གཟི། རིན་པོ་ཆེ་གཟི་ངོས་ཟིན་པ་ནི་ཡབ་མེས་ཀྱི་ཤེས་རབ་ངོས་ཟིན་པ་ཡིན།

文化   2024-11-19 19:46   四川  

རྩོམ་པ་པོ། ཀིར་སྒར་འཇིགས་མེད།


   ཕོ་གཟི་དང་མོ་གཟིའི་གསར་རྙིང་བརྟག་པ་ནི། སྤྱིར་གཟི་ལ་ཕོ་དང་མོ་གཟི་ཞེས་པར་བཤད་ཚུལ་མི་མཐུན་པ་གསུམ་ཙམ་ཡོད་དེ། དམར་ཚག་ཡོད་པ་ཕོ་གཟི་དང་མེད་པ་མོ་གཟི་ཞེས་དང་། ཡང་གཟི་རྒྱགས་པ་ཕོ་གཟི་དང་གཞན་དག་མོ་གཟི་ཞེས་ངག་རྒྱུན་ལྟར་དང་།། འོན་ཀྱང་༧རྗེ་ཟུར་མཁར་བས་གཟིའི་འཇམ་རྩུབ་ཀྱི་ཆ་ནས་ཕོ་མོའི་ཁྱད་པར་ཕྱེས་འདུག་པ་འདྲ།འདིར་བཤད་པར་བྱ་བ་ནི་ཟུར་མཁར་བ་དང་གཡང་དྲུང་གར་མ་གཉིས་ཀྱི་རིན་པོ་ཆེ་བརྟག་ཐབས་དེ་ཅུང་སྤྲོས་པའི་ཚུལ་དུ་བརྗོད་པར་བྱ།དེ་ཉིད་ལས། དེ་ལ་དང་པོ་གཟི་བརྟག་པ་བསྟན་པ་ལ་གཉིས་ཏེ། ཕོ་གཟི་མོ་གཟི་བསྟན་པའོ།། ཞེས་རྩ་བའི་ཆ་ནས་རིགས་གཉིས་སུ་བཀལ་ཡོད།



   གཅིག སྤྱིར་དུ་ན་རྡོ་སྲ་ཞིང་རྩུབ་ན་རྙིང་བ་ཡིན། ཞེས་གསུངས་པ་ནི་གཟི་རྙིང་ཡོད་དོ་ཅོག་གི་རྡོ་རྒྱུ་སྲ་ཞིང་རྩུབ་དགོས་པ་བསྟན་པ་མིན་པར་ཕོ་གཟིའི་རིགས་དག་གི་ཁྱད་ཆོས་ཤིག་བསྟན་ཡོད་དམ་སྙམ་སྟེ་གཟི་རྙིང་ལས་རྡོ་རྒྱུ་རྙི་ལ་འཇམ་པའང་ཡོད།


   གཉིས། རི་མོ་ཤ་མཚམས་ཕྱེད་པ་བསྐྱེད་པ་ན་སྣུམ་ཞིང་དྭངས་ཆ་ཆེ་ན་རྙིང་པ་ཡིན། ཞེས་གསུངས་པ་ནི་རི་མོ་དཀར་ནག་སོགས་ཀྱི་མཚམས་ཕྱེད་ཅིང་རྒྱང་བསྐྱེད་པ་ན་སྣུམ་ཞིང་རྡོ་རྒྱུ་ལ་དྭངས་ཆ་ཆེ་བ་སྟེ་འདི་ནི་མོ་གཟི་རྙིང་བའི་ཁྱད་ཆོས་ཞིག་ཏེ་གཟི་ཕལ་མོ་ཆེ་ལ་དྭངས་ཆ་མེད།


   གསུམ། ལག་པའི་འོག་མགུལ་ཁོག་ལ་འཇུས་པ་བཞིན་ཁྲོ་གཉེར་ཤིག་གེ་འོང་། ཞེས་གསུངས་པ་ནི་ཕོ་གཟི་དག་ལ་ལག་པས་རེག་པ་ན་གཉེར་རིས་སམ་གཟི་འབྲུམ་ཤིག་གེ་འོང་བ་སྟེ་རྩུབ་པའོ།།


