པར་སྤྱོད་པ་ལ་ཉེ་བར་གནས་པའི་སྡོམ་པ་དང་ཞེས་པ་དང་། དེའི་ཊཱི་ ཀ་ལས། ཚངས་པར་སྤྱོད་པ་ལ་ཉེ་བར་གནས་པའི་སྡོམ་པ་མནོས་པ་དེ་སྒྲུབ་པའི་དོན་དུ་ཡང་དགེ་སློང་དབྱར་གནས་པར་ཁས་བླངས་པ་མཚམས་ཀྱི་ནང་ན་འདུག་པས་ཞག་བདུན་མན་ཆད་བྱིན་གྱིས་བརླབ་བོ་ཞེས་བཤད་དོ།།ཞེས་དང་། ཕྱིས་ཀྱི་འདུལ་འཛིན་དུ་མས་ཀྱང་དེ་བཞིན་བཀྲལ་བས་སོ། །
ཁྱེད་ཀྱིས་ལུང་དེའི་དོན་དགེ་སློབ་མས་ཚངས་སྤྱོད་ཉེར་གནས་དང་བསྙེན་རྫོགས་ཀྱི་སྡོམ་པ་གཉིས་པོ་རིམ་གྱིས་བསྒྲུབ་པའི་ཚེ་དགེ་སློང་ཕ་དབྱར་གྱི་ནང་ནས་བྱིན་གྱིས་རླབས་ཆོག་པར་སྤྱིར་ཙམ་གྱིས་དབང་དུ་བྱས་ཏེ་གསུངས་པ་ཡིན་ཞེས་པ་ནི་ཁྱེད་རང་གི་རྟོག་བཟོ་འབའ་ཞིག་སྟེ། དེང་སང་ལག་སོན་བྱུང་བའི་འདུལ་གཞུང་གང་ལས་ཀྱང་དེ་ལྟར་མ་བཀྲལ་བའི་ཕྱིར་དང་། པཎ་ཆེན་ངག་ཆོས་ཀྱི་འདུལ་འགྲེལ་ལས། གསང་སྟོན་གྱི་བྱ་བ་དང་ཚངས་སྤྱོད་ཉེར་གནས་སྔོན་དུ་སོང་ནས་དགེ་སློང་ཕའི་དགེ་འདུན་ཡང་བསྣན་ནས་གཉིས་ཀའི་དགེ་འདུན་ལས་བསྙེན་པར་རྫོགས་པར་བྱ་བ་ཡིན་ཏེ། ཞེས་སོགས་གསུངས་པ་ལྟར་འདི་གཉིས་རིམ་གྱིས་བསྒྲུབ་ཚེ་ཚངས་སྤྱོད་ཉེར་གནས་དགེ་སློང་མའི་དགེ་འདུན་རྐྱང་བས་བསྒྲུབ་པར་ཁྱེད་ཀྱིས་འདོད་ན། ཚངས་སྤྱོད་ཉེར་གནས་ཞེས་སྨྲོས་པ་ལ་དགོས་པ་སྤུ་རྩེ་ཙམ་ཡང་མེད་པ་དང་། མ་ཟད་ཚིག་ལྷག་པའི་ཕྱིར་རྩོམ་པ་པོ་མི་མཁས་པའི་སྐྱོན་དུ་ཡང་འགྱུར་རོ། །
ཡང་ན་ཁྱེད་ཀྱིས། དགེ་སློབ་མས་ཚངས་སྤྱོད་ཉེར་གནས་དང་དགེ་སློང་མའི་སྡོམ་པ་གཉིས་པོ་རིམ་གྱིས་ལེན་པའི་ཚེ་གཉིས་ཀའི་དགེ་འདུན་ལས་ལེན་དགོས་པས་ཞེས་པ་ནི་རང་ཚིག་སྔ་ཕྱི་དང་འགལ་ཞིང་འདུལ་བ་ལུང་ལ་ཆ་རྒྱུས་ཅུང་ཟད་ཀྱང་མེད་པའི་ནོར་བ་རགས་པ་སྟེ། ལུང་ཕྲན་ཚེགས་དང་ཀརྨ་ཤ་ཏཾ་སོགས་ལས་དགེ་སློང་མའི་དགེ་འདུན་ཡོད་ཚེ་ཚངས་སྤྱོད་ཉེར་གནས་དགེ་སློང་མའི་དགེ་འདུན་རྐྱང་བ་ལས་ལེན་དགོས་པར་གསལ་བོར་གསུངས་པའི་ཕྱིར་རོ།།
