ཝང་ཅུན་ཀྲེང་གིས་སྐུ་འབུམ་ཐང་ཕྱོགས་བསྡུས་ཞིང་ཟོག་ཁྲོམ་རར་ཤིང་ཏོག་གི་ཚོང་ཇི་འདྲ་ཡོད་མེད་མཁྱེན་རྟོགས་གནང་བཞིན་པ།
ཉེ་ཆར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་ལྷ་ས་གྲོང་ཁྱེར་གྱི་དུས་ཆེན་གོང་གི་ཁྲོམ་རའི་མཁོ་སྤྲོད་དང་། དྲོད་དང་གློག་མཁོ་འདོན་འགན་ལེན། བདེ་འཇགས་ཐོན་སྐྱེད་སོགས་ཀྱི་ལས་དོན་ལ་ཞིབ་བཤེར་མཛུབ་ཁྲིད་གནང་བ་དང་། གཞི་རིམ་གྱི་འཐབ་ས་དང་པོའི་ལས་དོན་མི་སྣར་འཚམས་འདྲི་གནང་བ། ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་མང་ཚོགས་ལ་ལོ་གསར་གྱི་སྨོན་འདུན་བཟང་པོ་ཞུས་གནང་བ་རེད།
ཝང་ཅུན་ཀྲེང་གིས་སྐུ་འབུམ་ཐང་ཕྱོགས་བསྡུས་ཞིང་ཟོག་ཁྲོམ་རར་སྔོ་ཚལ་གྱི་ཚོང་ཇི་འདྲ་ཡོད་མེད་མཁྱེན་རྟོགས་གནང་བཞིན་པ།
ཁོང་གིས་ནན་བཤད་གནང་དོན། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས་བྱས་ཏེ་ནུས་ཤུགས་ཡོད་རྒུས་འཛད་སྤྱོད་ལ་སྐུལ་འདེད་དང་། མཁོ་སྤྲོད་བརྟན་གཏོང་། བདེ་འཇགས་ལ་འགན་ལེན་བཅས་བྱས་ཏེ་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་བདེ་འཇགས་དང་འཆམ་མཐུན་གྱི་དུས་ཆེན་ཞིག་གཏོང་ཐུབ་པར་འགན་ལེན་བྱེད་དགོས།
ཝང་ཅུན་ཀྲེང་གིས་ཧྲེན་ལི་དུས་རབས་ཚོང་རར་འཛད་སྤྱོད་གནས་ཚུལ་གྱི་ངོ་སྤྲོད་གསན་བཞིན་པ།
བརྟག་ཞིབ་གནང་རིང་ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། དུས་དང་རྣམ་པ་ཀུན་ཏུ་བདེ་འཇགས་ཐོན་སྐྱེད་ཀྱི་རྩ་བ་དེ་དམ་པོར་འཛིན་དགོས་ཤིང་། ཉེན་བརྡ་རྒྱུན་སྒྲོག་དང་རྒྱུན་དུ་དོགས་ཟོན་བྱ་རྒྱུ་མཐའ་འཁྱོངས་ཀྱིས་བདེ་འཇགས་ཐོན་སྐྱེད་ཀྱི་འགན་འཁྲི་སྔར་བས་དོན་འཁྱོལ་དང་། སྡེ་ཚན་གྱི་ལྟ་འདོམས་འགན་འཁྲི་དང་ཁེ་ལས་ཀྱི་བྱེད་པོའི་འགན་འཁྲི་ནན་དཀྲིས། ལྷོད་གཡེང་དང་སྟེས་དབང་གི་བསམ་བློ་མཐའ་གཅིག་ཏུ་སེལ་བ་བཅས་བྱས་ནས། གཙོ་གནད་ལས་རིགས་ཁྱབ་ཁོངས་དང་། གཙོ་གནད་ས་ཆ། གཙོ་གནད་ལྷུ་ཚིགས་བཅས་ལ་དམིགས་ཏེ། བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་སྣ་ཚོགས་ལ་གྲལ་བཤེར་བཅོས་སྒྲིག་གཏིང་ཟབ་བྱས་ནས་བདེ་འཇགས་ཀྱི་མཐའ་ཚད་བརྟན་པོར་སྲུང་དགོས། སྤྱི་པའི་བདེ་འཇགས་ལས་དོན་ལ་ཤུགས་སྣོན་རྒྱག་དགོས་ཤིང་། ཚན་རྩལ་ལ་བརྟེན་ནས་ཉེན་རྟོག་སྟོབས་ཤུགས་དང་འཐབ་འཛིང་ནུས་ཤུགས་ཆེ་རུ་བཏང་སྟེ་བདེ་འཇགས་ལྟ་འདོམས་ཆ་འཕྲིན་ཅན་འཛུགས་སྐྱོང་བྱེད་མགྱོགས་སུ་གཏོང་བ་དང་། ཚན་རིག་དང་མཐུན་ལ་གནད་ལ་འཁེལ་བའི་སྤྱི་པའི་བདེ་འཇགས་སྔོན་འགོག་ཚོད་འཛིན་དྲ་རྒྱ་ཧུར་ཐག་འཛུགས་པ། བདེ་འཇགས་ཀྱི་འགོག་ཟོན་ཤེས་བྱ་ཁྱབ་གདལ་ཤུགས་ཆེན་གཏོང་བ། གནོད་འཚེ་སྔོན་འགོག་དང་གནོད་འཚེ་ལས་གཡོལ་བའི་ནུས་པ་ཆེ་རུ་གཏོང་བ་བཅས་བྱས་ནས་སྤྱི་ཚོགས་ཡོངས་ཀྱི་སྤྱི་པའི་བདེ་འཇགས་འདུ་ཤེས་ཟབ་ཏུ་གཏོང་དགོས། མི་དམངས་གོང་དུ་བཀུར་བའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས་བྱེད་དགོས་ཤིང་། འགོ་ཁྲིད་ལས་བྱེད་པས་སྣེ་ཁྲིད་དེ་མིག་དཔེ་བསྟན་ནས་འཐབ་ས་དང་པོར་སྐྱོད་པ་དང་། མདུན་ཕྱོགས་ནས་བཀོད་འདོམས་བྱེད་པ། མཐུན་སྦྱོར་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ཏེ་མཐའ་ཚད་སྲུང་བ་དང་། ཉེན་ཁ་སྔོན་འགོག བདེ་འཇགས་འགན་ལེན་བཅས་ཀྱི་ཆབ་སྲིད་འགན་འཁྲི་མཐའ་གཅིག་ཏུ་འཁུར་བ་དང་། འཕྲལ་སྡོམ་ལས་རེས་ལམ་ལུགས་དོན་འཁྱོལ་ནན་པོ། ཆ་འཕྲིན་སྙན་ཞུའི་ལམ་ལུགས་དོན་འཁྱོལ་ནན་ཏན་བཅས་བྱས་ནས་འགན་འཁྲི་ལས་གནས་དང་མི་ལ་དཀྲི་བ་དང་། ཆ་འཕྲིན་དུས་ཐོག་དང་གནད་ལ་འཁེལ་པོས་སྤེལ་བ། འཕྲལ་སྡོམ་ཐག་གཅོད་མགྱོགས་མྱུར་དང་ནུས་ལྡན་བཅས་ཡོང་བ་བྱེད་དགོས། དམངས་འཚོའི་མཁོ་སྤྲོད་འགན་ལེན་གྱི་འཕྲལ་སྡོམ་སྔོན་ཇུས་ཡག་པོ་བཟོ་དགོས་ཤིང་། སྤྱི་པའི་ཞབས་ཞུའི་སྒྲིག་གཞིས་སྔོན་ལ་ཇུས་འགོད་དང་། ཚན་རིག་དང་མཐུན་པའི་བརྡར་གཅོད། སྟོབས་ཤུགས་ལ་སྤྱི་འདོམས། བཀོད་གཏོང་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ནས་ཆུ་དང་། གློག སོལ་རླངས་བཅས་མཁོ་འདོན་བརྟན་པོ་ཡོང་བར་འགན་ལེན་བྱེད་དགོས། ཁྲོམ་ར་ལྟ་འདོམས་སྡེ་ཚན་གྱིས་ཁྲོམ་རའི་འཁོར་སྐྱོད་ལ་ལྟ་ཞིབ་ཚད་ལེན་བྱེད་ཤུགས་ཆེ་རུ་གཏོང་བ་དང་། རྒྱུན་གཏན་མིན་པའི་རིན་གོང་འཕར་ཆག་ལ་ཁ་གཏད་ཡག་པོ་གཅོག་པ། ཟོག་གོང་ཧམ་སྤོར་དང་རིན་གོང་སྒེར་སྡེམ་སོགས་ཁྲིམས་འགལ་སྒྲིག་འགལ་གྱི་བྱེད་སྤྱོད་ལ་ཁྲིམས་ལྟར་རྡུང་རྡེག་ཚ་ནན་གཏོང་བ། ཁྲོམ་རའི་དངོས་ཟོག་འདང་ངེས་དང་། རིན་གོང་བརྟན་པོ། མཁོ་སྤྲོད་དུས་ཐོག་བཅས་ཡོང་བའི་འགན་ལེན། དེ་བས་དངོས་སྒྲུབ་ཀྱི་བྱ་ཐབས་ལ་བརྟེན་ནས་གྲོང་མིའི་འཚོ་བའི་དགོས་མཁོར་འགན་ལེན་བཅས་བྱས་ནས་བདེ་འཇགས་དང་འཆམ་མཐུན་གྱི་དུས་ཆེན་རྣམ་པ་གཏོད་དགོས།
ཝང་ཅུན་ཀྲེང་གིས་རྒྱལ་ཁབ་གློག་དྲ་ལྷ་ས་གློག་གཏོང་ཀུང་སི་གྲོང་ཁུལ་གློག་གཏོང་ཞབས་ཞུ་ལྟེ་གནས་སུ་གློག་ཤུགས་མཁོ་སྤྲོད་བརྟན་པོ་འགན་ལེན་བྱས་ཚུལ་ལ་མཁྱེན་རྟོགས་ཞིབ་ཕྲ་གནང་བཞིན་པ།