   བཞི། གཟི་ཉག་ལ་རྟའི་རྨིག་པ་འདྲ་ན་རྙིང་པ་ཡིན། ཞེས་གསུངས་པ་ནི། གཟིའི་རིགས་ལས་ཆུ་མིག་ཕབ་པས་རྐྱེན་ནམ་གང་ལྟར་ཀྱང་ཉག་ག་ཆུ་མིག་མཐར་འཁོར་བ་རྟའི་རྨིག་པ་དང་འདྲ་བ་ལག་པའི་མྱོང་ན་འདུག་པས་དེ་ལྟར་གསུངས་སྙམ་ཡང་ད་སྐབས་གཟི་འབྲུམ་ལ་རྟའི་རྨིག་པ་འདྲ་བར་བཤད་པ་ནི་མ་བརྟག་པར་རྒྱ་མི་ཚོ་ལ་བོད་ཞིག་གིས་གཟི་འབྲུམ་ལ་རྟའི་རྨིག་པ་འདྲ་བར་བཤད་པ་དེ་མ་དག་རྒྱུན་གནས་སུ་གྱུར་བ་རེད་འདོད།


   ལྔ། ཉའི་རྒྱབ་འདྲ་ན་རྙིང་པ་ཡིན། ཞེས་གསུངས་པ་ནི་ཕོ་གཟིའི་རིགས་དག་ནི་བལྟས་ནའང་ཉའི་རྒྱབ་ཀྱི་ཉག་ཤུལ་ལྟར་གཟི་འབྲུམ་མམ་ཉག་བུག་མང་པས་ཉའི་རྒྱབ་དང་ཧ་ཅང་འདྲ་བས་སོ།།


   དྲུག སྦྲུལ་གྱི་རྒྱབ་འདྲ་ན་རྙིང་པ་ཡིན། ཞེས་པ་ནི་མོ་གཟིའི་རིགས་ནི་བལྟས་ཚོད་ལ་གཟི་འབྲུམ་འདུག་པ་ལྟར་མཐོང་ཡང་རེག་ན་འཇམ་པ་སྦྲུལ་གྱི་རྒྱབ་འདྲ་བས་སོ།།


   བདུན། ཕོ་གཟི་མོ་གཟི་གང་ལྟར་ཀྱང་ཆག་པའི་སྟེང་འཇམ་ན་རྙིང་པ་ཡིན། ཆག་དུས་ཁ་རྣོ་ཡང་ལག་པའི་འོག་ཏུ་འཇམ་ན་རྙིང་པ་ཡིན། ཞེས་པ་ནི་ཐུན་མོང་དུ་བཤད་པའོ།།


   བརྒྱད། རི་མོ་གཏིང་ལ་ཐིམ་པ་འདྲ་ན་རྙིང་པ་ཡིན། ཞེས་པ་ནི་མོ་གཟིའི་རིགས་ལ་བཤད་པར་འདོད་དེ། སྦྲུལ་གྱི་རྒྱབ་འདྲ་བའི་གཟི་རིས་དག་ནི་རི་མོ་གཟི་རྡོ་ལ་སིམ་ནས་ཡོད་པ་ལྟར་རོ།།


   དགུ། དམར་མདངས་མིག་དམར་འདུག་ན་རྙིང་པ་ཡིན། ཞེས་པ་ནི་གཟི་ཁམས་ཁྲ་དག་ནི་དམར་མདངས་ཆེ་ལ་ཆུ་མིག་གི་ནང་དམར་ན་རྙིང་པ་ཡིན་ཞེས་པའོ།།