ཁོང་གིས། ཡང་ཁྱོད་ཀྱིས་ལོ་ཆེན་དྷརྨ་ཤྲཱིས་དགེ་ཚུལ་མ་དང་དགེ་སློང་མ་གཉིས་ཀྱི་བར་ན་ཡོད་པའི་དགེ་སློབ་མའི་སྡོམ་པ་མ་བསྒྲུབས་པར་དགེ་སློང་མར་བསྒྲུབ་པ་ཡོད་པར་གསུངས་པའི་ལུང་ཞིག་དྲངས་གནང་འདུག་ཀྱང་འདིས་དགེ་སློང་མའི་སྔོན་དུ་ཚངས་སྤྱོད་ཉེར་གནས་འགྲོ་མི་དགོས་པ་ལ་ཕན་ཐོགས་གང་ཡང་མེད་དེ་དགེ་སློབ་མའི་སྡོམ་པ་བསླབ་ཚིགས་ཡིན་པས་དེ་སྔོན་དུ་མ་སོང་པར་དགེ་སློང་མར་བསྒྲུབ་ཆོག་པར་ལུང་དེས་གྲུབ་ཏུ་ཆུག་ཀྱང་ཚངས་སྤྱོད་ཉེར་གནས་ཀྱི་སྡོམ་པ་བསླབ་ཚིགས་སུ་བཤད་པ་མེད་པས་དེ་སྔོན་དུ་མ་སོང་པར་དགེ་སློང་མར་བསྒྲུབ་ཆོག་པའི་སྒྲུབ་བྱེད་ལ་ལུང་དེས་ཕན་མི་ཐོགས་པའི་ཕྱིར་རོ། །ཞེས་སྨྲས་སོ། །
ལན། དགེ་ཚུལ་མ་དང་དགེ་སློང་མ་གཉིས་ཀྱི་བར་ན་ཡོད་པའི་དགེ་སློབ་མའི་སྡོམ་པ་མ་བསྒྲུབས་པར་དགེ་སློང་མར་བསྒྲུབ་པ་ཡོད་པར་གསུངས་པའི་ལུང་ཞེས་པ་ནི་དཔག་སྙེའི་ཚིག་ཙམ་ལ་ཡང་གོ་བ་མ་ཞུགས་པ་སྟེ། སྡོམ་ཊཱིཀ་དཔག་བསམ་སྙེ་མ་ལས།དགེ་ཚུལ་མ་དང་དགེ་སློང་མའི་བར་དུ་ཐུན་མོང་མིན་པའི་བསླབ་ཚིགས་གཉིས་མེད་པར་ཕའི་དགེ་འདུན་ཙམ་ལ་བརྟེན་ནས་དགེ་སློང་མའི་སྡོམ་པ་སྐྱེ་བ་ཡོད་དམ་ཞེ་ན། སྐྱེ་ལ་ཉེས་བྱས་ཀྱི་དབང་དུ་བྱས་ན་སྐྱེ་བ་ཡོད་དེ། ཚིགས་སྔ་མ་མེད་པ་ལ་ནི་ཉེས་བྱས་ཙམ་དུ་ཟད་པའི་ཕྱིར་དང་། དགེ་སློང་དང་དགེ་སློང་མ་ཉིད་དག་གིས་ལས་གཞན་བྱེད་པས་ནི་མི་ཆགས་པ་མ་ཡིན་ནོ། །ཞེས་དགེ་ཚུལ་མ་དང་དགེ་སློང་མ་གཉིས་ཀྱི་བར་ན་ཡོད་པ་དེ་དགེ་སློབ་མའི་སྡོམ་པས་མི་ཚད་པར་ཐུན་མོང་མ་ཡིན་པའི་བསླབ་ཚིགས་གཉིས་ཞེས་གསུངས་པའི་ཕྱིར་རོ། །ལུང་འདིར་ཚངས་སྤྱོད་ཉེར་གནས་བསླབ་ཚིག་ཡིན་མིན་དོན་གཞན་ཡིན་ལ། སྐབས་དོན་ཚངས་སྤྱོད་ཉེར་གནས་མེད་པར་དགེ་སློང་མའི་སྡོམ་པ་སྐྱེ་བར་གསལ་པོར་གསུངས་སོ། །
