2025ལོའི་ཟླ་1ཚེས་7ཉིན་གྱི་ཆུ་ཚོད་09དང་སྐར་མ་05ཙམ་ལ། བོད་ལྗོངས་གཞིས་རྩེ་གྲོང་ཁྱེར་དིང་རི་རྫོང་མཚོ་སྒང་ཤང་གི་ཉེ་འཁོར་དུ(ཤར་གྱི་གཞུང་ཐིག་ཏུའུ་87.45དང་བྱང་གི་འཕྲེད་ཐིག་ཏུའུ་28.50ཡིན་པ)ས་ཡོམ་རིམ་པ་6.8བརྒྱབ་པ་དང་ཡོམ་ཁུངས་ཀྱི་གཏིང་ཚད་སྤྱི་ལེ་10ཟིན་ཡོད་པ་རེད།
ཟླ་1ཚེས་7ཉིན་གྱི་ཆུ་ཚོད་19པའི་བར། ས་ཡོམ་ནང་ཁྱོན་མི་126རྐྱེན་ལམ་དུ་ཤོར་བ་དང་། ཁང་པ་3609ལོག་པ། མི་188ལ་ཚད་གཞི་མི་འདྲ་བའི་རྨས་སྐྱོན་ཕོག་པའི་ནང་རྨས་མ་ཚབས་ཆེན་28གྲོང་ཁྱེར་མི་དམངས་སྨན་ཁང་དུ་བསྐྱལ་ནས་སྐྱོབ་བཅོས་བྱེད་བཞིན་ཡོད་པ་རེད།
ད་ཐེངས་ས་ཡོམ་བརྒྱབ་རྗེས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཚད་མཐོའི་མཐོང་ཆེན་གནང་བ་དང་འབྲེལ་མཛུབ་སྟོན་གལ་ཆེན་གནང་བ་དང་། ཙུང་ལི་ལི་ཆང་གིས་མཆན་བཀོད་མཛུབ་སྟོན་གནང་བ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཀྲང་གོ་ཆིང་གིས་འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་བློ་མཐུན་གྱི་སྣེ་ཁྲིད་དེ་ས་ཡུལ་དངོས་སུ་རོགས་སྐྱོབ་བཀོད་སྒྲིག་ལས་དོན་ལ་མཛུབ་ཁྲིད་གནང་བར་ཕེབས་པ་རེད། རང་སྐྱོང་ལྗོངས་ཀྱིས་འཕྲལ་དུ་ཡོམ་འགོག་གེགས་སེལ་གྱི་འཕྲལ་སྡོམ་རིམ་པ་གཉིས་པ་བྱེད་འགོ་བཙུགས་པ་དང་མིག་སྔར་འཕྲལ་སྡོམ་རིམ་པ་དང་པོར་སྤར་བ་རེད། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་དང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་གཞིས་རྩེ་གྲོང་ཨུད་ཀྱི་ཧྲུའུ་ཅི་ཟླ་བ་ཚེ་རིང་འཕྲལ་དུ་ཡོམ་ལྟེར་ཕེབས་ཏེ་ས་ཡུལ་དངོས་སུ་རོགས་སྐྱོབ་ལས་དོན་ལ་བཀོད་འདོམས་གནང་བཞིན་ཡོད། གཞིས་རྩེ་གྲོང་ཁྱེར་གྱིས་འཕྲལ་མར་ཡོམ་འགོག་གེགས་སེལ་གྱི་འཕྲལ་སྡོམ་རིམ་པ་དང་པོ་བྱེད་འགོ་བཙུགས་ནས་ལས་དོན་ཚོགས་ཆུང་མངགས་ཏེ་ཡོམ་ལྟེར་གེགས་སེལ་ལས་དོན་སྤེལ་བཞིན་ཡོད་པ་རེད།
མིག་སྔར། རིམ་ཁག་འཕྲལ་སྡོམ་རོགས་སྐྱོབ་དང་། མེ་ཟོན་རོགས་སྐྱོབ། ནགས་ཚལ་མེ་ཟོན། སྤྱི་བདེའི་ལས་བྱེད་ཉེན་རྟོག དཔུང་སྡེའི་དཔོན་དམག དེ་བཞིན་སྤྱི་ཚོགས་ཀྱི་འཕྲལ་སྡོམ་རོགས་སྐྱོབ་མི་སྣ་བཅས་མི་ཁྲི་1.2ལྷག་ཙམ་གྱིས་ནུས་ཤུགས་ཡོད་རྒུས་མི་སྣ་འཚོལ་སྐྱོབ་ཀྱི་ལས་དོན་སྤེལ་བཞིན་ཡོད་ཅིང་། ཁོང་ཚོས་ཉེན་ཁར་གྱར་བའི་མང་ཚོགས་407བསྐྱབས་པ་དང་། གནས་སྤོ་བཀོད་སྒྲིག་བྱ་ཡུལ་14བཙུགས་ནས་གནོད་འཚེ་ཕོག་པའི་མང་ཚོགས་ཁྲི་3.04ལྷག་ཙམ་གནས་སྤོ་བཀོད་སྒྲིག་བྱས་པ་རེད། ལྗོངས་དང་། གྲོང་ཁྱེར་། རྫོང་བཅས་རིམ་པ་གསུམ་གྱིས་སྨན་བཅོས་རོགས་སྐྱོབ་དཔུང་ཁག་ཁྱོན་24ཡི་མི་568དང་མྱུར་སྐྱོབ་རླངས་འཁོར་106མངགས་ནས་སྐྱེལ་འདྲེན་སྐྱོབ་བཅོས་ལས་དོན་སྤེལ་བཞིན་ཡོད་པ་དང་། རྨས་མ་ཚང་མ་སྨན་ཁང་དུ་ཉར་ནས་སྨན་བཅོས་བྱེད་བཞིན་ཡོད་པ་རེད། གེགས་ཁུལ་དུ་འཕྲལ་དུ་མཁོ་བའི་གུར་དང་། ལྟེབ་ཁྲི། ཉལ་ཁྲི སྲིང་བལ་ཉལ་ཆས། ཀམ་པ་ལི། གྲང་འགོག་ལྭ་རིང་། ལྷམ། དྲོད་ལེན་ཡོ་ཆས། གློག་འདོན་འཕྲུལ་འཁོར། ཐབ། འཕྲལ་སྡོམ་གློག་སྒྲོན་བཅས་དང་དེ་བཞིན་གཏེར་ཆུ་དང་སྟབས་བདེའི་ཐུག་པ་སོགས་མཁོ་ཆས་ཁྱོན་ཁྲི་17ལྷག་ཙམ་གེགས་ཁུལ་དུ་བསྐྱལ་ནས་གནོད་འཚེ་ཕོག་པའི་མང་ཚོགས་ཀྱི་གཞི་རྩའི་འཚོ་བར་ནུས་ཤུགས་ཡོད་རྒུས་འགན་ལེན་བྱེད་བཞིན་ཡོད་པ་རེད། མིག་སྔའི་བར། ས་ཡོམ་བརྒྱབ་ནས་ལུག་པའི་ལམ་ཚང་མ་ཤར་གཏོང་ཐུབ་ཡོད་པ་རེད།