   བཅུ། དེ་ཚོ་མ་ཤེས་ན་བྱེ་མའི་ནང་དུ་སྒྲིལ་བས་མགྱོགས་ན་རྙིང་པ་ཡིན། གཟི་གསར་རྙིང་གི་ཁྱད་པར་ཆེས་སླ་མོ་ནི་གཟི་བྱེ་མའི་ནང་དུ་མཉམ་དུ་སྒྲིལ་ན་གཟི་རྙིང་ནི་བྱེ་མའི་ནང་དུ་སྒྲིལ་ན་མགྱོགས་པར་གསུངས་ཡོད། གཟི་གསར་རྙིང་དབྱེ་འབྱེད་ཀྱི་མཐའ་སྡོམ་ཆེས་སླ་མོ་འདི་འདྲ་བཞག་ཚར་ནའང་གསུངས་འདི་ཕར་བཞག་ནས་ཡིན་མདོག་གི་བཤད་མཁན་ཇེ་མང་དུ་འདུག་པ་ནི་མཚར་རོ།།



མོ་གཟིའི་ཐུན་མིན་གྱི་ཁྱད་ཆོས་བརྗོད་པ་ནི།


   བཅུ་གཅིག མོ་གཟི་ལ་མཆེ་བ་འདྲ་ཞིང་གཏུད་ན་སྣུམ་ལ་གཟི་ཉག་ཉུང་དཀར་ཙམ་པ་འོང་། ཞེས་གསུངས་པ་ནི་མོ་གཟིའི་རིགས་ལ་སོ་ཡིས་དྲུད་ན་སྣུམ་ལ་གཏུད་ན་གཟི་ལ་ཉག་ག་ཅུང་ཙམ་དོད་འོང་ཞེས་རྡོ་རྒྱུ་ཅུང་སྙི་བར་བསྟན་འདུག་པས་གཟི་ཡི་བཟང་ངན་རྡོ་ཡི་སྲ་ཚད་ལ་བཤད་པའང་བསམ་བློ་གཏོང་དགོས་པའི་གནད་ཞིག་རེད།


   བཅུ་གཉིས། རྙིང་པ་ཡིན་ཡང་རི་མོ་ལྕམ་བཀྲུས་སུ་འདུག་ན་ནོར་མ་ཡིན་ཏེ་རཏྣ་ཙམ་གཟིའོ།། གཟི་རྙིང་པ་ཡིན་ཡང་རི་མོ་ཡལ་བའམ་དག་ཟིན་ན་གཟི་ཡིན་པ་ལས་ནོར་བུ་མ་ཡིན་ཞེས་པའོ།།


   བཅུ་གསུམ། གཟི་རྡོ་གཡུ་འདྲ་བ་འདུག་ན་བཟང་པོ་ཡིན། ཞེས་གསུངས་པ་ནི་གཟི་དག་ལས་རྡོ་རྒྱུ་གཡུ་འདྲ་བ་ཅུང་ཟད་འཐིམ་པའི་རིགས་བཟང་པོ་ཡིན་ཞེས་པའོ།།


   བཅུ་བཞི། དེ་ལ་སྤུ་རིས་གསུམ་ཙམ་འདུག་ན་གཡུ་བས་དགའ། ཞེས་གསུངས་པ་ནི་གཟི་རིས་ལ་གཡུ་རིས་དང་། སྤུ་རིས། ནག་རིས་ཞེས་གསུམ་དགར་ནས། སྤུ་རིས་ཞེས་པ་ནི་དཀར་པོའི་ཆ་ལ་གོ་འགྱུར་ལ། དཀར་ཆ་དེའི་སྟེང་དུ་སྤུ་རིས་མི་འདྲ་བ་གསུམ་ཙམ་འདུག་ན་རྡོ་རྒྱུ་གཡུ་འདྲ་བ་དག་ལས་ཀྱང་དགའ་བ་སྟེ་བཟང་ཞེས་པའི་དོན་ནོ།། འདི་ནི་འགྱུར་གཟིའི་རིགས་མ་གཏོགས་མཐོང་རྒྱུ་མེད་སྙམ།