ཁོང་གིས། ཀུན་མཁྱེན་བུ་སྟོན་གྱི་དགོངས་པ་ནི་ཁྱོད་ཀྱིས་མ་ལོན་པའམ་ཕྱིན་ཅི་ལོག་ཏུ་འགྲེལ་འདུག་པའི་ཕྱིར་ཏེ་བུ་སྟོན་རིན་པོ་ཆེ་ནི་དགེ་སློང་མའི་སྡོམ་པ་སྐྱེ་བ་ལ་དེའི་སྔ་རོལ་དུ་ཚངས་སྤྱོད་ཉེར་གནས་ཀྱི་སྡོམ་པ་ངེས་པར་དུ་སྔོན་དུ་འགྲོ་དགོས་པར་འདོད་པའི་ལུགས་ཡིན་པའི་ཕྱིར། འོ་ན་ཀུན་མཁྱེན་བུ་སྟོན་གྱིས་ཇི་ལྟར་གསུངས་སོ་སྙམ་ན། ཀུན་མཁྱེན་བུ་སྟོན་གྱིས་མཛད་པའི་འདུལ་བ་རྒྱ་མཚོའི་སྙིང་པོ་ལས།ཚངས་པ་མྱ་ངན་ལས་འདས་པ་དེའི་འོག་ཏུ་སྤྱོད་པ་ནི། བསྙེན་རྫོགས་སོ། །དེ་ལ་ཉེ་བར་གནས་པ་ནི། དེ་བསྐྱེད་པའི་སྟེ། ལུས་ལ་བསྙེན་རྫོགས་སྐྱེ་བའི་སྐལ་བ་ཅན་དུ་འགྱུར་བར་ངེས་པའི་སྡོམ་པ་མ་ཐོབ་པར་བུད་མེེད་ཀྱི་ཆོ་གས་བསྙེན་པར་རྫོགས་པར་བྱས་ཀྱང་བསྙེན་པར་རྫོགས་པར་མི་འགྱུར་ཏེ། དེའི་ལས་ཀྱི་ཆོ་ག་ལས་འདས་པའི་ཕྱིར་རོ། །རྨ་ཚོ་མེད་ཀྱང་སྐྱེ་སྟེ། སྐྱེས་པའི་ཆོ་གས་བསྙེན་པར་རྫོགས་ན་སྐྱེ་བར་བཤད་པའི་ཕྱིར། ཞེས་ཟེར་ཏེ།སྐྱེས་པའི་ཆོ་གས་བྱེད་པ་ན་མ་བྱས་ཀྱང་ཆོ་ག་ཆད་པ་མེད་པའི་ཕྱིར་རོ། །འདིར་ཆོ་ག་ཁྱད་པར་ཅན་ཆད་པའི་ཕྱིར་རོ། །འདིའི་འགྲེལ་པ་ཐམས་ཅད་ལས། འདི་མེད་ན་བསྙེན་པར་རྫོགས་པར་མི་འགྱུར་བར་བཤད་ཅིང་། མེད་ཀྱང་སྐྱེ་བར་བཤད་པའི་ལུང་མེད་པའི་ཕྱིར་རོ། །དེ་ནི་བསྙེན་རྫོགས་ཀྱི་ཆེད་དུ་གསང་སྟེ་སོགས་ཏེ། དགེ་སློང་མའི་དགེ་འདུན་གྱིས་གསོལ་གཉིས་ཀྱི་ལས་ཀྱིས་སྦྱིན་ནོ། །ཞེས་སོགས་གསུངས་པས་ཚངས་སྤྱོད་ཉེར་གནས་ཀྱི་སྡོམ་པ་མ་སྦྱིན་པར་དགེ་སློང་མའི་སྡོམ་པ་སྦྱིན་དུ་རུང་བར་ལུང་གང་ལས་ཀྱང་བཤད་དུ་མེད་པར་དངོས་སུ་གསུངས་འདུག་པའི་ཕྱིར་དང་། སྔ་རབས་པ་རྨ་ཚོ་སོགས་ཀྱིས་ཚངས་སྤྱོད་ཉེར་གནས་སྔོན་དུ་མ་སོང་པར་དགེ་སློང་མའི་སྡོམ་པ་སྐྱེ་བ་ཡོད་པར་གསུངས་པ་ལ་དངོས་སུ་དགག་པ་མཛད་འདུག་པའི་ཕྱིར་རོ། །ཞེས་སྨྲས་སོ། །
ལན། བུ་སྟོན་རིན་པོ་ཆེ་ནི་དགེ་སློང་མའི་སྡོམ་པ་སྐྱེ་བ་ལ་དེའི་སྔ་རོལ་དུ་ཚངས་སྤྱོད་ཉེར་གནས་ཀྱི་སྡོམ་པ་ངེས་པར་དུ་སྔོན་དུ་འགྲོ་དགོས་པར་འདོད་པའི་ལུགས་ཡིན་པའི་ཕྱིར་ཞེས་པ་མ་གྲུབ་སྟེ།ཁྱེད་རང་ཉིད་ཀྱིས་དྲངས་པའི་བུ་འགྲེལ་ལས། སྐྱེས་པའི་ཆོ་གས་བྱེད་པ་ན་མ་བྱས་ཀྱང་ཆོ་ག་ཆད་པ་མེད་པའི་ཕྱིར་རོ། །ཞེས་གསུངས་པའི་ཕྱིར། བུ་ཊཱིཀ་དེར། ཚངས་སྤྱོད་ཉེར་གནས་མེད་ཀྱང་སྐྱེ་བར་བཤད་པའི་ལུང་མེད་པའི་ཕྱིར་རོ། ། ཞེས་པ་ནི་མའི་ཆོ་གའི་དབང་དུ་བྱས་པ་སྟེ། ཕའི་ཆོ་གས་བསྒྲུབ་ཚེ་ཆོ་ག་ཆད་པ་མེད་པའི་ཕྱིར་རོ་ཞེས་དྲངས་མ་ཐག་པ་དེའི་ཕྱིར། བུད་མེད་ཀྱི་ཆོ་གས་བསྙེན་པར་རྫོགས་ཚེ་ཚངས་སྤྱོད་ཉེར་གནས་སྔོན་དུ་མ་སོང་ན་དགེ་སློང་མའི་སྡོམ་པ་མི་སྐྱེ་བར་བུ་སྟོན་གྱིས་བཤད་ཀྱང་། དགེ་སློང་ཕ་ཚོགས་ཀྱིས་མའི་ཆོ་ག་ལ་བརྟེན་ནས་བསྙེན་པར་རྫོགས་སྐབས་ཚངས་སྤྱོད་ཉེར་གནས་ཀྱང་དགེ་སློང་ཕས་སྦྱིན་ཆོག་པའི་ཕྱིར་རོ།།
ཁོང་གིས། འོ་ན་ཁྱོད་ལ་དགེ་སློང་མའི་སྡོམ་པའི་སྔོན་དུ་ཚངས་སྤྱོད་ཉེར་གནས་ངེས་པར་དུ་འགྲོ་དགོས་པ་དང་ཚངས་སྤྱོད་ཉེར་གནས་མ་སོང་པར་དགེ་སློང་མའི་སྡོམ་པ་སྐྱེ་བ་མེད་པའི་ཤེས་བྱེད་གང་ཡོད་ཅེ་ན། ཁོ་བོས་ནི་ཤེས་བྱེད་འདི་ལྟར་དྲངས་ཏེ་ལེགས་པར་གསན་མཛོད། དེ་ཡང་དགེ་སློང་མའི་ལུང་རྣམ་འབྱེད་ལས། དེ་ལྟར་དགེ་སློང་མའི་དགེ་འདུན་གྱིས་སུ་ཡང་རུང་བ་འགའ་ཞིག་ལ་ཚངས་པར་སྤྱད་པ་ཉེ་བར་གནས་པའི་སྡོམ་པ་ཕོག་ན་དགེ་སློང་མ་དེས་ཅི་བདེར་བསྙེན་པར་རྫོགས་པར་བྱ་སྟེ།འདི་ལ་འགྱོད་པར་མི་བྱའོ། །ཞེས་སོགས་གསུངས་པས་ཚངས་སྤྱོད་ཉེར་གནས་ཀྱི་སྡོམ་པ་ཕོག་པའི་འོག་ཏུ་དགེ་སློང་མ་དེས་ཅི་བདེར་བསྙེན་པར་རྫོགས་སུ་རུང་བར་གསུངས་པ་ལས་ཚངས་སྤྱོད་ཉེར་གནས་ཀྱི་སྡོམ་པ་མ་ཕོག་པར་ཅི་བདེར་བསྙེན་པར་རྫོགས་སུ་རུང་བ་མ་གསུངས་པའི་ཕྱིར། ཞེས་སོ།
ལན། མ་ཁྱབ་སྟེ། དེ་ནི་དགེ་སློང་མའི་དགེ་འདུན་ཡོད་པའི་སྐབས་ཀྱི་ཆོ་གའི་གོ་རིམ་གྱི་དབང་དུ་བྱས་ནས་གསུངས་པ་ཡིན་པའི་ཕྱིར་རོ། །འདུལ་བ་མདོ་རྩ་བ་ལས། ཚངས་པར་སྤྱོད་པ་ལ་ཉེ་བར་གནས་པའི་སྡོམ་པ་མ་ཐོབ་པར་བསྙེན་པར་རྫོགས་པར་མི་འགྱུར་རོ། །ཞེས་སོགས་ཀྱི་ལུང་དྲངས་འདུག་ཀྱང་ལུང་དོན་གོང་དུ་སྨྲོས་ཟིན་ནོ།།
སློབ་དཔོན་ཡོན་ཏན་འོད་ཀྱིས་མཛད་པའི་འདུལ་བ་མདོའི་འགྲེལ་ཆུང་ལས། ཚངས་པར་སྤྱོད་པའི་གནས་སྡོམ་པ་སྦྱིན་ཚངས་པར་སྤྱོད་པའི་ཆོ་ག་འདི་མ་བྱས་པར་བསྙེན་པར་རྫོགས་པར་བྱས་ཀྱང་ཁྲིམས་མི་འཆགས། སྔར་གསང་སྟེ་སྟོན་པའི་འོག་ཏུ་སྦྱིན། ཚངས་པར་སྤྱད་པའི་གནས་སྡོམ་པ་སྔར་གསང་སྟེ་སྟོན་པས་བར་ཆད་དྲིས་ལ་སྦྱིན་ཞིང་དབོག །དགེ་འདུན་གྱིས་སོ། །ཚངས་པར་སྤྱོད་པའི་གནས་སུ་སྡོམ་པའི་ཆོ་ག་སྦྱིན་པ་ནི་དགེ་སློང་མའི་དགེ་འདུན་གྱིས་བྱའོ། །ཞེས་དྲངས་ཀྱང་། མདོ་རྩའི་འགྲེལ་ཆུང་འདི་ཡོན་ཏན་འོད་ཀྱིས་མཛད་པའི་གཞུང་མིན་ཚུལ་མཁས་པ་དུ་མས་གསུངས་ལ། དེར་ཁྲིམས་མི་ཆགས་ཞེས་པ་ནི་ཉེས་མེད་ཀྱི་ཁྲིམས་མི་ཆགས་ཞེས་པའི་དོན་ཏེ། དེ་དང་འགྱུར་ཅུང་མི་འདྲ་བའི་རྒྱ་ཆེར་འགྲེལ་གྱི་རྩ་བའི་དོན་དེ་དེ་ལྟར་སྔ་ཕྱིའི་མཁས་པ་རྣམས་ཀྱིས་བཤད་པར་གོང་དུ་སྨྲོས་པ་བཞིན་ནོ། ། གཞན་ཚིག་ཉོག་དང་བཤད་ཡམས་མང་ཡང་འགའ་རེར་ལན་གདབ་རིན་མེད་པ་དང་ལུང་དོན་གཅིག་མཚུངས་མང་པོ་དྲངས་པ་རྣམས་ལ་ལན་གཅིག་གིས་ཆོག་པར་བྱས་པ་དང་། འགའ་རེ་རང་གི་རྩོམ་ཡིག་ལ་ཞིབ་གཟིགས་མ་གནང་བར་བྲིས་འདུག་པས་འདིར་བསྐྱར་འབྲི་མ་བྱས་སོ།།