   བཅོ་ལྔ། སྤྱིར་སྤུ་རིས་གསུམ་ལ་ཉའི་ལྟོ་བ་འདྲ་ན་མི་བཏུབ་བོ།། ཞེས་གསུངས་པ་ནི་སྤུ་རིས་དང་ལྡན་པ་ལ་ཉའི་ལྟོ་བ་ལྟར་དཀར་འཇམ་ལྡན་པའི་གཟི་ནི་གཞན་གྱིས་མི་བཏུབ་པ་སྟེ་འགྲན་ཟླ་དང་བྲལ་བའོ་ཞེས་པ་ཡིན།གཟི་ཕན་ནུས་དང་རིན་ཐང་བརྗོད་པ་ནི།


   བཅུ་དྲུག གསར་པའི་མིག་ལ་ཐེམ་པའོ།། རྙིང་པའི་མིག་བཟང་ཐལ་དུ་འོང་། ཞེས་གཟི་གསར་པ་མིག་ནད་ཅན་གྱི་མིག་ལ་ཕུར་ན་གནོད་ཅིང་གཟི་རྙིང་གིས་ཕན་ཞེས་པའོ།།


   བཅུ་བདུན། མཉམ་པོ་ལ་ལྗིད་འབུན་ཐང་གི་ཆེའོ།ཞེས་པ་ནི་གཟི་གསར་ལས་གཟི་རྙིང་ཧ་ཅང་གི་རིན་ཐང་ཆེ་ཞེས་པའི་དོན་ནོ།།


   བཅོ་བརྒྱད། སྤྱིར་གཟི་རྙིང་པ་དང་མིག་འདྲེས་པ་གལ་ཆེའོ།ཞེས་པ་ནི་མཐའ་སྡོམ་ཏེ། གོང་དུ་གསུངས་པའི་གཟི་རྙིང་གི་ཁྱད་ཆོས་དག་བློར་ངེས་པ་ཙམ་མ་ཡིན་པ་མིག་གིས་ཡང་ཡང་བལྟས་ཏེ་མིག་གིས་བལྟས་པ་ཙམ་གྱིས་ཤེས་ཐུབ་པ་ཞིག་ཡོད་ན་གཟི་གསར་དག་འདྲ་བཟོ་ག་འདྲ་བྱས་ཀྱང་སོ་སོར་མ་འདྲེས་པར་རྟོགས་ཐུབ་ཞེས་པའོ།  སྐབས་འདིར་གཡང་དྲུང་གར་མའི་གསུངས་ལས། རི་མོ་ཁ་རྒྱུག་གཡེང་ན་བཟང་།། བུག་རིས་ཅན་ལ་བཤད་པ་མིན།། གཟི་རྡོ་མཆོང་རིས་ཡོད་ན་བཟང་།། ཞེས་པ་ནི་ཕོ་གཟིའི་རིགས་ལས་རི་མོ་ཅི་ཙམ་གཟི་རྡོའི་ཁ་རུ་གཡེང་འདུག་པ་བཟང་པོར་བཤད་པ་ཡིན་གྱི་བུག་རིས་ཅན་ནམ་མཆོང་རིས་ཅན་ཏེ་མོ་གཟིའི་རིགས་ལ་བཤད་པ་མིན་ཏེ་སྤྱིར་གཟི་རྡོ་ལ་མཆོང་རིས་ཡོད་ན་ལྷག་ཏུ་བཟང་ཞེས་པའོ།།གཞན་ཡང་། གཟི་རྡོ་ཅི་ཙམ་འཐིབ་ན་བཟང་།། ཆུ་གཟིའི་རིགས་ལ་བཤད་པ་མིན།། ཞེས་པ་ནི་ཕོ་གཟི་དག་ལས་གཟི་རྡོ་ཅི་ཙམ་འཐིབ་ན་བཟང་མོད་འོན་ཀྱང་ཆུ་གཟི་ནི་མ་གཞི་ནས་ཁམས་དྭངས་པས་དེའི་རིགས་ལ་བཤད་པ་མ་ཡིན་ནོ།།   ཞེས་སྔོན་བྱོན་གྱི་མཁས་པ་ཚོས་འདི་ལྟར་གསལ་པར་གསུངས་ཟིན་ནའང་ང་ཚོ་བོད་ཀྱི་གཟི་བདག་དང་མནའ་དཔྱོད་པ་ཚོས་དེ་དག་ཕར་གཡུག་ཏེ་རྒྱ་མི་ཚོས་བོད་ཀྱི་ངག་རྒྱུན་དག་མ་དག་ལ་གཞི་བཅོལ་བའི་བམ་བཤད་དག་གི་རྗེས་སུ་རྒྱུགས་པ་ནི་ངོ་ཚ་འབའ་ཞིག་གོ།



   སྐབས་འདིར་མཐའ་ཅུང་ཙམ་མ་དཔྱད་ན་འགྲིག་མི་འདུག དེང་གི་སྐབས་སུ་གཟི་ཞེས་བྱ་བའི་རིན་པོ་ཆེ་འདི་ལ་རྒྱལ་ཕྱི་ནང་མང་པོ་ནས་གདེང་འཇོག་ཐོབ་པ་མ་ཟད་རྒྱལ་ཁབ་གང་མང་གི་ཡིག་ལམ་ནས་དཔྱད་བརྗོད་ངག་འཁྱེར་མ་བྲིས་ཤིང་འབྱོར་ལྡན་པ་དང་མིང་གྲགས་ཅན་མང་པོས་ཀྱང་གནའ་རྫས་ཀྱི་རིགས་དངོས་རྩ་ཆེན་དུ་བརྩིས་ཏེ་རྒྱན་ཆ་དང་ཉར་ཚགས་ཀྱི་ལམ་ཁར་བསྙེགས་པའི་གོ་རིམ་ཁྲོད་ནས་བོད་ཀྱི་གནའ་དཔྱོད་པར་རློམ་པ་འགས་སྔོན་བྱོན་བོད་ཀྱི་བཟོ་རིགས་ལག་ལེན་ཁྲོད་ནས་མཐར་ཕྱིན་པའི་དམ་པ་དག་གི་གདམ་ངག་རིང་དུ་དོར་ཏེ་ཚོང་བ་ཚོའི་དགོས་མཁོ་ལ་ཕར་བསྟུན་ཐབས་ཀྱི་བོད་ཀྱི་གཟི་རྙིང་མང་དག་ཅིག་གི་ལམ་བུ་བཀག་ཚར་ཡོད་དེ། དཔེར་ན།རིན་པོ་ཆེ་གཟི་ཞེས་ལོགས་སུ་བགར་ནས་མཚོ་གཟི་དང་།གངས་གཟི།ཆུ་གཟི་ཞེས་ཕལ་བར་བསྙད་པ་ནི་ངོ་ཚ་ཆེན་པོ་སྟེ།གཟི་རྒྱུ་མི་གཅིག་སྣ་དགུ་ཡོད།།ཞེས་དང་།ལྕི་ལ་སྙི་ཞིང་ལ་དྲིལ་འདྲ་ན་བཟང་།།ཞེས་དང་།སྤུ་རིས་གསུམ་ཙམ་འདུག་ན་གཡུ་བས་དགའ།ཞེས་གཟིའི་བཟང་ངན་སྲ་སྙིའི་ཆ་སོགས་ནས་མིན་པར་བསྟན་པ་མ་ཟད།འདི་ནི་ཆུ་ལས་བྱུང་བའི་རིན་པོ་ཆེ།།ཞེས་སོགས་གསུངས་ཡོད།གཙོ་བོ་གཟི་རིན་ཐང་ཆེ་ཤོས་ཏེ་གཟི་རིས་ཀྱི་ནང་དོན་ཕུན་སུམ་ཚོགས་མིན་དང་བཟོ་རྩལ་ངོ་མཚར་བ་ཡོད་མེད་དང་།ཕན་ནུས་ཁྱད་པར་བ་ཡོད་མེད་ལ་རེག་ལས་ཡོད་ཀི་འདོད།གལ་སྲིད་དེ་ལྟ་བུའི་གཟི་ཞིག་ཡོད་སྲིད་ན་དེ་དུས་བོད་ཀྱི་གཟི་ནི་འཛམ་གླིང་གི་ནོར་བུའི་ཡང་རྩེ་ཡིན་པ་བདེན་པ་ར་འཕྲོད་པས་གཟི་ནི་རྒྱལ་སྤྱིའི་རང་བཞིན་ཅན་གྱི་རིགས་དངོས་རྩ་ཆེ་ཤོས་ཞིག་ཡིན་པའང་སུ་ཡིས་ཁས་མི་ལེན།