མདོར་བསྡུས་ན། མདོར་ན་ཚངས་སྤྱོད་ཉེར་གནས་སྔོན་དུ་མ་སོང་བར་སྡོམ་པ་མི་སྐྱེ་བར་འདོད་པ་བོད་ཀྱི་མཁས་པ་རེ་ཟུང་གིས་བཤད་པ་ལས། གཞན་འདུལ་བ་ལུང་དང་རྒྱ་བོད་ཀྱི་བསྟན་བཅོས་ཧ་ཅང་མང་པོར་ཚངས་སྤྱོད་ཉེར་གནས་སྔོན་དུ་མ་སོང་ནའང་དགེ་སློང་མའི་སྡོམ་པ་སྐྱེ་བར་བཤད་དེ། པཎ་ཆེན་ཤཱཀྱ་མཆོག་ལྡན་གྱིས་འདུལ་བ་མདོའི་དཀའ་གནས་རྣམ་པར་བཤད་པ་ལས། ཕ་ཆོག་རྐྱང་པ་ལ་བརྟེན་ནས་བུད་མེད་བསྙེན་པར་རྫོགས་སུ་རུང་བར་ལུང་ཞུ་བ་ལས་གསུངས་པ་བཞིན་དུ། མདོ་རྩ་བར་གཏན་ལ་ཕབ་པའི་ཕྱིར་ཞེས་གསུངས་པ་བཞིན་དུ་འདུལ་བ་གཞུང་དམ་པའི་བྱེ་བྲག་ལུང་ཞུ་བ་ལས་ཚངས་སྤྱོད་ཉེར་གནས་སྔོན་དུ་མ་སོང་ཡང་དགེ་སློང་མའི་སྡོམ་པ་སྐྱེ་བར་དོན་གྱིས་བསྟན་པ་དང་། དེ་བཞིན་དུ་རྒྱ་གར་གྱི་བསྟན་བཅོས་མདོ་རྩ་འགྲེལ་དང་། སྔ་རབས་པའི་འདུལ་བ་འཛིན་པ་རྨ་ཚོ་བྱང་རྡོར་སོགས་དང་། ས་སྐྱ་བའི་ཀུན་མཁྱེན་མཚོ་སྣ་བ་དང་། པན་ཆེན་ཤཱཀྱ་མཆོག་ལྡན་དང་། སྐྱེད་ཚལ་བ་ཀུན་དགའ་ཆོས་བཟང་དང་། འགྲོ་མགོན་ཆོས་འཕགས་སོགས་དང་། གྲུབ་མཐའ་གང་གཏོགས་གསལ་བོར་རང་གིས་མ་ངེས་པ་ཀུན་མཁྱེན་བུ་སྟོན་དང་། རི་བོ་དགེ་ལྡན་པའི་རྒྱལ་བ་དགེ་འདུན་གྲུབ་དང་། ཀུན་མཁྱེན་འཇམ་དབྱངས་བཞད་པ་དང་། སེ་ར་རྗེ་བཙུན་ཆོས་ཀྱི་རྒྱལ་མཚན་དང་། དུས་རབས་བཅུ་དྲུག་པའི་དཀྱིལ་ཙམ་དུ་འཁྲུངས་པའི་མཁས་པ་ཆེན་པོ་པན་ཆེན་བདེ་ལེགས་ཉི་མ་སོགས་དང་། བཀའ་བརྒྱུད་པའི་རྗེ་ཀརྨ་པ་སྐུ་ཕྲེང་བརྒྱད་པ་མི་བསྐྱོད་རྡོ་རྗེ་སོགས་དང་། རྙིང་མ་པའི་ལོ་ཆེན་དྷརྨ་ཤྲི་སོགས་ཀྱིས་ཚངས་སྤྱོད་ཉེར་གནས་སྔོན་དུ་མ་སོང་ནའང་དགེ་སློང་མའི་སྡོམ་པ་སྐྱེ་བར་བཤད་དོ།།
ཞེས་བོད་ཤིང་འབྲུག་ལོའི་བོད་ཟླ་༧ཚེས་༧ལ་གཞན་གྱི་དོགས་སེལ་དུ་དམིགས་ཏེ་རིག་དར་ནས་བྲིས།
--------མུ་འགོད།