   དེས་ན་སྤྱིར་གཟི་ལ་བཟང་ངན་ཁ་དོག་དང་སྲ་སྙིའི་ལམ་ནས་འབྱེད་པ་ནི་མ་བརྟག་པ་ཆེན་པོ་ཡིན་པ་ནི་གཟི་གསར་སོགས་ཀྱིས་ར་འཕྲོད་པས་གཙོ་བོ་གཟི་ཡི་ཕན་ནུས་དང་གསང་བའི་བཟོ་རྩལ་ངོ་མཚར་བའི་རྟགས་མཚན་བཅས་ཀྱི་སྒོ་ནས་རྣམ་པར་རྒྱལ་བ་ནི་ཡིད་བཞིན་གྱི་ནོར་བུ་དངོས་དེ་ཡིན་པ་ལ་སུ་ཡིས་རྒོལ་མི་ནུས་པ་མ་ཟད་ང་ཚོས་ནམ་རྒྱུན་གླེང་བའི་ལོ་རྒྱུས་ཀྱི་རིན་ཐང་། རིགས་དངོས་ཀྱི་རིན་ཐང་། ཉར་ཚགས་ཀྱི་རིན་ཐང་། ལ་རྒྱ་ཡི་རིན་ཐང་སོགས་བརྗོད་མི་དགོས་བསྒྲགས་མི་དགོས་པར་ལྷུན་གྱིས་འགྲུབ་པས་དོན་ངོ་མའི་བོད་ཀྱི་གཟི་རིན་ཐང་ཞིག་འཚོལ་དགོས་པ་ལས་ངག་རྒྱུན་གྱི་སྒྲུང་ལ་ཉན་ཏེ་བསྡད་ན་གཟི་ཡི་རིན་ཐང་ནི་ནམ་ཡང་ལྷ་སྒྲུང་ལས་འདུག་པ་ལས་འཛམ་གླིང་གི་འགྲོ་བ་མིའི་བློ་གྲོས་ཀྱི་རིགས་རྩལ་ཀྱི་གྲལ་དང་ཕྱག་གྱེས་པ་ལས་མ་འདས་པས་སུ་ལ་གཟི་དག་མ་ཞིག་ཡོད་ན་དོན་དངོས་ཀྱི་རིན་ཐང་དེ་འཚོལ་བའི་དུས་ཚོད་ལ་སླེབ་ནས་ཡོད། དེ་ལྟར་བརྟག་ཅིང་དཔྱད་ན་གཟི་རྙིང་དག་གི་ནང་དུའང་རབ་འབྲིང་ཐ་གསུམ་གྱི་རིགས་དབྱེ་མང་པོ་ཞིག་སླེབས་ངེས་ནའང་སྤྱིའི་ཆ་ནས་བོད་ཀྱི་གཟི་ནི་སྨྲ་བསམ་བརྗོད་འདས་ཀྱི་འཛམ་གླིང་མཛེས་རྒྱན་གྱི་རིགས་པའི་དཔལ་ཡོན་ཞིག་ཡིན་པའི་བདེན་དབང་དང་ཡིད་ཆེས་བླ་མེད་ཡོད།


岭子藏文网站
ང་ཚོ་མཉམ་དུ་འཛོམས་པ་ནི། ལས་དབང་ཞིག་ཅི་ལ་མིན་ཨང་།
 最新文章